ཏང་ཡོན་རྒན་པ་ཞིག་གི་བདེ་སྐྱིད་ཀྱི་ཁྱིམ་གཞི་ཆེན་མོ།
2022.07.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 154

དབྱར་ཟླ་དྲུག་པའི་རྨ་ཡུལ་རྩྭ་ཐང་ནི་ལྗང་མདོག་གི་ཞིང་ཁམས་ཤིག་དང་མེ་ཏོག་གི་འཇིག་རྟེན་ཞིག་ཡིན་ཞིང་། ད་ལོར་མཚོན་ན་རྨ་ཡུལ་རྩྭ་ཐང་དུ་དེ་ལས་ལྷག་པའི་མཛེས་ལྗོངས་གསར་བ་ཞིག་མངོན་པ་ནི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ཡུལ་ཕྱོགས་ཀུན་ཏུ་ཚ་ཚ་འུར་འུར་གྱིས་སྒྲོག་འགྲེལ་དང་སློབ་སྦྱོང་བྱེད་པའི་རྣམ་པ་དེ་རེད།

མགོ་ལོག་ཁུལ་དར་ལག་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཆེས་ཐོག་མར་འཛུགས་སའི་གནས་དང་སྐར་ལྔའི་དར་དམར་ཆེས་ཐོག་མར་བསྒྲེངས་སའི་ཡུལ་ཡིན་པས། རྫོང་དེ་རུ་དམར་པོའི་གཞི་རྒྱུ་ཡི་གནས་རྙིང་མང་ཞིང་གསར་བརྗེའི་རྒན་རབས་པའི་མི་སྣ་གྲགས་ཅན་དེ་ལས་ཀྱང་མང་པོ་ཡོད་པར་སྨྲོས་མ་དགོས།

ང་ཚོའི་བཅར་འདྲི་ཚན་ཆུང་དར་ལག་རྫོང་དུ་ཐོན་དུས། ཏག་ཏག་སྐབས་དེར་རྫོང་ཏང་ཨུ་ཡིས་བདུན་གཅིག་ཏང་བཙུགས་ཉིན་མོ་བསུ་བའི་བྱ་འགུལ་རབ་དང་རིམ་པར་སྤེལ་བཞིན་ཡོད་པ་དང་། བདུན་གཅིག་ཏང་བཙུགས་ཉིན་མོའི་སྔ་གཞུག་ཏུ་ཏང་ཡོན་རྒན་པར་འཚམས་འདྲི་ཞུ་བ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་བོ་ཞིག་ཏུ་ཆགས་ཡོད། དེ་བས་ང་ཚོའི་བཅར་འདྲི་ཚན་ཆུང་གིས་ཀྱང་ཕྱོགས་ཡར་མར་ལ་འདྲི་བརྩད་གང་མང་བྱས་མཐར། རྫོང་དེ་ན་ད་ལོ་དགུང་ལོ་གྱ་དྲུག་ལ་སོན་ཞིང་ཏང་ནང་དུ་ཞུགས་ནས་ལོ་རེ་གསུམ་འགོར་ཡོད་པའི་བོད་རིགས་ཏང་ཡོན་རྒན་པ་ཞིག་ཡོད་པ་གཞི་ནས་ཤེས་ཏེ་དེར་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་འགོག་ཐབས་བྲལ།

ཏང་ཡོན་རྒན་པ་ཀུན་གྲུབ་ནི་མགོ་ལོག་རང་ས་ནས་སྐྱེས་པའི་གསར་བརྗེའི་རྒན་རབས་པ་ཞིག་ཡིན་ཏེ། 1936ལོའི་ཟླ12པའི་ཚེས10ཉིན་མགོ་ལོག་ཁུལ་དར་ལག་རྫོང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། 1953ལོའི་ཟླ3པར་བྱ་བའི་ནང་ཞུགས་པ་དང་། 1959ལོའི་ཟླ12པར་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཏེ། མགོ་ལོག་བཅིངས་འགྲོལ་དང་མི་དམངས་སྲིད་དབང་གསར་འཛུགས་བྱེད་པའི་ཐད་ལ་བསུབ་ཐབས་བྲལ་བའི་བྱས་རྗེས་ཆེན་པོ་བཞག་ཡོད་པས། མགོ་ལོག་མི་དམངས་ཀྱིས་ཁོ་རང་བརྗེད་མི་སྲིད།

