སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཞིན་ཅང་གི་ལེའུ།
2022.07.19 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 11

སྤྱི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ནས་བཅུ་གསུམ་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་ལ་རྟོག་ཞིབ་གནང་བར་ཕེབས། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅང་དུ་ཕེབས་ཐེངས་གཉིས་པ་དེ་རེད།

ཐེན་ཧྲན་རི་བོའི་འདབས་རོལ་དུ། ཁོང་གིས་དགོངས་བཞེས་གནང་ཡུལ་མང་པོ་ཡོད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་དུས་མགོར། ཞི་ཅིན་ཕིང་ཞིན་ཅང་དུ་ཕེབས་མྱོང་། དེ་ནས་ཉིས་སྟོང་གསུམ་ལོ་དང་ཉིས་སྟོང་དགུ་ལོ། ཉིས་སྟོང་བཅུ་བཞི་ལོ་བཅས་ལ་ཞིན་ཅང་དུ་ཐེངས་གསུམ་ལ་ཕེབས་པ་དང་། ཐེན་ཧྲན་རི་བོའི་ལྷོ་བྱང་ཀུན་ལ་ཁོང་གི་ཞབས་རྗེས་བཀོད་ཡོད།

ཐེངས་འདིར་ཝུའུ་ལུའུ་མུའུ་ཆི་རུ་སྤྱི་ཁྱབ་ཧྲུའུ་ཅིས་སྔ་རྗེས་སུ་སློབ་ཆེན་གཅིག་དང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁུལ་གཅིག སྡེ་ཁུལ་གཅིག  རྟེན་རྫས་བཤམས་མཛོད་ཁང་གཅིག་བཅས་ལ་རྟོག་ཞིབ་གནང་ཞིང་། ཁྱབ་ཁོངས་མི་འདྲ་བར་རྟོག་ཞིབ་གནང་བ་དེའི་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་ཏང་གི་ཞིན་ཅང་བཅོས་སྐྱོང་འཐབ་ཇུས་ཆ་ཚང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་བ་མཚོན་གྱི་ཡོད།

སྤྱི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞིན་ཅང་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་ཞིན་ཅང་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱེད་སྟངས་སོགས་ཀྱི་གནས་ཚུལ་ལ་ཐུགས་སྣང་མཛད།

ཞིན་ཅང་སློབ་ཆེན་ཐོག་མ་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ཉེར་བཞི་ལོར་བཙུགས་པའི་ཞིན་ཅང་དུ་ཨུ་རུ་སུའི་སྐད་དང་ཀྲུང་གོའི་གནའ་རྩོམ།ཁྲིམས་སྲིད་བཅས་ཀྱི་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ཞིང་།སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་ལོར་ཞིན་ཅང་སློབ་ཆེན་དངོས་སུ་བཙུགས་ཏེ།ད་ལྟ་རྒྱལ་ཁབ་ཀྱི་རྩེར་སོན་གཉིས་ཀྱི་ཚད་གཞི་ལྟར་བཙུགས་པའི་མཐོ་རིམ་སློབ་གྲྭ་ཞིག་རེད། དེར་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་རྫས་འགྱུར་རིག་པ། རྩིས་འཁོར་ཚན་རིག་ལག་རྩལ་བཅས་རྩེར་སོན་གཉིས་འཛུགས་སྐྲུན་གྱི་རིག་ཚན་གསུམ་ཡོད་པ་རེད།

