ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《  ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དེབ་བཞི་བར་སློབ་སྦྱོང་རྩ་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བརྡ་ཐོ》བརྒྱུད་འགྲེམས་བྱས།
2022.07.14 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 21

 ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་དེབ་བཞི་པར་སློབ་སྦྱོང་རྩ་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བརྡ་ཐོ》བརྒྱུད་འགྲེམས་བྱས་པར་མ་ཟད།  བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། མའོ་ཙེ་ཏུང་གི་དགོངས་པ་དང་།  ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས།   མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་པ་རེད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་རེད།  ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་ དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེའི་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་དང་པོ་དང་དེབ་གཉིས་པ། དེབ་གསུམ་པ་བཅས་དཔེ་སྐྲུན་བྱས་པ་ནས་བཟུང་། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་མི་དམངས་ཀྱི་འབད་འཐབ་ལག་ལེན་ལ་སྐུལ་སྤེལ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་རྒྱུས་ལོན་བྱེད་པར་བསམ་བློའི་སྐར་ཁུང་གལ་ཆེན་ཞིག་བསྐྲུན་ནས་ཀྲུང་གོའི་གཟུགས་བརྙན་ནུས་ལྡན་ངང་མངོན་ཡོད།   《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གསུམ་པ་དཔེ་སྐྲུན་བྱས་ནས་ལོ་གཉིས་ལྷག་འགོར་བའི་རིང་ལ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ལ་དབུ་ཁྲིད་མཛད་དེ། འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་པ་བསྐྲུན་པའི་རླབས་ཆེན་ལག་ལེན་ཁྲོད་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། གཞུང་དྲང་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ནས། ཐོག་མའི་གསར་སྐྲུན་རང་བཞིན་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ཡང་བསྐྱར་བཏོན་ཏེ།  ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་པ་རེད།

ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། ཀྲུང་གོའི་ཕྱིའི་སྐད་ཡིག་ཅུས་བཅས་དང་མཉམ་དུ《 ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་རེད།   དེབ་འདིའི་ནང2020ལོའི་ཟླ2ཚེས3ཉིན་ནས2022ལོའི་ཟླ5ཚེས10ཉིན་བར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་། གླེང་མོལ། ཤིས་ཚིག མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་ཁག109བསྡུས་ཡོད་པ་དང་ཆེད་དོན21ཏུ་དབྱེ་ཡོད་པ་རེད།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་བའི་ནང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་རྐྱ་གཅིག་ཏུ་འཐབ་པ་དང་།  འཛམ་གླིང་འདི་ཉིད་ཟིང་ཟིང་དང་འཕོ་འགྱུར་ཆེ་བའི་དུས་རིམ་གསར་པ་ཞིག་ཏུ་སླེབས་པའི་རྙོག་འཛིང་གི་གནས་བབ་ལ་དམ་པོར་དམིགས་པ་དང་།  འཛམ་གླིང་སྟེང་མཐོང་དཀོན་པ་དང་ལོ་རྒྱུས་སྟེང་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་ལ་དམིགས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས།  འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་འགོ་བརྩམས་པའི་རླབས་ཆེན་ལག་ལེན་ལས།  མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་མཚོན་པ་དང་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་པར་མ་ཟད། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་བ་གང་ལེགས་སྒོས་མཚོན་ཡོད། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་ཡོད་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།  རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་བཅས་བྱས་ནས།  དུས་རབས་གསར་པ་དང་།  སྐྱོད་ལམ་གསར་བའི་སྟེང་མཐུན་སྒྲིལ་འབད་འཐབ་དང་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོངས་པ་གལ་ཆེན་དེའི་འཕེལ་རྒྱས་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་བྱེད་པར་རོགས་རམ་བྱེད་པ།  ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་སྔོན་ཆད་རྒྱལ་ཁ་ལེན་ཐུབ་དོན་དང་འབྱུང་འགྱུར་ཇི་ལྟར་བྱས་ནས་མུ་མཐུད་དུ་ལེགས་འགྲུབ་ཡོང་མིན་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ།  ཀྲུང་གོའི་ལམ་བུ་དང་།  ཀྲུང་གོའི་སྲིད་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་བཞི་པར་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། 《 ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་དེ་དེབ་དང་པོ་དང་དེབ་གཉིས་པ། དེབ་གསུམ་པ་བཅས་དང་འདྲ་བར་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མ་རྩོམ་ལ་ལྟ་བ་དང་སློབ་སྦྱོང་བྱེད་པ། གོ་བ་ཟབ་མོ་ལེན་པ་བཅས་ལ་ཁྲིད་སྟོན་བྱས་ཏེ།   ལྷག་བསམ་རྣམ་དག་གིས་ལག་བསྟར་དང་ཡིད་ཆེས་བྱེད་ཐུབ་པར་བྱེད་དགོས།  རིམ་པ་སོ་སོའི་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་དེ་སློབ་སྦྱོང་གི་འཆར་གཞིའི་ཁྲོད་བཞག་ནས་སློབ་སྦྱོང་དང་།  གོ་བ་ལེན་པ། ཁོང་དུ་ཆུད་པ། ཏན་ཏིག་བཅས་བྱ་རྒྱུའི་ཐད་ཤུགས་སྣོན་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས།  ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།  སློབ་སྦྱོང་གི་གྲུབ་འབྲས་དེ་སྐྱོད་ལམ་གསར་པར་འབད་འཐབ་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བྱ་བའི་བྱེད་ཐབས་དང་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས།   རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་། ལས་བྱེད་པའི་སློབ་གླིང་གིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་བཞི་པ་དེ་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་དུ་བརྩི་བ་དང་།  མཐོ་རིམ་སློབ་གྲྭ་སོ་སོས་བསམ་བློ་དང་ཆབ་སྲིད་སློབ་གསོའི་བསླབ་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས། རིམ་པ་སོ་སོའི་ཏང་ཨུའི་འཆད་ཁྲིད་ཚོགས་པ་དང་དེ་བཞིན་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་།  རྫོང་རིམ་པའི་སྨྱན་བྱད་ལྟེ་གནས།   སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སློབ་སྦྱོང་སྟེགས་བུ་བཅས་ཀྱིས་གསར་སྐྲུན་ལྡན་པའི་ངང་དམིགས་ས་ཡོད་པ་དང་རིགས་དབྱེ་ནས་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱས་ཏེ། ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་གསུམ་གྱི་ཕྱོགས་གང་ཅིའི་ལས་དོན་ལེགས་པོར་སྒྲུབ་པ་དང་།   རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལེགས་པོར་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ།  བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།