ན་ནིང་ནས་བཟུང་སྟེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཏང་འཛུགས་སྣེ་ཁྲིད་དང་རྨང་བརྟན་སྲོག་སྐྲུན་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས། བདེན་འཚོལ་དངོས་གཉེར་དང་དངོས་འཛིན་རྣལ་སྒྲུབ་རྒྱུན་འཁྱོངས་བཅས་བྱས་ཏེ། སྡེ་སྡོད་ལས་བྱེད་པའི་སྟོབས་གསར་དམག་དཔུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཧུར་ཐག་གིས་མང་ཚོགས་ཡིད་ཚིམས་པའི་གྲོང་གསེབ་དར་སྤེལ་གྱི་དུས་རབས་རྒྱུགས་ལན་སྤྲད།
ཏང་འཛུགས་ནན་འཛིན་དང་བསམ་བློ་སྟོབས་ལྡན་དང་། ཐོག་མའི་བསམ་འདུན་སྲུང་ཞིང་འགན་འཁྲི་ཁུར་དུ་བླངས་ནས། ཏང་གི་བཀའ་དྲིན་དྲན་ཞིང་ཏང་གི་སྐད་སྒྲ་སྒྲོག གཅིག་ནི་སྡེ་སྡོད་ལས་བྱེད་རུ་ཁག་སོ་སོས་སྡེ་བ་རིམ་པའི་གཞི་རིམ་ཏང་འཛུགས་བྱ་བ་ལེགས་པར་འཛིན་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཏང་འཛུགས་ནན་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ནན་ཏན་གྱིས་དངོས་འབེབས་བྱེད་པ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་སྣ་ཚོགས་གོ་རིམ་ལྡན་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ཚད་ལྡན་དུ་སྤེལ་བར་ཁྲིད་སྟོན་བྱེད་པ། ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་རྗེས་སྣོན་ལས་བྱེད་པའི་དཔུང་སྡེ་དང་རང་སའི་འཇོན་མིའི་དཔུང་སྡེ་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་པ་དང་། གཉིས་ནི་གཞི་རིམ་ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་གཏོང་བར་ཤུགས་སྣོན་པ་དང་། སོག་རུ་མ་ཡུལ་ཚོ་ལྕམ་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས་སྡེ་བ་ཡོངས་ཀྱི་ཏང་ཡོན་དང་སྡེ་བ་གཞན་པའི་ཏང་ཡོན་ཁ་ཤས་བཅས་བསྡོམས་པས་མི་བཞི་བཅུ་རྩ་འཛུགས་དང་སྣེ་ཁྲིད་སྒོས་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་ཕྱིན་ནས་དུས་ཡུན་ཉིན་དྲུག་རིང་གི་ཆེད་དོན་གསོ་སྦྱོང་ལ་ཞུགས་པ་དང་། ཁུལ་རིམ་པའི་གནས་སྦྲེལ་རོགས་སྐྱོར་ལས་ཁུངས་ཀྱིས་གསོ་སྦྱོང་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཉིས་ལྷག་རོགས་རམ་ཐག་གཅོད་བྱས། གསུམ་ནི་སྐད་འཕྲིན་ལས་སྒྲུབ་ཚོགས་པ་དང་སྡེ་དམངས་ཚོགས་ཆེན། ལས་བྱེད་པ་མང་པོ་གྲོང་གསེབ་ཏུ་བསྐྱོད་པ། ཚོགས་འདུ་གསུམ་དང་སློབ་ཐུན་གཅིག བརྗོད་དོན་ཏང་གི་ཉིན་མོ་སོགས་སྟེགས་བུ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱེད་པ་གོ་སྐབས་སུ་བརྩིས་ཏེ། དྲ་ལམ་དང་དངོས་ཡོད་ཀྱི་ལམ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན། དེ་མིན་ད་དུང་སྲིད་ཇུས་དང་ཁྲིམས་སྲོལ་སྣ་ཚོགས་དྲིལ་སྒྲོག་བྱས་པ་བརྒྱུད་ནས། ཏང་གི་གསུང་སྐད་རྩྭ་ཐང་ཡོངས་སུ་ཁྱབ་པར་བྱས།