ཞིན་ཅང་སློབ་ཆེན་གྱི་གཞུང་སྒོར་འཛུལ་མ་ཐག གཡོན་ཕྱོགས་སུ་ཡུའུ་ཞིག་སུང་ལམ་ཞེས་པ་ཞིག་ཡོད། ལམ་དེ་བརྒྱུད་ནས་མདུན་དུ་སྐྱོད་སྐབས། སུའུ་ལུགས་ཀྱི་ཐོག་བརྩེགས་རིམ་པ་གཉིས་ཅན་གྱི་ཐོག་ཁང་སེར་པོ་ཞིག་ཡོད་ཅིང་། དེ་ནི་ཞིན་ཅང་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཁང་རེད། སློབ་གྲྭའི་ལོ་རྒྱུས་ཁང་གི་ཚོམས་ཆེན་དུ་ཡུའུ་ཞིག་སུང་དང་ལིན་ཅིས་ལུའུ་སོགས་གུང་ཁྲན་ཏང་མིའི་སྐུ་བརྙན་ཟངས་བརྐོས་མ་འགྲེམས་སྟོན་བྱས་ཡོད་པ་དང་། དེ་ལས་གཞན་འགྲེམ་སྟོན་ཁང་སོ་སོར་ཞིན་ཅང་སློབ་ཆེན་གྱི་ལོ་ངོ་བརྒྱའི་འབད་འཐབ་ལམ་བུ་བདེན་དཔང་བྱེད་ཐུབ་པའི་རྩ་ཆེའི་ལོ་རྒྱུས་དཔྱད་གཞི་འབོར་ཆེན་འགྲེམས་སྟོན་བྱས་ཡོད།

མར་ཁེ་སེ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིན་ཅང་སློབ་ཆེན་གྱི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཁྱད་ལྡན་རིག་ཚན་ཞིག་ཏུ་གྱུར་བ་ནི་ཁུངས་འདེད་ས་ཡོད་པ་ཞིག་རེད།

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་སོ་ལྔ་ལོ་ནས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ཞེ་གཅིག་ལོའི་བར། ཡུའུ་ཞིག་སུང་དང་ལིན་ཅིས་ལུའུ་སོགས་གུང་ཁྲན་ཏང་མི་སྐབས་དེ་དུས་ཀྱི་ཞིན་ཅང་སློབ་ཆེན་དུ་ཡོང་ནས་བྱ་བར་སྣེ་ཁྲིད་བྱས་པ་དང་།  མའོ་ཏོན་དང་ཀྲང་ཁྲུང་ཧྲི་སོགས་སྔོན་ཐོན་མི་སྣ་འགའ་ཤས་ཀྱང་སློབ་གྲྭ་དེར་སློབ་ཁྲིད་བྱེད་དུ་ཡོང་མྱོང་།

ཡུའུ་ཞིག་སུང་གིས་མི་རིགས་རྣམ་པ་ཡིན་ཞིང་མར་ལེ་དགོངས་དོན་ཡིན་པའི་སློབ་གསོའི་འདུ་ཤེས་ཀྱིས་མར་ལེ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ངེས་པར་དུ་སྦྱོང་དགོས་པའི་བསླབ་གཞིར་བསྒྱུར་དགོས་ཚུལ་བཤད་ཡོད།  སྐབས་དེ་དུས་ཡུའུ་ཞིག་སུང་གིས་སློབ་སྐབས་གསར་པ་སློབ་མགོ་ཚུགས་པའི་སློབ་ཚན་དང་པོ་དེ་དངོས་སུ་སློབ་མ་རྣམས་ལ་འཆད་ཁྲིད་བྱས་པ་དང་། སློབ་དེབ་དེ་ནི་ཁོ་རང་ཉིད་ཀྱིས་རྩོམ་འབྲི་གནང་བའི་ལྕགས་ཕག་ལོའི་གསར་བརྗེའི་བསླབ་བྱ་ཞེས་པ་དེ་རེད།

དེ་ནས་བཟུང་། ཞིན་ཅང་སློབ་ཆེན་གྱིས་མར་ལེ་རིང་ལུགས་པ་མང་པོ་ཞིག་གསོ་སྐྱོང་བྱས་ནས་གསར་བརྗེའི་ས་བོན་གང་སར་བཏབ་པ་རེད།

སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་པར། ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་སྟེང་།  སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞེས་པའི་ཆོད་སྡོམ་གལ་ཆེན་ཁ་གསལ་གནང་ཡོད།

ཞིན་ཅང་སློབ་ཆེན་དུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་གི་ཞིབ་འཇུག་རྟེན་གཞི་ཞིག་ཡོད་ཅིང་།   རྟེན་གཞི་དེ་ནི་སྤྱི་ལོ་ཉིས་སྟོང་ཉིན་ཤུ་ལོའི་ཟླ་གསུམ་པར་བཙུགས་པ་དང་། ཞིབ་འཇུག་གི་ཁྱབ་ཁོངས་ནི་དུས་རབས་གསར་པར་ཏང་གིས་ཞིན་ཅང་བཅོས་སྐྱོང་བྱེད་པའི་འཐབ་ཇུས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་གཞིགས་ནས་གཏན་འཁེལ་བྱས་པ་རེད།

ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བ་དང་། སེམས་པ་གཅིག་ཏུ་བསྒྲིལ་ནས་ཕུགས་བསམ་སྐྱོང་པའི་བར། སྤྱི་ཁྱབ་ཧྲུའུ་ཅིས་ཞིན་ཅང་སློབ་ཆེན་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ཐུགས་ཁུར་ཆེན་པོ་གནང་ཡོད། ཡུན་ཕན་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱེད་ཐབས་ལག་བསྟར་བྱེད་པར་རྒྱུན་འཛིན་པ་ཡོད་པ་བྱེད་པའི་རྩ་བའི་ཇུས་ཆེན་འདི་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས།

སྐམ་སའི་གྲུ་ཁ་སྟེ། དར་གོས་ཚོང་ལམ་གྱི་གྲུ་ཁ་གསར་པའི་སྒོ་འབྱེད་ཀྱི་མཐོ་ས།

རིག་གནས་དང་སློབ་གསོའི་མཐོ་ས་སྟེ། ཞིན་ཅང་སློབ་ཆེན་ལ་གཟིགས་སྐོར་གནང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྒོ་འབྱེད་ཀྱི་མཐོ་ས་སྟེ། ཝུའུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་ཕེབས།

ཞིན་ཅང་ནི་རང་རྒྱལ་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད་ཅིང་། གལ་སྲིད་འཛམ་གླིང་ས་བཀྲར་བལྟས་ཚེ། དེ་ནི་ཏག་ཏག་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོའི་ལྟེ་བར་གནས་ཡོད།

སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་པར། ཞིན་ཅང་དུ་རྟོག་ཞིབ་གནང་བའི་ལམ་བར་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཞིན་ཅང་གི་དར་གོས་ཚོང་ལམ་གྱིས་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་དང་ནུས་པ་ཐོན་འདུག་པར་བསྟན་པ་དང་།  ཟླ་བ་གཅིག་གི་རྗེས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་ཞིན་ཅང་གི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་གཙོ་བོར་བསྐྲུན་དགོས་ཞེས་གསུངས།

ད་ལྟ།   གནའ་བོའི་དར་གོས་ཚོང་ལམ་སྟེང་ཕྱི་ནང་སྦྲེལ་ཞིང་བར་མཚམས་མི་ཆད་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་མེ་འཁོར་རེ་རེ་ནི་ལྕགས་ཀྱི་རྔ་མོང་རུ་ཁག་རེ་རེ་དང་འདྲ་བར་བསྐྱོད་བཞིན་ཡོད། དེ་ནི་རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་རིམས་ནད་འགོག་པའི་ཚེ་སྲོག་གི་བགྲོད་ལམ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་འཕར་རྩ་ཆེན་པོ་ཞིག་ཀྱང་རེད།

ཝུའུ་ལུའུ་མུའུ་ཆིའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁུལ་ནི་རྒྱལ་ཡོངས་ཀྱི་སྐམ་སའི་གྲུ་ཁའི་རྒྱལ་ཁབ་སྐྱེལ་འདྲེན་ལྟེ་གནས་ཁག་དང་པོའི་གྲས་ཤིག་ཡིན་ལ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཀྱང་རེད།

སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོར་ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་ཝུའུ་ལུའུ་མུའུ་ཆིའི་གཅིག་བསྡུས་ལྟེ་གནས་དེ་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་གཅིག་བསྡུས་ལྟེ་གནས་ཀྱི་དཔེ་མཚོན་བཟོ་སྐྲུན་ནང་དུ་བཅུག

རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་མ་ཆེན་པོ་བྱེད་པ་དང་མཉམ་དུ་ཞིན་ཅང་ནི་མཐའ་མཚམས་ཀྱི་ཐག་རིང་ས་ཆ་ཞིག་མིན་པར་དེ་ལས་ལྡོག་ཏེ་ལྟེ་བའི་ཁུལ་ཞིག་ཡིན་པས། ཁྱེད་ཚོས་སྒྲུབ་པའི་ལས་ཀར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅིང་དེར་གྲུབ་འབྲས་ཡག་པོ་ཐོབ་ཡོད་པས། ཡང་འབད་བསྐྱར་འབད་བྱེད་དགོས་ལ་དེར་འོད་སྣང་ལྡན་པའི་མདུན་ལམ་ཡང་ཡོད་ཅེས་བསྟན།

འཕེལ་རྒྱས་ནི་ཞིན་ཅང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཞིན་ཅང་གི་ས་ཁོངས་གནས་བབ་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ནང་ལོག་སྐམ་སའི་སྒོ་འབྱེད་དང་མཐའ་མཚམས་འགྲམ་རྒྱུད་ཀྱི་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་ཏེ། མི་དམངས་ཕྱུག་པོ་དང་ཞིན་ཅང་དར་རྒྱས་ཡོང་ཆེད་མཐུན་རྐྱེན་སྔར་ལས་ཆེ་བ་བསྐྲུན་དགོས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ལགས་ཝུའུ་ལུའུ་མུའུ་ཆིའི་སྐམ་སའི་གྲུ་ཁའི་ཁུལ་ལ་གཟིགས་ཞིབ་ཏུ་ཕེབས་དོན་ཡང་རེད།

སྡེ་ཁུལ་ལ་གཟིགས་ཞིབ་གནང་བ། ཞིན་ཅང་དར་རྒྱས་དང་བརྟན་འཇགས་ཡོང་བར་བྱེད་རྒྱུ་དེ་གཙོ་བོ་གཞི་རིམ་ལ་ཐུག་ཡོད།

སྤྱི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེན་ཧྲན་ཁུལ་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ་ཕེབས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ནན་ཏན་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དེ་སྤྱི་ལོ་ཉིས་སྟོང་གཅིག་ལོར་བཙུགས་པ་དང་། ད་ལྟ་ཁྱིམ་ཚང་སྟོང་གཅིག་དང་བདུན་བརྒྱ་ལྔ་བཅུ་དང་མི་གྲངས་སྟོང་བཞི་དང་དྲུག་བརྒྱ་སོ་ལྔ་ཡོད་པ་རེད། དེ་དག་གི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་སྡེ་ཁུལ་གྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་ལྔའི་ཡན་ཟིན་ཡོད་ཅིང་། དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་རེད།

ཀུའུ་ཡོན་སྲང་ལམ་སྡེ་ཁུལ་གྱི་རྒན་གཅིག་གཞོན་གཅིག་གི་ཞབས་ཞུའི་སྤུས་རྟགས་དེར་ས་གནས་དེ་རུ་སྐད་གྲགས་ཆེན་པོ་ལྡན་པ་རེད། རྒན་གཅིག་ཅེས་པ་ནི་རྒན་རྒོན་ལ་ཉིན་མོ་ལྟ་སྐྱོང་བྱེད་སའི་ལྟེ་གནས་བཙུགས་ནས། ཁོ་ཚོར་བདེ་ཐང་ལུས་གསོ་དང་རིག་གནས་རོལ་རྩེད། བཟའ་བཏུང་མཁོ་འདོན་སོགས་བྱེད་པའི་ཞབས་ཞུར་ཟེར་བ་དང་། གཞོན་གཅིག་ཅེས་པ་ནི་གཞོན་ནུ་ལོ་ཆུང་གི་ཁྱིམ་གཞིས་ནང་འདྲེན་བྱས་ནས་ཚན་རིག་ཁྱབ་གདལ་དང་། ཡིག་གཟུགས། ཞབས་བྲོ་སོགས་ཀྱི་བྱེད་སྒོ་སྤེལ་བར་ཟེར་གྱི་ཡོད།

སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་པར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་ཚོགས། སྤྱི་ཁྱབ་ཧྲུའུ་ཅིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་ལ་བྱ་དགའ་གནང་། ཀུའུ་ཡོན་སྲང་ལམ་སྡེ་ཁུལ་ནི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་དྲུག་བརྒྱ་དང་རེ་ལྔའི་གྲས་ཀྱི་གཅིག་རེད།