མགོ་ལོག་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། ཤར་ཕྱོགས་ཀན་སུའུ་ཞིང་ཆེན་དང་ལྷོ་ཕྱོགས་སི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བདུན་ལྔ་སྟོང་ལྷག་ཡོད་པ་དང་། མཚོ་སྔོན་གྱི་བོད་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་གྱི་གྲས་གཅིག་ཡིན། ཁུལ་དེའི་མངའ་ཁོངས་སུ་རི་རབ་མང་པོ་ཕྲེང་བསྟར་བསྒྲིགས་ཤིང་གངས་རིའི་རྩེ་མོ་དགུང་ལ་བསྙེག་པ། ཡངས་པའི་རྩྭ་ཐང་ཕ་མཐའ་བྲལ་ཞིང་རྨ་ཆུ་སྔོན་མོ་དལ་གྱིས་བཞུར་བ་སོགས་ཕྱིའི་སྣོད་ཀྱི་བཀོད་པ་མཛེས་སྡུག་ལྡན། ཆ་སྙོམས་ཀྱི་མཚོ་འཕང་ལ་མུས་བཞི་སྟོང་ཡན་ཏུ་ཡོད་པས་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པ། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱི་དབང་གིས་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ནང་དུ་ཕྱི་རོལ་ཡུལ་དང་གཏན་ནས་འབྲེལ་འདྲིས་མེད་པའི་ཡུལ་གྲུ་ཞིག་ཏུ་གྱུར། 1952ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་ཡིས་ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་ལྟར། ཀྲུང་གུང་མགོ་ལོག་ལས་དོན་ཨུ་ཡོན་ལྷན་ཁང་དང་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་མགོ་ལོག་ལས་དོན་ཚོགས་པ་དངོས་སུ་བཙུགས་ཤིང་། བློ་མཐུན་བཀྲ་ཤིས་དབང་ཕྱུག་ལས་དོན་ཚོགས་པའི་ཚོགས་གཙོ་དང་བློ་མཐུན་མ་བན་ལིས་ཚོགས་གཙོ་གཞོན་པར་བསྐོ་འཇོག་བྱས་ཏེ། མགོ་ལོག་ས་ཁུལ་བཅིངས་འགྲོལ་དང་མི་རིགས་ས་ཁུལ་གྱི་རང་སྐྱོང་སྲིད་དབང་གསར་འཛུགས་བྱས་པ་དེ་ནི་རང་རེའི་ཏང་གིས་རྒྱལ་ཁབ་བཙུགས་པའི་དུས་འགོར་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་རྗེས། ཡང་དག་པའི་མི་རིགས་སྲིད་ཇུས་ལག་ལེན་དང་དོན་དངོས་གཞིར་བཟུང་ནས་མི་རིགས་གནད་དོན་ཐག་གཅོད་བྱས་པའི་དཔེ་མཚོན་ཞིག་ཀྱང་ཡིན།

