སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་དུ་ཚུར་སྣང་དྲག་པོ་བྱུང་།
ཟླ7ཚེས29ཉིན་ནས་ཚེས30ཉིན་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུ་པེ་ཅིན་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སློབ་སྦྱོང་གི་ཚ་རླབས་ཤིག་མགྱོགས་མྱུར་ངང་འཕྱུར་བ་རེད། ཚང་མས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོར་སྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་ཞིང་ཁྱོན་ཡོངས་དང་ཡང་དག་པ་བཅས་ཀྱི་སྒོ་ནས་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་བྱས་བ་དང་། མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ལེའུ་གསར་པ་ཧུར་ཐག་གིས་བསྐྲུན་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་བསྟན།
གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བ་ནི་ཏང་ཡོངས་ཀྱི་ལས་དོན་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་དང་ཚང་མས་མཉམ་གཅིག་ཏུ་བསྒྲུབས་ནས། ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་དང་། འཐབ་ཕྱོགས་སྡེ་ཁག་གིས་གཅིག་གྱུར་གྱིས་སྣེ་ཁྲིད་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་རང་འཁུར་བཅས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་ཞིག་བསྐྲུན་དགོས་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོར་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་གཅིག་སྡུད་མདོར་བསྡུས་དང་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིས་གོ་ཀྲུང་གིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱས་ཏེ། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྲག་ཏུ་ཡོད་པའི་འགན་འཁྲི་དང་ལས་འགན་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ནས། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མགོ་རྩོམ་སར་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་བསྐྲུན་རྒྱུ་ཤུགས་འདོན་སར་བྱེད་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ རྐང་ཚུགས་སར་བྱེད་པ་བཅས་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་བསྐྲུན་པར་འཐབ་ཕྱོགས་གཅིག་གྱུར་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་བབ་ལ་ངོས་འཛིན་གསལ་པོ་དང་སྟངས་འཛིན་ཡང་དག་བྱས་པ་མཚོན་པ་དང་། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཁ་ཕྱོགས་དང་ཐབས་ཇུས་ཀྱི་རྩ་དོན་མཚོན་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧི་དབྱིས་ཧྥུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ནན་ཏན་སྒོས་སྒྲུབ་པ། ཁྲིམས་འཛིན་འདྲ་མཉམ་དྲང་གཞག་སྲུང་སྐྱོབ་བྱེད་པ། ཁྲིམས་འགལ་ནག་ཉེས་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱས་ཏེ། ཚོགས་འདུའི་དགོངས་དོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་ལྟེ་གནས་ཀྱི་ཀྲུའུ་རིན་བཀྲ་བྷ་ཡིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྤུས་ཚད་མཐོན་པོས་དུས་རབས་གསར་པའི་མི་རིགས་ལས་དོན་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་དང་ཉེར་སྤྱོད་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ཆགས་སྟངས་འོག་མི་རིགས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།
མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ངོ་བོ་ནི་མི་དམངས་སྲིད་གྲོས་ཀྱི་ཆེས་གཞི་རྩར་གྱུར་པའི་ངོ་བོ་ཡིན་པ། འཐབ་ཕྱོགས་གཅིག་གྱུར་གྱི་འགན་ནུས་ནི་མི་དམངས་སྲིད་གྲོས་ཀྱི་ཆེས་གཞི་རྩར་གྱུར་པའི་འགན་ནུས་ཡིན་པ་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ཅིས་ཧའོ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་དང་དེ་བཞིན《ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཐབས་ཇུས་དང་ནུས་པ་འདོན་དགོས་ཟེར།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།