—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་སྐོར་གླེང་བ།
“དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་བྱ་དགོས།” ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པའི་མཐོ་ཚད་དུ་ལངས་ནས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་ལས་འགན་གསལ་པོར་བཏོན་པ་དང་། “ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་ལས་དོན་ལེགས་པོ་བསྒྲུབ་དགོས”ཞེས་ནན་བཤད་གནང་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་མི་བརྒྱ་སེམས་གཅིག་དང་སེམས་ཤུགས་གཅིག་སྒྲིལ་བྱས་པས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱུང་ལ། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་ཡིན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་ཡོད་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་མོ་དང་འཁར་རྔ་བརྡུངས་ནས་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན་པ་དང་། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ངེས་པར་དུ་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་ཡོད་ངེས་ཡིན་ལ། དཀའ་ངལ་དང་ཉེན་ཁ་ཡོང་ངེས་ཡིན་པ་མ་ཟད། ཐ་ན་འཇིགས་སྣང་ཆེ་བའི་རྦ་རླབས་འཕྱུར་ངེས་ཡིན་པ་ང་ཚོས་གསལ་པོ་ཤེས་ཀྱིན་ཡོད། ང་ཚོས་འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་དགྲ་འདུལ་གཡུལ་རྒྱལ་དང་སྲིད་སྐྱོང་རྒྱལ་དར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། གནས་བབ་རྙོག་འཛིང་ཆེ་བ་དང་ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་ན། དེ་ཙམ་གྱིས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ཡག་པོ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་སྤེལ་བ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཚོས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་། ནུས་ཤུགས་གཅིག་ཏུ་སྒྲིལ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ནས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
ད་ལྟ། འཐབ་ཕྱོགས་གཅིག་གྱུར་གྱི་མདུན་དུ་ལྷགས་པའི་གནས་བབ་དང་ཕྲག་ཏུ་འཁུར་བའི་ལས་འགན་ལ་འགྱུར་ལྡོག་གལ་ཆེན་འགའ་ཞིག་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “འཛམ་གླིང་སྟེང་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་སྒོས་འཕེལ་འགྱུར་འབྱུང་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་སྔར་ལས་གལ་ཆེན་དུ་གྱུར་ཡོད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་སྔར་ལས་གལ་ཆེན་ལྡན། རང་རྒྱལ་གྱི་སྤྱི་ཚོགས་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱིས་ཏང་གི་དུས་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞིའི་ཐོག་ནུས་པ་སྔར་ལས་གལ་ཆེན་འདོན་བཞིན་ཡོད།” ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་བྱས་ནས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས།
དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལེགས་པར་བསྒྲུབ་དགོས། ངེས་པར་དུ་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་ལས་འགན་དང་དམ་པོར་བསྟུན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས། བབ་བསྟུན་མདུན་སྐྱོད་དང་དྲང་གཞག་གསར་སྐྲུན་རྒྱུན་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཆབ་སྲིད་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། དུས་རིམ་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། དེ་ནི་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱས་ནས། ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་རྐང་བཙུགས་ཏེ་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་གོ་བ་ལེན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་ཞན་ཆ་གསབ་པའི་ཐད་འབད་བརྩོན་དང་། འགན་འཁྲི་འཁུར་ཕོད་པའི་ཐད་མིག་དཔེ་སྟོན་པ། ལས་ལ་བརྩོན་ཞིང་བསམ་བློ་གཏོང་མཁས་པ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
སྟོབས་ཤུགས་གཅིག་ཏུ་བསྡུས་ན་རྒྱལ་ཁ་ཆེན་པོ་ཐོབ་ཐུབ་ལ། དམངས་ཀྱི་བློ་གྲོས་ལ་བརྟེན་ན་བྱ་བ་ཐམས་ཅད་འགྲུབ་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་དང་འབད་བརྩོན། གསར་སྤེལ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།