སྐབས་དེར་ལོ་ན་བཅུ་བཞི་ལ་སོན་པའི་ཀུན་གྲུབ་ནི་ཕ་མེད་མ་མེད་ཀྱི་བྱིས་པ་དྭ་ཕྲུག་ཞིག་ཡིན་པས། ཨ་ཅེ་གཅིག་པུས་གཉོར་སྐྱོང་ལ་བརྟེན་ནས་ཁོ་རང་རིམ་བཞིན་ནར་སོན་པ་དང་། དེ་དུས་ཡུལ་ཕྱོགས་དེ་རུ་སློབ་གྲྭ་ཞེས་པའི་མིང་ཙམ་ཡང་མེད་པར་ཁོ་རང་ཡང་རང་སྡེའི་ན་མཉམ་སྤུན་ཟླ་ཚོ་དང་འདྲ་བར་འུར་ཆ་འཛིན་པའི་ཕྱུགས་རྫི་ཆུང་ཆུང་ཞིག་ཏུ་གྱུར། ཁོ་རང་སྟེས་དབང་གིས་གོ་སྐབས་ཤིག་ལ་འཕྲད་བྱུང་སྟེ། མགོ་ལོག་ལས་དོན་ཚོགས་པ་དང་ཁོ་ཚང་ནི་ཁྱིམ་མཚེས་ལྟ་བུ་གྱུར་ཡོད་པས། ཉིན་རྒྱུན་ལས་བྱེད་པ་དག་ཁོ་ཚང་དུ་ཡོང་ནས་ཁམས་བདེ་འཚམས་འདྲི་དང་བདེ་ཐང་སློབ་གསོ་སོགས་ཀྱི་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་ཀྱིན་ཡོད་སྟབས། ཁོ་ཚོའི་བར་ལ་གཞན་ལས་ལྷག་པའི་འབྲེལ་བ་གཏིང་ཟབ་དུ་གྱུར་ནས་རེ་ཞིག་ལ་ཀུན་གྲུབ་ཀྱིས“དང་བླངས་པ”ཞིག་གི་ཚུལ་དུ་མགོ་ལོག་ལས་དོན་ཚོགས་པར་རང་ནུས་གང་ཡོད་ཀྱིས་ཞབས་ཞུ་བསྒྲུབས།

བཅིངས་འགྲོལ་སྔོན་གྱི་མགོ་ལོག་ས་ཁུལ་ནི་རྗེས་ལུས་ཀྱི་གནས་སུ་གྱུར་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱི་ཆེས་གཞི་རྩར་གྱུར་བའི་ཐོན་སྐྱེད་བྱ་འགུལ་ནི་ཕྱུགས་ཟོག་འཚོ་སྐྱོང་དང་རི་དྭགས་རྔོན་པ་སོགས་གདོད་མའི་འཚོ་བ་རོལ་སྟངས་ཡིན་པས། མི་རྣམས་ཀྱི་འཚོ་བ་ཧ་ཅང་མེད་པོ་ཐབས་རྡུགས་ཡིན་ཞིང་། ལྷག་པར་དུ་ས་དེའི་འབྲོག་དམངས་ལ་འཕྲོད་བསྟེན་གཙང་སྤྲ་ཕྱོགས་ཀྱི་རྒྱུན་ཤེས་ཕྲན་ཙམ་མེད་སྟབས། མི་ལུས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་བཞིན་ཡོད། དེ་བས་མགོ་ལོག་ལས་དོན་ཚོགས་པས་ཡིད་སྐྱོ་བའི་གནས་ཚུལ་དེ་དག་ལ་དམིགས་ནས་ཆེད་དུ་འབྲོག་པའི་བུ་བུ་མོ་ནང་ལོག་ས་ཁུལ་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་འགྲོ་བ་སྐུལ་མ་གཏོང་བཞིན་ཡོད་པས། ཀུན་གྲུབ་ཀྱང་གོ་སྐབས་དེའི་ནང་ཚུད་དེ་ནང་ལོག་ཏུ་འགྲོ་བར་སྐལ་བ་ལྡན་ལ། ཁོ་ཚོ་མི་བཅུ་དྲུག་ལས་གྲུབ་པའི་སློབ་མའི་དཔུང་སྡེ་དེ་ནི་མགོ་ལོག་ནང་ཁུལ་གྱི་འབྲོག་པའི་བུ་བུ་མོ་ནང་ལོག་ཏུ་སློབ་སྦྱོང་བྱེད་པར་འགྲོ་བའི་སློབ་མ་སྐོར་ཐེངས་དང་པོ་ཡིན།

