ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་།
2022.07.29 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 11

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མཆོང་སྐྱོད་བྱེད་པའི་རྒྱང་སྐྱོད་ལམ་བུའི་སྟེང་།  ཏང་ཡོངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་རང་རྟོན་དང་རིགས་པའི་གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་སྟོན་བཅས་ཇེ་བརྟན་དུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།”

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་བསུ་བ་བྱེད་པའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིན་དུ་ཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ནས། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ནས། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་ངོ་བཅུའི་རླབས་ཆེན་འཕོ་འགྱུར་སྐོར་ནས་རྒྱས་བཤད་ཟབ་མོ་བྱས།   དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རྒྱས་བཤད་ཟབ་མོ་གནང་ཞིང་།  མ་འོངས་པའི་དུས་སྐབས་ཤིག་གི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་རྒྱས་བཤད་ཟབ་མོ་གནང་བ་དང་།  ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ངར་སེམས་དང་སྙིང་སྟོབས་ཆེ་རུ་བསྐྱེད་པ་དང་ཞུམ་མེད་མདུན་སྐྱོད་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབྲི་དགོས་པར་སྐུལ་མ་གནང་།

མི་འགྱང་པར་འཚོག་ལ་ཉེ་བའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། མ་འོངས་པའི་ལོ་ལྔ་དང་ཡང་ན་དུས་ཡུན་དེ་ལས་རིང་བའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས། སྲིད་ཇུས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་པ་དང་།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བཅས་ལ་འབྲེལ་བ་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་ལ་བསམ་བློ་གཏིང་ཟབ་པར་མ་ཟད། རྩོམ་ཡིག་ཧྲིལ་པོའི་ནང་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་འོད་སྟོང་འཕྲོ་བཞིན་ཡོད་པས་ཆབ་སྲིད་རང་བཞིན་དང་རིགས་པའི་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚོགས་པར་ཆབ་སྲིད་ཀྱི་རྨང་གཞི་དང་བསམ་བློའི་རྨང་གཞི།  རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ལོ་བཅུ་ཡི་རིང་ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་འཕྲད་མྱོང་། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་དང་ཁོང་དུ་ཆུད་པར་བྱས་པ་དང་།  རླབས་ཆེ་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས།  རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་བྱ་གཞག  རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ།  ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞུན་བརྡར་མདུན་སྐྱོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཁ་ཕྱོགས་གསལ་སྟོན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་པས་རེད།

དར་ཆས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་ཁ་ཕྱོགས་ཀྱིས་བགྲོད་ལམ་གཏན་འཁེལ་བྱེད་པ། བགྲོད་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་ཀྱི་ཡོད། ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་རིང་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཀྲུང་གོའི་དོན་དངོས་དང་མཐུན་པའི་བགྲོད་ལམ་ཡང་དག་འཚོལ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོད་ཚད་ཀྱི་བརྗོད་བྱ་གཙོ་བོ་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་ཤིང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་རེད། རླབས་ཆེ་བའི་ལག་ལེན་ཁྲོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བདེ་བླག་ངང་བསྐྱོད་ནས་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བཏོད་པ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་གཏན་ཚིགས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ཤིང་ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། ཀྲུང་གོ་དང་དུས་རབས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་བླང་བྱ་དང་འཚམ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཡིན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པ་བཅས་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད།  སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་གཏོང་མི་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པ་ལོ་རྒྱུས་ཀྱིས་མུ་མཐུད་དུ་ར་སྤྲོད་བྱས་དང་བྱེད་བཞིན་ཡོད།

མིག་སྔར། འཛམ་གླིང་དུ་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་བྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་ཆེ་རུ་ཕྱིན་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་མིན་པས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་ཕོད་པར་བྱས་ནས། དཀའ་ཚེགས་སྔར་ལས་ཆེ་བ་དང་སྔར་ལས་འབད་བརྩོན་ཆེན་པོ་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས་པ་གསལ་བོར་ཤེས་དགོས། ཏང་གིས་ལོ་རྒྱུས་ཀྱི་གནས་ས་གསར་པའི་ཐོག་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པའི་ཆེས་གཞི་ནི་རྩ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དེ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་ལ་ང་ཚོས་མ་འོངས་པ་གསར་གཏོད་བྱེད་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། མདུན་སྐྱོད་ཀྱི་ལམ་བུར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྐྱོད་ན། ང་ཚོས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཡིས“ཏང་གིས་རྒྱང་སྐྱོད་གསར་པའི་ལམ་བུའི་སྟེང་དར་ཆ་ཅི་ཞིག་སྒྲེང་བ་དང་ལམ་གང་ཞིག་ཏུ་སྐྱོད་པ། བསམ་པའི་གནས་སྟངས་གང་འདྲ་ཞིག་ལ་བརྟེན་པ། དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་པ་བཅས་གསལ་པོ་བསྟན་པ་དེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ཐོབ་ཆེད་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན”ཞེས་གསུངས། མིག་སྔར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས“འདུ་ཤེས་བཞི”ཇེ་དྲག་དང་“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་ཀྱི་ཐོག་ནས་ཡིད་ཆེས་བརྟན་གཏོང་དང་འབད་འབུངས་ཡར་བརྩོན་གྱིས་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

                                                                         ཡིག་སྒྱུར་བ། གཡང་འབུམ་རྒྱལ།