ལོ་ངོ་བརྒྱད་ཀྱི་སྔོན་དུ་ཤིན་ཅང་དུ་རྟོག་ཞིབ་གནང་དུས། སྤྱི་ཁྱབ་ཧྲུའུ་ཅིས་ཞིན་ཅང་གི་གནད་དོན་དེ་ནི་དཀའ་ལས་ཆེ་ཤོས་དང་ཡུན་རིང་ཤོས་ཀྱི་སྟེང་ནས་བཤད་ན་སྔར་བཞིན་མི་རིགས་མཐུན་སྒྲིལ་གྱི་གནད་དོན་དེ་རེད་ཅེས་གསུངས།

སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་པའི་ནང་། ཀྲུང་དབྱང་གི་ཞིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་། ་མཐུན་སྒྲིལ་བྱས་ནས་ཞིན་ཅང་བརྟན་འཇགས་ཡོང་བར་བྱེད་རྒྱུ་དེ་གནས་བབ་གལ་ཆེན་གྱི་སྟེང་དུ་བཞག་ཡོད།  སྤྱི་ཁྱབ་ཧྲུའུ་ཅིས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ཐོག རྒྱུན་ཆད་མེད་པར་རིགས་སོ་སོའི་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞིན་ཅང་དར་རྒྱས་དང་བརྟན་འཇགས་ཡོང་བར་བྱེད་པའི་འགག་རྩ་དེ་གཞི་རིམ་ལ་ཐུག་ཡོད།

ཀུའུ་ཡོན་སྲང་ལམ་སྡེ་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅིས་སྡེ་ཁུལ་གྱི་བྱ་བར་ང་རང་གིས་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་གཞི་རིམ་གྱི་བྱ་བ་ཡག་པོ་སྒྲུབ་དུས་ངེས་པར་དུ་མང་ཚོགས་དང་ཉེ་བར་བཅར་ཏེ་མང་ཚོགས་ཀྱི་བསམ་འདུན་རྟོགས་པར་བྱེད་དགོས་པ་དང་། དེ་རྗེས་ཚང་མའི་དགོས་མཁོ་ལྟར་ང་ཚོའི་བྱ་བ་བསྒྲུབ་དགོས་ཞེས་གསུངས།

རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་པ་སྟེ།  ལོ་རྒྱུས་ཀྱི་དཔང་པོ། སྙིང་སྟོབས་ཀྱི་རྒྱུན་འཛིན།

ཝུའུ་ལུའུ་མུའུ་ཆི་རུ། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་བ་རེད།

རྟེན་མཛོད་ཁང་དེ་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་དགུ་ལོར་བསྐྲུན་པ་དང་།  སྤྱིའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་བཞི་དང་སྟོང་དགུ་དྲུག་བརྒྱ་ཟིན་པའི་རྟེན་རྫས་བཤམས་མཛོད་ཁང་དེ་ནི།  ཞིན་ཅང་ཡོངས་ཀྱི་རིག་དངོས་དང་དངོས་དཔེ་བསྡུ་ཉར་སྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག དྲིལ་སྒྲོག་སློབ་གསོ་བཅས་ཀྱི་སྒྲིག་གཞི་ཆེ་ཤོས་དེ་ཡིན་ཞིང་། དེའི་ནང་གི་ཁྱད་ལྡན་ཉར་རྫས་གཙོ་བོའི་ཁྲོད་འཁེལ་འཐག་དངོས་པོ་དང་ཤོག་ངོས་ཡིག་ཆ། ཚོན་ལྡན་འཇིམ་བཟོ་སོགས་འདུ་ཡོད།

རྟེན་རྫས་བཤམས་མཛོད་ཁང་དེའི་ནང་ཞིན་ཅང་གི་ལོ་རྒྱུས་རིག་དངོས་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་ཡོད་པ་དང་།  འགྲེམས་སྟོན་དངོས་པོ་སྟོང་གཅིག་བདུན་བརྒྱ་ལྷག་ཙམ་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ཞིབ་ཕྲའི་གནས་ཚུལ་མཚོན་པར་བྱས་ཡོད་ལ།  ཞིན་ཅང་ནི་གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ར་སྤྲོད་ཁུངས་སྐྱེལ་བྱས་ཡོད།

ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེར་ཁེ་ཙེ་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་མ་ན་སི་ཞེས་པའི་གཞས་མ་གཏམ་འཁྲབ་སྟོན་ལ་གཟིགས་པར་མ་ཟད། མ་ན་སི་ཡི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་བཀའ་མོལ་གནང་།  ཁོང་གིས། མ་ན་སི་ཞེས་བྱ་བའི་རིག་གནས་ཤུལ་བཞག་འདི་ལྟ་བུ་ནི་གྲངས་ཉུང་མི་རིགས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཀྱང་ཡིན་པས། དེར་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ། ལེགས་སྒྲིག་ཡག་པོ་བཅས་བྱས་ནས། དར་སྤེལ་གཏོང་དགོས་ཞེས་ནན་གྱིས་གསུངས།

སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གསུམ་པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས་བོད་ཀྱི་གེ་སར་སྒྲུང་དང་ཞིན་ཅང་གི་མ་ན་སི། སོག་པོའི་ཇིང་གིར་བཅས་མི་སེམས་འགུལ་ཞིང་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་རིང་མོ་གསུམ་གླེང་ཡོད།

དེ་དག་གི་ཁྲོད་དུ། མ་ན་སི་ནི་ཞིན་ཅང་ཁེར་ཁེ་ཙེ་རིགས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་པ་དང་། ལོ་རྒྱུས་སྙན་ངག་དེའི་ནང་དཔའ་བོ་མ་ན་སི་དང་ཁོང་གི་མི་རབས་བདུན་གྱི་བུ་རབས་ཚ་རྒྱུད་ཀྱིས་སྔ་ཤུལ་རྒྱུན་འཛིན་གྱིས་ཁེར་ཁེ་ཙེ་མི་དམངས་ཀྱི་སྣེ་ཁྲིད་ནས་བཙན་འཛུལ་པར་འཐབ་རྩོད་བྱས་པའི་གཏམ་རྒྱུད་བརྗོད་ཡོད་ཅིང་། དཔའ་མི་ཞུམ་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་མི་རིགས་སྙིང་སྟོབས་ལ་འགྲེལ་བརྗོད་བྱས་ཡོད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ནི་གནའ་སྔ་མོ་ནས་སྲ་ཞིང་བརྟན་པ་ཞིག་ཡིན།

ཁྲིམས་ལྟར་ཞིན་ཅང་བཅོས་སྐྱོང་བྱེད་པ་དང་། མཐུན་སྒྲིལ་གྱིས་ཞིན་ཅང་བརྟན་འཇགས་ཡོང་བ་བྱེད་པ། རིག་གནས་ཀྱིས་ཞིན་ཅང་ལ་ཉམས་སྣང་བརྒྱན་པ། དམངས་ཕྱུག་ལ་བརྟེན་ནས་ཞིན་ཅང་དར་རྒྱས་ཡོང་བར་བྱེད་པ། ཡུན་རིང་ཞིན་ཅང་འཛུགས་སྐྱོང་བྱེད་པ་བཅས་ནི་ལོ་གཉིས་ཀྱི་སྔོན་དུ་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་སྟེང་བཏོན་པའི་དུས་རབས་གསར་པར་ཏང་གིས་ཞིན་ཅང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་ཤིག་ཡིན། སློབ་གྲྭ་ཆེན་མོ་དང་སྐམ་སའི་གྲུ་ཁའི་ཁུལ་བར་དང་། སྡེ་ཁུལ་ནས་རྟེན་རྫས་བཤམས་མཛོད་ཁང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིར་ཝུའུ་ལུའུ་མུའུ་ཆིར་རྟོག་ཞིབ་གནང་བའི་སྔ་ཕྱིའི་གོ་རིམ་དེ་ནི། ཞིན་ཅང་བཅོས་སྐྱོང་གི་བྱེད་ཐབས་ཁྱོན་ཡོངས་དང་གནད་དུ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པའི་གསལ་བསྒྲགས་མངོན་གསལ་དོད་པོ་ཞིག་རེད།

                                                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།