དངོས་གནས་བརྟག་ཞིབ་དང་རྒྱུན་པར་རོགས་སྐྱོར་བྱེད་པ་དང་། དམངས་ཀྱི་གནས་ཚུལ་རྒྱུས་ལོན་དང་དམངས་ཀྱི་སེམས་ཁྲལ་བསལ་བ། དོན་དངོས་སྒྲུབ་པ་དང་དམངས་སེམས་གཅིག་སྒྲིལ་བཅས་བྱས། གཅིག་ནི་སྡེ་སྡོད་ལས་བྱེད་རུ་ཁག་སོ་སོས་ལས་བྲལ་སྡེ་སྡོད་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཤིང། དམངས་ཀྱི་སེམས་གཏམ་ལ་ཉན་ཞིང་དམངས་ཀྱི་འདོད་བློར་བརྟག་ནས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་སེལ་རོགས་བྱས་ཤིང་། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་བ་ཧུར་ཐག་གིས་སྤེལ། མིག་སྔའི་བར་དུ། བསྡོམས་པས་ཁྱིམ་ཚང་དྲུག་བརྒྱ་རེ་གཉིས་ལ་གྲལ་བཤེར་བྱས་པ་དང་ཆ་རྐྱེན་དང་མཐུན་པའི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་བཅུ་གསུམ་གོང་དུ་སྤྲད་པར་མ་ཟད། རོགས་འདེགས་བྱེད་ཐབས་རིགས་དགར་ནས་དངོས་འབེབས་བྱེད་པ་ལག་བསྟར་བྱས། གཉིས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་ནན་ཏན་གྱིས་དངོས་འབེབས་བྱས་པ་དང་། དྲིལ་སྒྲོག་གྲལ་བཤེར་ཐོ་འགོད་བྱ་བ་ལེགས་པོར་སྒྲུབ་པ། ཉིང་སྐྱུར་ཚད་ལེན་དང་རྒན་པ་དང་བྱིས་པ་གཅིག་ཀྱང་མ་ལུས་པར་འགོག་ཁབ་རྒྱག་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། དྲིལ་སྒྲོག་གྲལ་བཤེར་ཐོ་འགོད་བྱེད་པའི་ཁྲོད་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་། ཉིང་སྐྱུར་བཤེར་འཇལ་དང་འགོག་ཁབ་རྒྱག་སྐབས་མི་གཅིག་ཀྱང་མི་ལུས་པ་བྱས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འགལ་འདུ་སྣ་ཚོགས་འདུམ་འགྲིག་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས། གསུམ་ནི་ས་ནག་ཐང་གི་བཅོས་སྐྱོང་བྱ་བ་ལེགས་པོར་སྤེལ་ཏེ། རྩྭ་ཕྱུགས་དོ་མཉམ་ཡོང་བར་ཁག་ཐེག་བྱས། སོག་རུ་མ་ཡུལ་ཚོ་ལྕམ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོས་ཁུལ་རང་བྱུང་ཐོན་ཁུངས་ཅུའུ་དང་འབྲེལ་ཡོད་ཀྱི་ལས་སྒོ་སྡེ་ཚན་ནས་རྩྭ་འབྲུ་ཏུན་གཉིས་ལྷག་ཧུར་ཐག་གིས་བརྩོན་ལེན་བྱས་ཤིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་ཐོག་ཏུ་འདེབས་འཛུགས་བྱས། བཞི་ནི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་སྟེ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྤུས་ཚད་ལེགས་བཅོས་བྱས་པ་དང་། མི་རིགས་ཆོས་ལུགས་དང་འགྲིམ་འགྲུལ་སོགས་ཀྱི་སྡེ་ཁག་ལ་ཧུར་ཐག་གིས་མཐུན་སྦྱོར་བྱས་ནས། སྡེ་བའི་སྤྱི་སྤྱོད་གཞུང་ལམ་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་བས། སྡེ་བའི་གཞུང་ལམ་ཇེ་ལེགས་དང་གཞི་རྟེན་དོག་པའི་ལམ་ངོས་ཁོད་ཡངས་སུ་གཏོང་བ་དང་འཇིགས་ཉེན་ཆེ་བའི་ཟམ་པ་ཞིག་གསོ་བཅས་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། ཁེར་རྐྱང་དུ་ལུས་པའི་རྒན་རྒོན་ལ་འཚམས་འདྲི་ཞུས་པ་དང་སྡེ་བའི་གཞུང་ལམ་གྱི་འཁྱགས་དར་གཙང་སེལ་བྱས་ལ། བྲེལ་བསྟུན་དངོས་ཟོག་སྟེར་བ་སོགས་དོན་དངོས་དང་དོན་བཟང་སྒྲུབ་པའི་བྱེད་སྒོ་ཐེངས་མང་སྤེལ།
