ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། སྐད་ཆ་འདི་གོ་སླ་བར་བཤད་ན། མང་ཚོགས་ཀྱི་འཚོ་བ་སྔར་ལས་བཟང་བ་དང་སྡོད་ཁང་སྔར་ལས་ལེགས་པ། ཡོང་སྒོ་སྔར་ལས་ཇེ་མང་དུ་གཏོང་དགོས་པ་དེ་རེད། ཉེ་ལམ།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་ནས་ཐོན་པའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་དབྱང་ཧྲིན་ཧའེ་ཡིས་རུ་ཕྱོར་སྡེ་བ་དང་འགྲམ་ནག་སྡེ་བ། དེ་མིན་ཆུ་འཁོར་སྡེ་བ་བཅས་ཀྱི་སྡེ་མི་རྣམས་ལ“རྩྭ་ཐང་ཏང་གི་སློབ་ཁྲིད་བྱས།
བསྟུད་མར་ཉིན་འགའི་རིང་ལ། དབྱང་ཧྲིན་ཧའེ་དང་འཐུས་མི་གཞན་དག་ནི་མདོ་ལ་རྫོང་གི“དགའ་བསུ་ཐོབ་པའི”མི་རུ་གྱུར་ཞིང་། ལས་ཁུངས་དང་སྡེ་ཁག སྡེ་ཁུལ་དང་སྡེ་བ་སོ་སོས་ཁོ་ཚོ་དུས་ཐོག་ཏུ་ཡོང་ནས་ཚང་མར་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྲིད་ཇུས་བཟང་པོ་འགྲེལ་བཤད་བྱེད་པར་རེ་སྒུག་བྱེད་ཀྱིན་འདུག
དབྱང་ཧྲིན་ཧའེ་ནི་ཨ་རིག་གི་མི་ཞིག་ཡིན་པའི་ཆ་ནས། རྒྱུས་མངའ་ཡོད་པའི་རྩྭ་ཐང་དུ་ཕྱིར་ལོག་ནས་སྒྲོག་འགྲེལ་བྱེད་སྐབས་སྐད་ཀྱི་གདངས་མཐོ་ཞིང་ཤུགས་དང་ལྡན་པ་ཞིག་རེད། སྔོན་ཆད་ང་ཚོ་རྫོང་མཁར་དུ་འགྲོ་དུས་རྟ་ལ་ཞོན་པ་དང་། དེའི་རྗེས་སུ་རིམ་གྱིས་འཕྲུལ་རྟ་ཡོད་པ་རེད། ད་ལྟ་ཁྱིམ་ཚང་རེ་ལ་རླངས་འཁོར་ཆུང་ཆུང་རེ་ཡོད་ཅེས་དབྱང་ཧྲིན་ཧའེ་ཡིས་སྐད་ཆ་དེ་བཤད་མ་ཐག མི་གཞན་ཞིག་གིས་རླངས་འཁོར་ཆུང་ཆུང་རྫོང་མཁར་དུ་འགྲོ་ཐུབ་པར་མ་ཟད། ད་དུང་ཕྱུགས་རྫི་ལ་ཡང་འགྲོ་ཆོག་ཅེས་ཁ་གསབ་བྱས་པས། དེར་ཡོད་ཀྱི་མི་རྣམས་ཧབ་ཆ་བརྒྱབ་ནས་བགད་བྱུང་།
སྒྲོག་འགྲེལ་གྱི་ཡུལ་དངོས་སུ། ཚང་མས་ཕན་ཚུན་ལ་ལབ་གླེང་བྱས་ཏེ་ལོ་ལྔའི་འགྱུར་ལྡོག་གླེང་བ་དང་། ཏང་ཡོན་རྒན་པས་གཅིག་རྗེས་གཉིས་མཐུད་ཀྱིས་ཏང་དང་སྲིད་གཞུང་མང་ཚོགས་ལ་ངོ་མ་བཟང་། འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་མི་ཚང་མ་ཁེ་ཕན་རེག་མཁན་དུ་གྱུར་ཡོད་ཟེར། ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཞ་ཡིས་དགའ་སྤྲོའི་ངང་དེར་མཐུད་ནས་བཤད་རྒྱུར། ཚང་མས་འགྲམ་ནག་སྡེ་བའི་ཧྲེ་དྲུག་པར་འགྲོ་སའི་ཟེགས་མའི་ལམ་དེར་ལྟོས་དང་། ད་ལྟ་ཨར་འདམ་ལམ་ལས་མགོ་བརྩམས་ཡོད། འདི་ཡང་གྲོང་གསེབ་དར་སྤེལ་གྱི་མཐུད་སྦྲེལ་འཛུགས་སྐྲུན་གྱི་ལས་གཞི་ནང་གི་གཅིག་རེད་ཟེར།
ཚང་མས་མགོ་བོ་ཕྱིར་འཁོར་ཏེ་བལྟས་པ་ན། 302ཞིང་ཆེན་གཞུང་ལམ་དང་བཙུན་མོ་གཞུང་ཆུང་བའི་ལམ་མདོ་རུ། ལྗིད་ཐེག་རླངས་འཁོར་གྱིས་ཟེགས་མ་དྲུད་དེ་ཕར་འགྲོ་ཚུར་འོང་བྱེད་བཞིན་བྲེལ་འཚུབ་ཀྱིས་ཁེངས་འདུག་སྟེ། གཞུང་ལམ་ལས་མགོ་བརྩམས་པ་དང་མཉམ་དུ་སྡེ་བའི་ཕྱུགས་ར་ཡང་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་རེད།