1954ལོར་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་པས་མགོ་ལོག་ས་ཁུལ་གྱི་སློབ་མ་བཅུ་དྲུག་པོ་ལན་ཀྲིག་ཏུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གླིང་དུ་བསྐྱལ་ཏེ་དུས་ཡུན་ལོ་གཅིག་གི་རིང་ལ་ཟབ་སྦྱོང་བྱེད་དུ་བཅུག་པ་དང་། 1955ལོར་ནུབ་བྱང་གི་ཞིང་ཆེན་ལྔའི་ཐུན་མོང་ལྟ་སྐོར་ཚོགས་པ་རྩ་འཛུགས་བྱས་ཏེ། པེ་ཅིན་དང་ཧྲང་ཧེ། ཐེན་ཅིན་སོགས་སུ་ལྟ་སྐོར་དུ་ཁྲིད་རྗེས་ཕྱིར་པེ་ཅིན་ཏུ་འབྱོར་ཞིང་། ནུབ་བྱང་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བང་ཧྥིན་གྱིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད། ད་དུང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གདན་འདྲེན་ཞུས་ཏེ་ཏང་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་ཐོབ།

དེ་ལྟར་ཀུན་གྲུབ་སོགས་མགོ་ལོག་ས་ཁུལ་གྱི་སྐོར་ཐེངས་དང་པོའི་སློབ་མ་བཅུ་དྲུག་པོར་མཚོན་ན་ཚེ་འདིར་ཐོག་དང་པོ་རྩྭ་ཐང་དང་ཁ་བྲལ་ནས་གྲོང་ཁྱེར་དུ་བསྐྱོད་པ་ཡིན་པས། ལྟ་རྒྱ་དང་ཐོས་རྒྱ་སྔར་ལས་ཇེ་ཆེར་སོང་ནས་རང་ཡུལ་རྗེས་ལུས་བག་འཁུམ་ཡིན་པའི་ཚོར་སྣང་དྲག་པོ་རྒྱུད་ལ་སྐྱེས། ཁོ་ཚོ་ཕྱིར་མགོ་ལོག་ཏུ་ལོག་ནས་ལོ་ཕྱེད་ཙམ་འགོར་རྗེས་གཞི་ནས་བྱ་བ་བཀོད་སྒྲིག་བྱས་ཏེ། ཀུན་གྲུབ་དར་ལག་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ལས་བགོས་བྱས་པ་དང་། དུས་དེ་ནས་བཟུང་ཏང་དར་འོག་གི་རྒྱལ་ཁབ་ལས་བྱེད་པ་ཞིག་གི་གཟི་བརྗིད་མཚན་སྙན་ཕྲག་ཏུ་ཁུར་ནས་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏང་བའི་ཕྱོགས་ལ་སྟོབས་ཤུགས་ཕུལ།

ཁོ་རང་བྱ་བར་ཞུགས་རྗེས་སྔ་གཞུག་ཏུ་སྡེ་ནང་ཡུལ་ཚོ་དང་སྨར་འབྲིང་ཡུལ་ཚོ་སོགས་ཆེས་དཀའ་ཁག་ཆེ་བའི་གཞི་རིམ་འབྲོག་ཁུལ་དུ་བྱ་བ་བསྒྲུབས་ནས་མི་ཚེ་ཧྲིལ་བོ་མགོ་ལོག་རྩྭ་ཐང་དུ་ཕུལ་ཞིང་། སྤྱིར་བཏང་གི་ལས་རྐང་དཀྱུས་མ་ཞིག་གི་སྟེང་ནས་སྤྱིར་བཏང་མ་ཡིན་པའི་འབུར་ཐོན་གྱི་བྱས་རྗེས་ཆེན་པོ་ཞིག་བཞག་མེད་མོད། འོན་ཀྱང་ཁོ་རང་ཏང་ལ་བློ་དཀར་བ་དང་ཏང་གི་རྗེས་སུ་འབྲང་པའི་བླ་མེད་ཀྱི་སྙིང་སྟོབས་དང་། རྟག་བརྟན་གྱི་ཕུགས་འདུན་གྱིས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གསར་བ་སྐྱེད་བསྲིང་བྱེད་པའི་ཐད་ལ་གཞན་ལས་ལྷག་པའི་བྱས་རྗེས་ཆེན་པོ་བཞག་ཡོད།

