ཞིན་ཁྲང་ཞིང་།
སྔ་མོ་ནས་འཛིན་པ་དང་ཆུང་བ་ནས་འཛིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། གཏོར་ཕོད་ལ་འཛུགས་ཀྱང་ཕོད་པའི་དཔའ་སྤོབས་བསྐྱེད་དེ། སྤྱོད་ཚུལ་ལེགས་པོ་སྦྱོང་བ་དང་དངོས་གཉེར་སྙིང་སྟོབས་དར་སྤེལ་བཏང་ན། ད་གཟོད་ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཉམས་ཚོད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་སྐྲུན་བྱེད་ཐུབ།
ཏང་གི་སྤྱོད་ཚུལ་ནི་ཏང་གི་སྣང་བརྙན་ཡིན་ལ། ཏང་དང་མང་ཚོགས་ཀྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ། བློ་ཕྱོགས་གཏད་མིན་བཅས་ལ་བརྟག་པའི་གནམ་གཤིས་བརྟག་ཆས་ལྟ་བུ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་སློབ་གསོ་ཟབ་མོར་སྤེལ་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲོལ་རྒྱུན་བཟང་པོ་སྐྱོད་ལམ་གསར་པའི་སྟེང་འཁྱེར་ཏེ། སྤྱོད་ཚུལ་ལེགས་པོ་དུས་རབས་གསར་པར་དར་སྤེལ་གཏོང་དགོས” ཞེས་ནན་གྱིས་གསུངས།
མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤོབས་པའི་གཟེངས་བཏེགས་ཏེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་ལ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱང་མགོ་རྩོམ་ས་གསར་པའི་སྟེང་གནས་ཡོད། རྔམ་བརྗིད་ལྡན་པའི་དཔེ་རིས་དེ་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་བསྒྱུར་བར། ངེས་པར་དུ་དངོས་གཉེར་གོང་བཀུར་དང་དངོས་སྒྲུབ་བདེན་འཚོལ་བྱེད་དགོས་པ་དང་། སྤྱོད་ཚུལ་ལེགས་པོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་གཞི་རྐང་བརྟན་པར་བཟོ་བའི་གནད་འགག་འདི་དམ་དུ་བཟུང་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་དངོས་ཡོད་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
ཆབ་སྲིད་གླེང་བ་དང་སྤྱོད་ཚུལ་བསྒྱུར་དགོས། དུས་སྐབས་གང་ཞིག་ཡིན་ན་ཡང་དར་ཆ་གསལ་པོས་ཆབ་སྲིད་གླེང་བའི་རྩ་བའི་བླང་བྱ་འདི་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་སྲོལ་ནན་མོར་སྲུང་བ། དུས་དང་རྣམ་པ་ཀུན་ཏུ་བརྟན་ཚུགས་ཤིང་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཁྲུལ་བ་དང་ཆད་ལྷག་མེད་པར་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཐོས་བསམ་སྒོམ་སྒྲུབ་དང་བསམ་སྦྱོར་རྟོན་གསུམ་གཅིག་གྱུར་བྱེད་པའི་སྟེང་ཤུགས་བཏོན་ནས། དོན