ཐོན་ལས་སྟོབས་ལྡན་དུ་གཏོང་བ་དང་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། མི་འདང་སར་ཁ་གསབ་དང་ཞན་ཆ་སྐོང་བ། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་བྱས་པ། རྫོང་ཡོངས་ཀྱི་སྡེ་སྡོད་ལས་བྱེད་རུ་ཁག་བཅུ་ཡིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་འགན་བླང་བྱ་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ། ཡུལ་བབ་དང་བསྟུན་ནས་རང་སྡེ་བའི་དངོས་ཡོད་དང་མཐུན་པའི་ཁྱད་ལྡན་དར་སྤེལ་གྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་པ་དང་། སེམས་ཤུགས་དང་བརྩེ་བ། ནུས་ཤུགས་ཡོད་ཚད་ཀྱིས་འབྲོག་པ་མང་ཚོགས་ལ་ཕྱུག་འགྱུར་ཡོང་འཕར་གྱི་ལམ་བུ་བསྐྲུན། དྲུག་ཆེན་སུམ་མདོ་གྲོང་རྡལ་སྒོ་རྒྱང་སྡེ་བས་ཨུ་ཡོན་ལྷན་ཁང་གཉིས་རྩ་འཛུགས་བྱས་ནས་མཉམ་ལས་ཁང་གིས་གསར་དུ་ལས་པའི་ཕྱུགས་ཁང་ནང་བཞོན་མ་རེ་བརྒྱད་གསོ་སྤེལ་བྱས་པས། ད་ལོར་གསར་དུ་བཙུགས་པའི་རྫོང་འོ་ལས་བཟོ་གྲྭར་འོ་མ་འདོན་སྤྲོད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། སྦྲ་གསར་ཡུལ་ཚོ་སྤོས་ཁྱིམ་སྡེ་བས་ལོ་མགོར་ཁྱིམ་ཚང་རེ་དྲུག་ལ་བསྡོམས་པས་སྒོར་མོ་འབུམ་གསུམ་དང་ཁྲི་གཉིས་སྟོང་དགུ་ཡི་ཕྱུགས་ལས་གསོ་སྤེལ་ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ། ཉིས་སྟོང་ཉེར་གཉིས་ལོར་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་དང་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན། དབུལ་སྐྱོར་སྣུམ་སྣོན་ས་ཚིགས་ལས་གཞི་སོགས་སྔ་རྗེས་སུ་ལས་མགོ་བརྩམས་པས། སྔོན་དཔག་བྱས་པ་ལྟར་ན་ད་ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཡོང་སྒོ་ལེན་པ་མངོན་འགྱུར་བྱེད་རྒྱུ་རེད། སོག་རུ་མ་ཡུལ་ཚོ་ལྕམ་སྡེ་བས་ཇོ་རུ་ལྷ་རི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་། ནོར་གནག་གསོ་སྤེལ་དང་འབྲི་མར་ལས་སྣོན་བཟོ་གྲྭའི་ལས་གཞི་སྙན་ཞུ་ཕུལ་ཏེ། སྔོན་གྱི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ཡོད། དཔལ་ཡུལ་ཡུལ་ཚོ་ཁོ་སག་སྡེ་བ་དང་རྫོང་བྲེལ་བསྟུན་དོ་དམ་ཅུའུ་ཡིས་རྩམ་པ་ཉོ་ཚོང་གན་རྒྱ་བཞག་ཡོད་ལ། གན་རྒྱའི་དངུལ་འབོར་སྒོར་མོ་འབུམ་གཉིས་དང་ཁྲི་བཞི་སྟོང་བརྒྱད་བརྒྱད་བརྒྱ་ཡིན། གན་རྒྱའི་བླང་བྱ་ལྟར། རྩམ་པ་ཡོངས་རྫོགས་ལས་སྣོན་ལེགས་འགྲུབ་བྱུང་ཡོད། བར་བཞི་ཡུལ་ཚོ་རྟ་སྒ་སྡེ་བས་སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་ཁང་གིས་མིག་སྔར་རྟ་སྒ་སྡེ་བའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་གཟན་རྩྭ་འདེབས་འཛུགས་བྱ་བ་ཡོངས་འགྲུབ་བྱས་ཡོད་ལ། བསྡོམས་པས་གཟན་རྩྭ་མུའུ་སྟོང་གཅིག་དང་བརྒྱད་ཅུ་འདེབས་འཛུགས་བྱས་ཡོད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།