དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།
2022.08.02 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 16

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།

“དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་དེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།” ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་བ་བྱེད་པའི”ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་ལ་རྒྱས་བཤད་གཏིང་ཟབ་གནང་། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་སྙིང་སྟོབས་ཆེར་སྐྱེད་དང་། ལག་ལེན་དངོས་སུ་བསྟར་བར་ལྷོད་གཡེང་མི་གཏོང་བར་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་པར་སྐུལ་ལྕག་དང་བསྔགས་སྐུལ་གནང་བ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ལོ་བཅུ་ཡི་རིང་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རླབས་ཆེན་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་གིས་རང་ལ་ཡིད་ཆེས་དང་། དྲང་བཞག་གསར་སྐྲུན་བཅས་བྱས་ནས། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ཡོད། ལོ་བཅུ་ཡི་རིང་ལ། ང་ཚོས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་དང་ཏང་ནང་གི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་ཆགས་པར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་གསལ་བོ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས། ལོ་ངོ་བཅུ་ཡི་རིང་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གྲུབ་འབྲས་རླབས་ཆེན་བསྐྲུན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་པ། ཏང་སེམས་དང་དམག་སེམས། དམངས་སེམས་བཅས་སྔར་མེད་གོང་བུར་འགྲིལ་ཞིང་ངར་སེམས་འཕེལ་བས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་ཁག་ཐེག་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་ཐུབ་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་མཆོང་སྐྱོད་རླབས་ཆེན་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ10པོ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པ་དང་། ཏང་གི་མདུན་དུ་ལྷགས་པའི་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན། ཕྲག་ཐོག་གི་འགན་འཁྲི་དང་དཀའ་ཚེགས་ཆེ་བའི་རང་བཞིན་བཅས་འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་བ། འཐབ་ཇུས་པ་བཅས་ཀྱི་བརྗིད་ཆེའི་བློ་སྟོབས་དང་། མིག་རྒྱང་རིང་ལ་ལྟ་བ་ཟབ་པ་བཅས་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཁྱོན་ཡོངས་ལ་ཇུས་འགོད་བྱས་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། འཐབ་ཇུས་གལ་ཆེན་དུས་ཐོག་ཏུ་བཏོན་པ་དང་ལས་འགན་གལ་ཆེན་བཀོད་སྒྲིག་བྱས་ཏེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་འགོ་ཁྲིད་དེ་ཡིད་ཆེས་བརྟན་པོ་དང་དཀའ་སེལ་མདུན་སྐྱོད་བྱས་ནས། ཏང་གི་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་ཇུས་གཞི་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་། འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། བཅོས་སྒྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བ་དང་། ཐོལ་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་བྱས་ལ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་པས། ཡུན་རིང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་ཞིག་སེལ་བ་དང་། དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་ཞིག་ཡོངས་འགྲུབ་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁའི་འགྲན་སློང་གི་ཚོད་བགམ་ཐེག་པར་བྱས་པས། ཏང་ཆེན་མོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཆབ་སྲིད་ཀྱི་བློ་གྲོས་དང་། འཐབ་ཇུས་ཀྱི་ངེས་ཤུགས། འགན་འཁྲི་འཁུར་སེམས། དམངས་ལ་བཅངས་པའི་བརྩེ་སེམས། འགོ་ཁྲིད་ཀྱི་སྒྱུ་རྩལ་བཅས་གང་ལེགས་མངོན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ཞིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་ཕྱོགས་སྟོན་ཡིན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པས་རེད།

ལག་ལེན་གྱི་ཐོག་ནས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ནི་དུས་སྐབས་གལ་ཆེན་ནང་ཏང་གིས་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ་དང་། བློ་ཐག་ཆོད་པོས་གདམ་ག་བྱེད་པའི་གནད་འགག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེ་ལས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ང་ཚོས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོར་གྲུབ་འབྲས་རླབས་ཆེན་ཐོབ་པའི་སྲོག་ཤིང་བརྟན་པོ་ཡིན་ལ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེན་པོ་ལྡན་པར་ཁག་ཐེག་བྱས་ཏེ། དྲང་བཞག་གསར་སྐྲུན་དང་དཀའ་ངལ་ཁྱད་བསལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ན། མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་དཀའ་ངལ་དང་ཉེན་ཁ་གང་ཞིག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ང་ཚོས་སྒྲུབ་འདོད་པའི་བྱ་བ་གང་ཞིག་ཡིན་རུང་ལེགས་འགྲུབ་བྱེད་ཐུབ་ངེས་རེད།

རྒྱུགས་སྤྲོད་པའི་ལམ་བུ་གསར་པའི་སྟེང་། ང་ཚོས་མུ་མཐུད་དུ་རྒྱུགས་ཡག་པོ་ལེན་ཐུབ་མིན་གྱི་གནད་འགག་ནི་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་ཞིག་ཡོད་མེད་ལ་ཐུག་ཡོད། ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་གདེང་ཚོད་ནི་འབད་འཐབ་ཀྱི་གྲུབ་འབྲས་ལ་ཡིད་ཆེས་བྱེད་པ་ཞིག་ཡིན་ལ་འབད་འཐབ་ཀྱི་སྙིང་སྟོབས་ལ་ཡིད་ཆེས་བྱེད་པ་ཞིག་ཀྱང་ཡིན། སེམས་སུ་མང་ཚོགས་བཅངས་ནས་ལག་ཏུ་བདེན་དོན་བཟུང་བ་དང་། གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་རྒྱུར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ལ་སྟོབས་ཤུགས་ཀྱང་ཆེན་པོ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་བྱེད་པ་དང་། ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་རྒྱུན་འཁྱོངས་བྱེད་པ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུས་རབས་ཀྱི་འོད་སྟོང་གསར་པ་བསྐྲུན་པ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་སྐྲུན་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།