་དམ་པའི་སློབ་གཉེར་ལས་དོན་གྱི་མཐིལ་རྟོགས་པ་དང་། ཡིད་རྟོན་དངོས་སྐྱེད་ཅིང་བཀོལ་སྤྱོད་དངོས་ལྡན་པར་བྱེད་ཐུབ་དགོས། ད་དུང་འགན་སྒྲུབ་ཁུར་ལེན་གྱི་ཤེས་བྱ་སྣ་ཚོགས་ཁོང་དུ་ཆུད་དགོས་པ་དང་། རང་འགུལ་གྱིས་སྔོན་ཐོན་ཚན་རྩལ་གྱི་འཕེལ་འགྲོས་ལ་རྒྱུས་ལོན་བྱེད་པ། སློབ་སྦྱོང་ནི་ཉིན་རྒྱུན་གྱི་གོམས་གཤིས་ཤིག་དང་འཚོ་བའི་རྣམ་པ་ཞིག་ཏུ་བསྒྱུར་ནས། བྱ་བའི་སྐུལ་འདེད་ལ་སྔར་ལས་ལྷག་པར་ཇུས་འགོད་བྱེད་དགོས།
དངོས་དོན་གཉེར་བ་དང་ཁག་ཁུར་ཕོད་པར་བྱེད་དགོས། དམངས་ལ་ཕན་ཁེ་སྒྲུབ་པ་ནི་ཆེས་ཆེ་བའི་སྲིད་དོན་གྲུབ་འབྲས་ཡིན། རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་ལེགས་པོར་བྱེད་པ་དེ་བྱ་བ་ཐམས་ཅད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་དང་། སྤྱོད་ཚུལ་ལེགས་པོ་དང་སྣང་བརྙན་ལེགས་པོར་བརྟེན་ནས་དམངས་སེམས་ཐོབ་པ་དང་མི་སེམས་གཅིག་ཏུ་བསྡུ་དགོས། ཏང་ཡོན་ལས་བྱེད་པ་ནི་མང་ཚོགས་ལས་བྱུང་བ་ཡིན་ལ། མང་ཚོགས་ཁྲོད་དུ་འགྲོ་ཡང་ཐུབ་དགོས། མང་ཚོགས་ཁྲོད་དུ་འགྲོ་བའི་ཆེས་ལེགས་པའི་ཐབས་ལམ་ནི་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཞིང་དཀའ་ངལ་ཐག་གཅོད་པ་དེ་ཡིན། ཏང་སྲིད་ལས་བྱེད་པའི་ཡུལ་དངོས་སུ་བཅར་འདྲི་བྱེད་པའི་ལམ་ལུགས་དེ་སྤྱོད་ཚུལ་བསྒྱུར་བའི་སྟོབས་དང་ལྡན་པའི་འཛིན་ལུང་ཅིག་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་བྱེད་ཐབས་བྱེ་བྲག་ཞིག་ཏུ་བརྩིས་ནས། དམངས་ཕན་དོན་དངོས་སྒྲུབ་པའི་ཁྲོད་བྱ་བའི་སྤྱོད་ཚུལ་ལེགས་བཅོས་གཏོང་དགོས། དངོས་སྒྲུབ་དངོས་གཉེར་གྱིས་ཁ་ཚ་དགོས་གཏུགས་ལ་དམིགས་ནས། ཁ་བཤད་དོན་ལ་གནས་པ་དང་མྱུར་བ་མྱུར་ཏུ་སྒྲུབ་དགོས། ཡུན་རིང་གི་ལས་འགན་ལ་དམིགས་ནས་ཆུ་ཐིགས་ཀྱིས་ཕ་བོང་ཕིགས་པའི་རྟག་སྦྱོར་གྱི་བརྩོན་པས་བྱས་རྗེས་འཇོག་དགོས། གཟེར་འདེབས་སྙིང་སྟོབས་དང་མེ་ཏོག་གཙགས་པའི་རྩལ་ནུས་ཀྱིས་འགན་སྒྲུབ་ཁུར་ལེན་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་ཕྲག་ཏུ་ལེན་དགོས།
མཐུན་སྒྲིལ་ལ་སྐུལ་བ་དང་སྒྲིག་ལམ་དམ་དགོས། གནས་བབ་ཇི་ལྟར་རྙོག་འཛིང་ཆེ་བ་དང་ཁུར་དུ་བབས་པའི་ལས་འགན་ཇི་ལྟར་ལྗིད་ན། སྒྲིག་ལམ་འཛུགས་སྐྲུན་ལ་དེ་ལྟར་ཤུགས་སྣོན་པ་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་དེ་ལྟར་སྲུང་སྐྱོབ་བྱེད་དགོས། ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཆེ་ཕྱོགས་དང་བྱ་གཞག་གཙོ་བོར་འཛིན་པ་དང་། ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར། བརྩི་བཀུར། རྒྱུས་ལོན་བཅས་བྱེད་པ། མཐུན་སྒྲིལ་ལ་ཤུགས་སྣོན་པ་དེ་རང་རྟོགས་ཀྱི་འགུལ་སྐྱོད་དུ་བསྒྱུར་བ། ཚང་མའི་སེམས་རྩ་དྲོས་སུ་འཇུག་པ་དང་དཔའ་གདེང་སྐྱེད་པ། ངར་ཤུགས་སློང་བ། བསམ་ཕྱོགས་གཅིག་ལ་འཁོར་བ་དང་སྟོབས་ཤུགས་གཅིག་ལ་འདོན་པ་བཅས་བྱས་ནས། ལས་སྒྲུབ་ལས་སྐྲུན་གྱི་སྟོབས་ལྡན་པའི་མཉམ་ཤུགས་མུ་མཐུད་དུ་ཆགས་པར་བྱེད་དགོས། ཏང་གི་སྒྲིག་ལམ་དུས་དང་རྣམ་པ་ཀུན་ཏུ་ཐོག་མར་འཛིན་པ་དང་། འཛིན་ཕོད་ལ་དོ་དམ་བྱེད་ཕོད་པའི་སྒོ་ནས་མི་ལ་ཕོག་ཐུག་གཏོང་བར་མི་སྐྲག་པར། ཁ་ངོའི་ཆེད་དུ་ཏང་གཤིས་གཏན་ནས་འབོར་མི་རུང་ལ། རྩ་དོན་འཁྱེར་ནས་ཉོ་ཚོང་བྱེད་པ་དང་ཏང་གཤིས་ཁ་ངོ་ལ་དེ་བས་ཀྱང་བརྗེ་མི་རུང་། ངེས་པར་དུ་སྒྲིག་ལམ་གྱི་མཐའ་ཐིག་བརྟན་པོར་སྲུང་བ་དང་། སྲོལ་བཟང་སྤྱོད་ལེགས་དར་སྤེལ་བཏང་ནས་སྲིད་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།
སྤྱོད་ཚུལ་འཛུགས་སྐྲུན་དུས་ནམ་ཡང་ལག་ཏུ་བསྟར་དགོས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རྒྱུད་སྐུད་འདི་དམ་པོར་བསྡམས་ཏེ། མུ་མཐུད་དུ་འཕྲལ་ཕུགས་དང་གཟབ་དངོས། ཟབ་ཞིབ་བཅས་ཀྱི་སྟེང་རྩོལ་བ་བསྐྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ནི་མཚོ་སྔོན་གྱི་འཕེལ་རྒྱས་དང་མ་འོངས་པར་འབྲེལ་བ་ཡོད་ཅིང་། སྔ་མོ་ནས་འཛིན་པ་དང་ཆུང་བ་ནས་འཛིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། གཏོར་ཕོད་ལ་འཛུགས་ཀྱང་ཕོད་པའི་དཔའ་སྤོབས་བསྐྱེད་དེ། སྤྱོད་ཚུལ་ལེགས་པོ་སྦྱོང་བ་དང་དངོས་གཉེར་སྙིང་སྟོབས་དར་སྤེལ་བཏང་ན། ད་གཟོད་ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཉམས་ཚོད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་སྐྲུན་བྱེད་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་ཕུལ་བྱུང་སྲོལ་རྒྱུན་རྒྱུད་འཛིན་ལེགས་པོ་བྱེད་པ་དང་སྤྱོད་ཚུལ་ལེགས་པོ་དར་སྤེལ་གཏོང་བ། བསམ་པའི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་བྱ་བའི་སྤྱོད་ཚུལ་ལེགས་པ། ཕུལ་དུ་བྱུང་བའི་བྱ་བའི་གྲུབ་འབྲས་བཅས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
—མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་ཚོགས་འདུའི་སྟེང་དེ་ལྟར་གསུངས།