སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས།
2022.08.01 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 10

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ7ཚེས26ཉིན་ནས་ཚེས27ཉིན་གྱི་བར།  ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིན་དུ་བསྡུས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་རག་ལས་ པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བས། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་བ་རེད།  ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་བརྩམས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་གྱིས་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་གྱི་ལོ་ལྔ་ནི་ཆེས་སྤྱིར་བཏང་མིན་པ་ཞིག་ཡིན་ཞིང་། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་།  གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་སྟེ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མར་ཁེ་སིའི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད།  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་ཏང་ཡོན་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཀོང་ཞིས་ཀྱིས་བཤད་རྒྱུར། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ནུས་ཡོད་སྒོས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བར་སྐུལ་འདེད་བྱས་ཏེ།  གཞི་རིམ་དམ་འཛིན་བྱེད་པ་དང་། རྨང་གཞི་ཇེ་དྲག་ཏུ་གཏོང་བ། གཞི་རྩའི་ལས་དོན་ཇེ་བརྟན་དུ་གཏོང་བ་བཅས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ། གོང་བུ་འགྲིལ་ཤུགས་བཅས་ཇེ་དྲག་ཏུ་བཏང་སྟེ། དཔེ་ལྟོས་ཀྱི་འདུ་ཤེས་དང་། ཆབ་སྲིད་ཀྱི་རང་འགུལ་བརྟན་པོ། ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ།  ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་ཟེར།

རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲི་ཧྲན་ཡུལ་ཚོ་ཞ་ཧྥིན་ཅི་སྡེ་བར་བཅའ་སྡོད་བྱེད་པའི་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་ཁྲའོ་ཡུང་ཏི་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གཏིང་ཟབ་ལས་ང་ཚོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་ཇུས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་སོང་ནས། ཡིད་ཆེས་དང་འཐབ་སེམས་སྔར་ལས་ཇེ་དྲག་ཏུ་གྱུར་ཡོད། ང་ཚོས་ཞིང་སྡེའི་ཏང་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན་ཡག་པོ་བྱས་ནས། ཏང་གི་སྲིད་ཇུས་ལེགས་པར་བརྗོད་པ་དང་།    ཏང་གི་འབོད་སྒྲ་བརྒྱུད་སྤྲོད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ།  མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ཕྱོགས་སུ་བསྐྱོད་པ། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་རམ་འདེགས་བཅས་བྱས་ནས།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དཔའ་ངར་ཆེན་པོས་མཁྲེགས་གཏོར་བྱེད་དགོས་ཟེར།

དར་ལག་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཚབ་ཀྲུའུ་རིན་ཝང་ཉིན་ཆང་གིས་བཤད་རྒྱུར།   ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུའི་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲོག་ཤིང་སྲུང་སྐྱོབ་དང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་འདོད་པར་མཉམ་དུ་སྐུལ་འདེད་བཏང་སྟེ།  གནད་དོན་མང་པོ་ཐོན་པའི་ཁྱབ་ཁོངས་དང་། སེལ་དཀའ་བའི་གནད་དོན། གཞི་རིམ་གྱི་ཐག་གཅོད་མ་ཐུབ་པའི་གནད་དོན་ཐག་གཅོད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་པ། རིམ་པ་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ། མ་ལག་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཚད་གཞི་སྔར་ལས་མཐོ་བ་དང་།  ཁྲིད་ཕྱོགས་ཡང་དག་པ། བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ཀྱི་ཐོག་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཟེར།

དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་རྩར་འཛིན་པ་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱེད་པའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་བཅས་རྒྱས་བཤད་གཏིང་ཟབ་གནང་བ་དེ་ནི། ཏང་ཡོངས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།   ཞིང་ཆེན་ཞིབ་དཔྱོད་ཁང་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཧུའེ་ཕེན་གྱིས་བཤད་རྒྱུར།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ ཆུད་པར་བྱེད་པ།  ཏང་གིས་ཞིབ་དཔྱོད་ལས་དོན་ལ་མཐའ་གཅིག་དུ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཞིབ་དཔྱོད་ལས་དོན་ཡོད་ཚད་ཆབ་སྲིད་ཐོག་ནས་ལྟ་བའི་འདུ་ཤེས་བརྟན་པོ་འཛིན་པ་བཅས་བྱས་ཏེ།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་མཚོན་པ་དང་དོན་འཁྱོལ་བྱས་ཏེ། བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་དང་ལས་འགན་ལེགས་འགྲུབ་བྱེད་དགོས་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དབང་འབུམ་ཚེ་རིང་གིས་བཤད་རྒྱུར།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏིག་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་འཛུགས་སྐྲུན་དང་། ཏང་སྲོལ་སྲིད་གཙང་།  བདེ་འཇགས་ཐོན་སྐྱེད། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ཁག་སེམས་ཞིབ་མོས་འཆར་འགོད་བྱས་ཏེ།  ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ལམ་ཐིག་ཅིག་བསྐྲུན་ནས།  སྐྱེ་ཁམས་དང་ཡུལ་སྐོར། རིག་གནས། ཕྱུགས་ལས་སོགས་ཀྱི་ཐོན་ལས་མཐུན་སྦྱོར་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་དགའ་ཞེན་ཚད་མེད་བྱེད་པ་དེ་བྱེ་བྲག་གི་བྱ་བའི་གོ་རིམ་ཡོངས་སུ་ཁྱབ་པར་སྐུལ་སྤེལ་ཏན་ཏིག་བཏང་སྟེ། དཔལ་ཡུལ་ཡུལ་ཚོའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སྤྱི་བདེ་ཅུས་ཏང་ཨུའི་ཨུ་ཡོན།ཅུས་ཀྲང་གཞོན་པ་ཞུའེ་ཡོན་ཧྲན་གྱིས་བཤད་རྒྱུར།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན། བརྟན་འཇགས་སྲུང་སྐྱོབ་བཅས་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་གི“ཉིན་བརྒྱའི་བྱ་སྤྱོད”ཏན་ཏིག་གིས་སྤེལ་ནས། མངོན་གསལ་དོད་པའི་ཁྲིམས་འགལ་ ནག་ཉེས་ལ་རྡུང་རྡེག་དྲག་པོ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་གནད་དོན་ཤུགས་ཆེན་པོས་བཅོས་སྒྲིག་བྱེད་པ། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་ཐག་གཅོད་བྱེད་པ།  ཆབ་སྲིད་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ།  སྤྱི་ཚོགས་བརྟན་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་བདེ་འཇགས་འགན་ སྲུང་ལེགས་པོ་བཅས་བྱས་ནས།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་ པར་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ཟེར།