ཕྱུགས་ར་འཛུགས་སྐྲུན་སྐོར་གླེང་སྐབས། དབྱང་ཧྲིན་ཧའེ་ཡིས་ཚང་མར་ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་བཟང་ཕྱོགས་སུ་འཕེལ་བའི་འགག་རྩའི་ཚོད་འཛིན་ཤུགས་གང་ཡོད་ཀྱིས་གཏོར་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཡུལ་སྐོར། བདེ་ཐང་གསོ་སྤེལ་སོགས་ཀྱི་ཁྱད་ལྡན་ཐོན་ལས་བཅས་འཕེལ་རྒྱས་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་སུ་གཏོང་བ། ཆ་རྐྱེན་ལྡན་པའི་རྫོང་ཁོངས་སུ་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་ཡང་བསྐྱར་བཤད་བྱུང་། ཁོས་བཤད་རྒྱུར། མིག་སྔར་མདོ་ལ་རྫོང་གིས་ཀྱང་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་དཔེ་སྟོན་རྫོང་ཧུར་ཐག་གིས་གསར་སྐྲུན་བྱེད་པ་དང་། རྗེས་ཕྱོགས་ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་ལམ་བུ་ཇེ་ལེགས་ནས་ཇེ་ལེགས་སུ་འགྱུར་ཁོ་ཐག་རེད།
ཕྱུགས་ར་འཛུགས་སྐྲུན་བྱས་ཚར་རྗེས། ང་ཚོ་ཚད་གཞི་མཐོ་བའི་གསོ་སྤེལ་དང་བར་ཐག་ཇེ་ཉེར་གྱུར་ཡོད། སྐབས་དེར་སླེབས་དུས་རྫོང་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དཔེ་སྟོན་རྫོང་གི་ལས་གཞི་ཁྲོད་ཞུགས་གང་ཐུབ་བྱེད་ཆོག་ཅེས་འགྲམ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་མེན་གྱིས་རེ་སྒུག་དང་བཅས་དེ་ལྟར་བཤད་བྱུང་།
ལོ་འདི་འགར་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་སོགས་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་འོག འགྲམ་ནག་སྡེ་བར་རྩ་བ་ནས་འགྱུར་ལྡོག་བྱུང་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ངོས་ནས་བཤད་ན། ལོ་བདུན་བརྒྱད་ཀྱི་སྔོན་དུ། སྡེ་བའི་ནང་དུ་སྡེ་བས་བསྒྲུབས་པའི་ཕྱུགས་ར་གཅིག་མ་གཏོགས་མེད་ལ་ཡོང་སྒོ་ཡང་ཧ་ཅང་ཉུང་བས། སྡེ་བ་ཡོངས་ཀྱི་ཆེས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་དུས། ལོ་རེར་སྒོར་བརྒྱ་ཕྲག་འགའ་ཡི་རོགས་རམ་མ་དངུལ་ལས་འདོན་མི་ཐུབ།
དེའི་རྗེས་སུ། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་འབྲོག་ལུག་མ་མོ་ཉོས་པ་དང་སྣེ་འདྲེན་ཁེ་ལས་ལ་མ་རྐང་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་འབུམ་ལྔ་ལྷག་ལ་སླེབས་ཏེ། དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་མི་རེར་སྒོར900ལྷག་གི་ཁེ་སྤོགས་ཐོབ་པ་རེད། ད་ལྟ་སྡེ་བའི་ནང་དུ་འབྲོག་ལུག་ལྟེ་གནས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་ཀྱིན་པའི་སྒང་ཡིན་ལ། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱས་པ་བརྒྱུད། སང་ལོ་དང་དེའི་ཕྱི་ལོར་སྡེ་མིའི་ཡོང་སྒོ་སྔར་ལས་ཇེ་མང་དུ་འགྲོ་བར་ཧའེ་མེན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
