ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གཉིས་ལ་གཟིགས་ཞིབ་ཏུ་ཕེབས་ཤིང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ལ་ཞུགས་ནས། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་མཚོ་སྔོན་གྱིས“ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཡག་པོ་བྱས་ཏེ། སྐྱེ་ཁམས་ལས་གཞི་དང་། ནུས་རྒྱུ་གྲོན་ཆུང་། བཙོག་འབུད་ཉུང་གཏོང་། ཁོར་ཡུག་བཅོས་སྐྱོང་། མཛེས་སྡུག་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ། མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོའི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུར་འགྱུར་བར་བྱེད་དགོས་པའི”ནན་གསུང་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད། མཚོ་སྔོན་གྱིས“སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འཛིན་པའི”འདུ་ཤེས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། དམངས་འཚོ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་དང་། སྤུས་ཚད་མཐོ་བ་དང་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་ལྡན་གཅིག་གྱུར་ཧུར་ཐག་ཡོང་བ་བཅས་བྱས་ཏེ“དྭངས་གཙང་ཆུ་མོ་ཤར་དུ་རྒྱུག་པར”འགན་ལེན་ཡག་པོ་བྱས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་སྲུང་སྐྱོང་དེ་ཆེས་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཏེ། གཙོ་གཞི་བྱེད་ནུས་གྱི་འཆར་འགོད་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པའི་བྱ་སྤྱོད་རྩ་གནད་སོགས་ལམ་ལུགས་མ་ལག་དང་བྱ་སྤྱོད་ཀྱི་ཇུས་གཞི་སྔ་རྗེས་སུ་བཟོས་ནས། བརྒྱུད་རིམ་ལྡན་པའི་འཆར་འགོད་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་སྣེ་ཁྲིད་བྱས།
ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས། མཚོ་སྔོན་གྱིས་སྡེ་ཚན་ཆེན་པོའི་ལམ་ལུགས་སྒྱུར་བཅོས་ཁྱབ་གདལ་བཏང་བ་དང་། སྐྱེ་ཁམས་བདག་སྐྱོང་བའི་ལམ་ལུགས་འཚོལ་ཞིབ་བྱས་ཤིང་། གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ཞུགས་རྒྱ་ཆེ་རུ་བཏང་ལ། ལམ་བུ་གསར་པ་འཚོལ་ཞིབ་བྱས།
ལོ་བཅུའི་རིང་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་བཀྲག་མདངས་འཚེར་བའི་རྒྱུགས་ཤོག་སྤྲད་དེ། བསྡོམས་པས་སྐྱེ་ཁམས་ཐད་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་དུང་ཕྱུར་གསུམ་བྱེ་བ་ལྔ་བཏང་བ་དང་། མཚོ་སྔོན་པོ་མཐའ་འཁོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོ་ཁྱོན་ཡོངས་ལ་ཁྱབ་ཅིང་། རླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བཞི་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་ཆགས་ཡོད། མཚོ་སྔོན་པོར་ལོ་བཅུ་ལ་བསྟུད་མར་ཆུ་རྒྱས་ནས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་དྲུག་བརྒྱ་ཉེར་ལྔ་ལྷག་ཟིན་པ་དང་ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་མཐོ་རུ་ཕྱིན།
སྐྱེ་ཁམས་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བཏོད་ཡོད། རྫ་ཆུའི་འབབ་རྒྱུད་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོས་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་བཏོད་དེ་གསའ་དང་གཟིག གཡི། ཤྭ་སྐྱ། གནའ་བ་སོགས་འཚོ་སྡོད་གནས་སུ་གྱུར་ཅིང་། གསའ་ཁོ་ན་བརྒྱད་ཅུ་གྱ་བཞི་ལ་ལྟ་ཞིབ་ཚད་ལེན་ཐུབ་ཡོད་ལ། ཉིས་སྟོང་བཅུ་དགུ་ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་ས་ཚིགས་སུ་ལས་མགོ་བརྩམས་ཡོད།
ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར། མཚོ་སྔོན་དུ་ལོ་ཧྲིལ་པོར་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་ལྷག་ནས་མི་ཐེངས་ཁྲི་བཞི་ཙམ་བར་འཕར་ཞིང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་གསུམ་ནས་སྒོར་མོ་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་དགུ་བར་འཕར་ཡོད།
མིག་སྔར་བར་དུ། ཞིང་ཆེན་ཡོངས་སུ་ངོས་ལེན་ཐོབ་པའི་བསླད་མེད་སྐྱེ་ལྡན་བཟའ་བཅའ་དང་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་དགུ་བརྒྱ་ཉེར་ལྔ་དང་། བསླད་མེད་སྐྱེ་ལྡན་རྩྭ་ཐང་མུའུ་ཁྲི་དགུ་ལྷག་ཡོད་ལ། སྤུས་ཚད་བདེ་འཇགས་ཁུངས་འདེད་ཐུབ་པའི་ནོར་ལུག་ས་ཡ་བཞི་ལྷག་ཟིན་པ་དང་། ཞིང་ཕྱུགས་ལས་ཀྱི་སྣེ་འདྲེན་ཁེ་ལས་ལྔ་བརྒྱ་བཞི་བཅུ་སྐྱེད་སྲིང་བྱས་ཤིང་། མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ཕྱུག་ར་བ། འདེབས་འཛུགས་གསོ་སྤེལ་དུད་ཆེན་བཅས་ཁྲི་གསུམ་ལྷག་ཟིན་ཡོད།
ལོ་བཅུའི་རིང་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྒྱ་ཆེར་བཏང་ནས། སྐྱེ་ཁམས་དམངས་ཕན་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་གཞི་རྩའི་ཆ་རྐྱེན་བཏོད་དེ། རྩྭ་ཐང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ལོ་ཧྲིལ་པོའི་ཆ་སྙོམས་ཁ་གསབ་མ་དངུལ་སྒོར་མོ་ཐེར་འབུམ་གཉིས་ཙམ་བཏང་བ་ལས་རོང་འབྲོག་པ་འབུམ་བརྒྱད་ལྷག་ལ་ཕན་ཐོགས་ཡོད། རིགས་སོ་སོའི་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་འབུམ་གཅིག་དང་ཁྲི་བཞི་ལས་བརྒལ་བ་དང་ལོ་རེར་རོང་འབྲོག་ཡོང་འབབ་སྒོར་མོ་ཐེར་འབུམ་གཅིག་བསྐྲུན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་ཕྲུག་གིས་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་བཞིན་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།