སྙིང་སྟོབས་ཆེར་བསྐྱེད་ཀྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ཆེ་ཕྱོགས་ནས་རྒྱང་ལྟ་བྱེད་དགོས་པ་དང་།  མ་འོངས་པའི་ལོ་ལྔའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱེད་དགོས། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད།  ངེས་པར་དུ་ནམ་ཡང་རྒྱུགས་སྤྲོད་ཀྱི་ལམ་་དུ་བསྐྱོད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོའི་ངང་རྒྱུན་འཁྱོངས་དང་།  ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད། དུས་རབས་གསར་པའི་ཏང་ འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་ལ་སྐུལ་འདེད་གཏིང་ཟབ་བཅས་བྱས་ཏེ། ཏང་གིས་ རང་ངོས་གསར་བརྗེ་བྱེད་པ་དེས་སྤྱི་ཚོགས་ཀྱི་གསར་བརྗེར་སྣེ་ཁྲིད་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པའི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་འཕེལ་རྒྱས་འཐབ་ཇུས་རྟོག་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཁི་ཧྲོང་གིས་བཤད་རྒྱུར། ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ལྟེ་བའི་བརྗོད་དོན། ལག་ལེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས།      གཏན་འཁེལ་གཉིས་མཐའ་གཅིག་ཏུ་སྲུང་སྐྱོབ་དང་།  སྲུང་སྐྱོབ་གཉིས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། སློབ་སྦྱོང་གི་བརྒྱུད་རིམ་དེ་ཚད་གཞིའི་རེའུ་མིག་ཏུ་འགྱུར་བ་དང་། ངོས་འཛིན་མཐོར་གཏོང་།  ལས་དོན་ལེགས་གཏོང་བཅས་ཀྱི་བརྒྱུད་རིམ་དུ་འགྱུར་བར་བྱས་ནས།  གཏིང་ཟབ་ཏུ་སློབ་སྦྱོང་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་དང་། རླབས་ཆེན་གྱི་ཏང་འཛུགས་སྐྲུན་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱེད་པ། སྣེ་ཁྲིད་དེ་སྲོལ་བཟང་དར་སྤེལ་དང་སྒྲིག་ཁྲིམས་སྲུང་བ། མི་དམངས་མཆོག་ཏུ་འཛིན་པ་རྒྱུན་འཁྱོངས་བཅས་བྱེད་དགོས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར། ཕྱིན་ཆད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་གཞི་ཚུགས་སར་བྱེད་པ་དང་། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་འདོན་སར་བྱེད་པ། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་རྐང་ཚུགས་སར་བྱེད་པ། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  གྲོང་གསེབ་དར་སྤེལ་གཏོང་བའི་བྱ་སྤྱོད་ཆེན་པོ་བརྒྱད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས།  ཀོས་ནན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།  སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཀྲིན་ཧྥང་གིས་བཤད་རྒྱུར། ང་ཚོས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པའི་བྱ་བ་གཙོ་བོ་དྲིལ་བསྒྲགས་དང་ལག་བསྟར་བྱེད་པར་དམ་པོར་དམིགས་ནས།  དར་ཆ་གསལ་སྒྲེང་དང་དམངས་སེམས་གཅིག་སྡུད །མི་སྣ་གསར་བ་གསོ་སྐྱོང་། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་བཞེངས་སྐྲུན་བྱེད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཏན་ཏིག་གིས་འཁུར་བ་དང་། རང་འགུལ་ངང་ཇུས་འགོད་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། ཕྱི་ནང་གཉིས་ཀར་དྲིལ་བསྒྲགས་བྱེད་པ།  དཔལ་ཡོན་ལག་ལེན་དང་རིག་གནས་ཐོན་ལས། རིག་རྩལ་གསར་རྩོམ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་གྱིས་ཡག་པོར་སྒྲུབ་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།