མང་ཚོགས་ཀྱི་ཚོགས་ཆེན་ལ་མང་ཚོགས་མང་པོ་ཡོད་པས། སྒྲོག་འགྲེལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད།“རྩྭ་ཐང་ཏང་གི་སློབ་ཁྲིད”མཇུག་རྫོགས་མ་ཐག ཝང་ཞ་འཁོར་དང་བཅས་པས་རུ་ཕྱོར་སྡེ་བར་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་བཞིན་པ་ཤེས་ཏེ། འཕྲལ་མར་བྲེལ་འཚུབ་ངང་རུ་ཕྱོར་སྡེ་བར་ཕྱིན།
སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པར་མ་ཟད། གངས་འཁྱགས་ཀྱིས་ཁེངས་པའི་གནས་འདི་ཡང་ང་ཚོའི་གསེར་རི་དངུལ་རི་ཡིན། ཝང་ཞ་ཡིས་སྒྲོག་འགྲེལ་ལ་ཉན་པའི་མང་ཚོགས་ཁྲོད་དུ་སྐྱེ་ཁམས་ལྟ་སྲུང་པ་མང་པོ་ཞིག་ཡོད་པ་མཐོང་སྟེ། མྱུར་དུ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་ལ་དམིགས་ནས་ནང་དོན་སྒྲོག་འགྲེལ་བྱེད་མགོ་བརྩམས།
རུ་ཕྱོར་སྡེ་བ་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་བར་བརྒལ་ཁུལ་ཡིན་པའི་ཆ་ནས། དུས་གཏན་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་གཉིས་ཀྱི་སྔོན་དུ། སྡེ་བའི་ཏང་ཡོན་དང་ན་གཞོན་བཅུ་ཕྲག་ཁ་ཤས་ཀྱིས་རང་འགུལ་སྒོས་རུ་ཕྱོར་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་སྒྲིག་འཛུགས་བྱས་ཤིང་། ད་ལྟ་མི་སུམ་ཅུ་ལྷག་ལ་འཕར་ཡོད།
སྒྲོག་འགྲེལ་མ་བྱས་པའི་ཉིན་གཅིག་གི་སྔོན་དུ། རུ་ཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གི་སྣེ་ཁྲིད་འོག དང་བླངས་རུ་ཁག་གིས302ཞིང་ཆེན་གཞུང་ལམ་དེད་ནས་གད་སྙིགས་མང་པོ་གཙང་ཕྱགས་བྱས། ང་ཚོས་ཁོར་སྲུང་གི་འདུ་ཤེས་དེ་མི་སྒེར་ནས་མགོ་བརྩམས་ཤིང་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། མཚོ་སྔོན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་དུ་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་ཝང་ཞ་ཡིས་དེ་ལྟར་བཤད་བྱུང་།
རུ་ཕྱོར་སྡེ་བའི་སྒྲོག་འགྲེལ་བྱ་འགུལ་མཇུག་རྫོགས་པ་དང་བསྟུན། ཚང་མས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་རྒྱུན་ཆད་མེད་པར་རྩྭ་ཐང་གི་དབུས་སུ་ཁྱབ་ཀྱིན་པ་གསལ་པོར་ཚོར་བྱུང་།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།