སྤྱི་ཚོགས་རྙིང་བའི་ནང་སྐྱེས་ཤིང་དར་དམར་འོག་ནར་སོན་པའི་ཀུན་གྲུབ་ནི1959ལོར་གཟི་བརྗིད་ལྡན་པའི་ངང་ནས་ཏང་ནང་དུ་ཞུགས་ཏེ་ད་ལྟའི་བར་དུ་ལོ་རེ་གསུམ་འགོར་ཡོད་པས། ན་ནིང་ལོར་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ། ཏང་ཀྲུང་དབྱང་གིས་ཏང་ནང་དུ་ཞུགས་ནས་ལོ་ལྔ་བཅུ་ལོན་པའི་ཏང་ཡོན་རྒན་པ་དག་ལ་གཟི་བརྗིད་ཀྱི་ཏང་ལོ་ལྔ་བཅུ་ཞེས་པའི་རྗེས་དྲན་གྱི་རྟགས་མ་རེ་གནང་བྱུང་བ་དང་། ཀུན་གྲུབ་ལའང་གཟི་བརྗིད་རྟགས་མ་དེ་ཐོབ་བྱུང་བས། དགའ་སྤྲོ་ཚད་མེད་སྐྱེས་ཏེ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་བའི་ཚུལ་བསྟན་པ་མ་ཟད། རང་གི་བུ་རབས་ཚ་རྒྱུད་ཚོ་རྒྱུན་པར་ཏང་ལ་ལྷག་བསམ་དཀར་དགོས་པ་དང་ཏང་གི་གསུང་ལ་ཉན་དགོས་པ་སོགས་ཀྱི་སློབ་གསོ་བཏང་བས་འབྲས་བུའམ་ཡང་ན་ཁོ་རང་གིས་ཚེ་འདིར་ཡོད་ཚད་ཏང་ལ་འབུལ་བའི་བླ་མེད་སྤྱོད་བཟང་གི་ཤུགས་རྐྱེན་འོག་ཁོའི་བུ་རབས་ཚ་རྒྱུད་མང་པོ་ཞིག་ཏང་དུ་ཞུགས་ཏེ་རང་རང་གི་ལས་རྐང་གི་སྟེང་དུ་མི་དམངས་ལ་ཞབས་འདེགས་བསྒྲུབ་བཞིན་ཡོད། དེའི་སྐོར་ཁོའི་བུ་བསོད་རིན་གྱིས་བཤད་རྒྱུར།

ཏང་ཡོན་རྒན་པ་ཀུན་གྲུབ་ནི་མགོ་ལོག་བཅིངས་འགྲོལ་གྱི་ལོ་རྒྱུས་དཔང་པོ་ཡིན་ཞིང་།སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དཀའ་སྡུག་གི་ལོ་ཟླ་བརྒྱུད་མྱོངས་བའི་གསར་བརྗེའི་རྒན་རབས་པ་ཞིག་ཀྱང་ཡིན། དེ་བས་ཁོའི་མི་ཚེ་གང་བོར་མགོ་ལོག་འཕེལ་རྒྱས་ཀྱི་ལས་དོན་ཐད་བསྟིམས་ཡོད་པས།མགོ་ལོག་མི་དམངས་ཀྱིས་ཁོ་རང་བརྗེད་མི་སྲིད།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

དོ་དམ་པ། བསོད་ནམས་དོན་གྲུབ།

ལྟ་སྐུལ་བ།དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།