སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།
ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལས་འགན་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་བཏོན་ནས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་མུ་མཐུད་དུ་སྤྱི་འདོམས་སྐུལ་འདེད་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱས་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པའི་འབད་བརྩོན་ཡོད་ཚད་ནི་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེད་དུ་རེད། ལོ་ངོ་བརྒྱ་ལྷག་གི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད་དེ། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོ་འདིའི་སྟེང་མིའི་རིགས་འཕེལ་རྒྱས་སུ་འགྲོ་བའི་ལོ་རྒྱུས་ཐོག་ཟིལ་རླབས་དགུང་དུ་འཕྱུར་བའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་ནས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ཤིང་། རྗེས་ལུས་ཀྱི་དུས་རབས་ནས་དུས་རབས་ཀྱི་རྗེས་སུ་བསྙེགས་པ་དང་དུས་རབས་ཀྱི་སྣེ་ཁྲིད་པའི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གནམ་ས་གཡོ་བའི་ངོ་མཚར་བའི་ལོ་རྒྱུས་ཀྱི་བྱུང་བ་རླབས་ཆེན་བསྐྲུན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་སྟེང་ཆེས་རྒྱ་ཆེ་བའི་ལོ་རྒྱུས་ཀྱི་དེབ་ཐེར་བྲིས། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞུན་བརྡར་མདུན་སྐྱོད་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ད་ལྟ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྤོབས་པ་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ནི་ཡུན་རིང་བོར་འབད་བརྩོན་བྱེད་དགོས་པའི་བྱ་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་འཐབ་ཇུས་བཀོད་སྒྲིག་གནང་ཡོད་པ་དང་སྤྱིའི་འཐབ་ཇུས་བཀོད་སྒྲིག་དེ་ཕྱོགས་གཉིས་སུ་ཕྱེ་ཡོད་དེ། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་རྒྱུ་དང་། ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། མི་འགྱང་པར་འཚོག་རྒྱུ་ཡིན་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་སྤྱིའི་ཆ་ནས་རྒྱང་ལྟ་བྱས་ཏེ། མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་དང་ལས་འགན། གལ་ཆེ་བའི་སྲིད་དོན་བྱེད་ཕྱོགས་བཅས་ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་དགོས། དེ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བཅས་དང་འབྲེལ་བ་ཡོད། ངེས་པར་དུ་ངོས་ཟིན་གསལ་བོར་རྙེད་དགོས་པ་ཞིག་ནི། ཏང་གིས་རྒྱང་སྐྱོད་གསར་པའི་ལམ་བུའི་སྟེང་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་ལམ་གང་འདྲ་ཞིག་ཏུ་བསྐྱོད་པ། བསམ་བློའི་གནས་སྟངས་གང་འདྲ་ཞིག་ལ་བརྟེན་ནས་དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་པ་བཅས་གསལ་སྟོན་བྱས་ཏེ། ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཆེད་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག་རེད། མ་འོངས་པའི་ལོ་ལྔ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་། ལོ་ལྔའི་རིང་གི་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཡིད་ཆེས་བརྟན་པོ་དང་འབད་འབུངས་ཡར་བརྩོན་ བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།
དེང་སྐབས། འཛམ་གླིང་དུ་ལོ་བརྒྱ་ཡི་རིང་ལ་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་མྱུར་དུ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གནད་འགག་གི་དུས་སུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་ལས་སླ་མོར་འགྲུབ་ཐུབ་པ་ཞིག་མིན་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་ཕོད་པ་བྱས་ནས་། དཀའ་ཚེགས་སྔར་ལས་ཆེ་བ་དང་ འབད་བརྩོན་སྔར་ལས་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས”ཞེས་ནན་གྱིས་གསུངས། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་། རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལྡན་པའི་དུས་སྐབས་སུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་ཡོད་པ་དང་། གོ་སྐབས་དང་འགྲན་སློང་ཕལ་ཆེ་བ་སྔར་བྱུང་མྱོང་མེད་པ་དང་སྤྱི་ཡོངས་ཀྱི་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད། ལམ་ཆེན་ནི་སྟབས་བདེ་དང་དངོས་དོན་ནི་གལ་ཆེ། གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་དངོས་དོན་སྒྲུབ་པར་བརྟེན་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་དངོས་དོན་སྒྲུབ་པར་བརྟེན་དགོས་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དངོས་དོན་སྒྲུབ་པར་བརྟེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆད་འགྲེལ་གཏིང་ཟབ་གནང་བའི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་ཟབ་མོ་གནང་བའི་མ་འོངས་པའི་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་ལ་སློབ་སྦྱོང་དང་གོ་བ་ལེན་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་པ། ལག་ལེན་ཏན་ཏིག་བཅས་བྱས་ཏེ་འཐབ་ཇུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་དང་འཐབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོང་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས།
དེང་རབས་ཀྱི་ཀྲུང་གོ་ནི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པ་དང་། མི་དམངས་ལ་དཔའ་ངར་ཆེ་ཞིང་མདུན་ལམ་ལྡན་པ་བཅས་ནི་ང་ཚོའི་བརྟན་ཤུགས་དང་གདིང་ཤུགས་གནས་ས་ཡིན་ལ་ང་ཚོའི་ཆོད་སེམས་དང་ཡིད་ཆེས་བྱེད་ས་ཡང་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་ཆེས་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། མུ་མཐུད་དུ་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ། ཆར་རླུང་འཚུབ་ཀྱང་མདུན་སྐྱོད་བྱས་ན། ང་ཚོས་ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་ཐུབ་པར་མ་ཟད་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་འཐོབ་ཐུབ།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།