ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པར་ཞུགས་ནས་འབྲེལ་ཡོད་གསུང་བཤད་གལ་ཆེན་གནང་ཞིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་སུ་བོད་ལྗོངས་སུ་ཕེབས་ནས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་སྟེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོར་ཏང་ཀྲུང་དབྱང་གི་ཐུགས་ཁུར་བསྐྱལ་ཡོང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་ཁག་བཞི་ལ་དམ་འཛིན་ཡག་པོ་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་། གངས་ལྗོངས་མཐོ་སྒང་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་པ”སོགས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་མཐུན་སྒྲིལ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་དུ་བསྐྱོད་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་དེ་སྲོག་རྩ་ལྟ་བུར་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་དང་། གྲུབ་འབྲས་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་གསར་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད།
མིག་སྔར། བོད་ལྗོངས་ཀྱིས་སློབ་སྔོན་བྱིས་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ། གཞི་རིམ་རྩ་འཛུགས་བཅས་ཀྱི་ཁྲོད་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བཞིན་ཡོད་པར་མ་ཟད། སྤྱི་ཚོགས་ཐོག་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་ཀྱི་སློབ་གསོ། བོད་ལྗོངས་ཀྱི་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་བཅས་རྒྱ་ཁྱབ་ངང་སྤེལ་ནས། ཀྲུང་ཧྭ་མི་རིགས་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་མི་རིགས་སོ་སོའི་མང་ཚོགས་ཀྱི“ངོས་ལེན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
2018ལོའི་ཟླ་གསུམ་པར། སྒྲོལ་དཀར་གྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག་ཚང་མར་ཡུལ་སྨད་ཡུལ་ཚོའི“འཆར་འགོད་རི་མོ”བསྟན་པ་དང་། ད་ལྟ་སྔོན་ཆད་ཀྱི“མི་གསུམ་གྱི་ཡུལ་ཚོ”དེ་ཁྱིམ་ཚང་རེ་བདུན་དང་མི་ཉིས་བརྒྱ་ལྷག་གི“འབྱོར་འབྲིང་ཡུལ་ཚོ”རུ་གྱུར་ཡོད་ལ། རྒྱ་རིགས་དང་བོད་རིགས་མང་ཚོགས་ཀྱིས་གནས་དེ་རུ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་ཡོད་པ་དང་མཐའ་མཚམས་སྲུང་བཞིན་ཡོད་ཞེས་བཤད།
རང་བྱུང་སྲུང་སྐྱོབ་ཁུལ་མང་པོ་བཙུགས་པ་དེ་ནི་ལོ་བཅུའི་རིང་བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ་ཞིག་ཡིན་ཞིང་། ལྷག་པ་ཚེ་རིང་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དིང་རི་དོ་དམ་ཡན་ལག་ཅུའུ་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་དོ་དམ་ས་ཚིགས་ཀྱི་འགོ་གཙོ་ཡིན་པ་དང་། ཁོས་སྔོན་ཆད་ཇོ་མོ་གླང་མའི་གད་སྙིགས་ལ་དོ་ཁུར་བྱེད་མཁན་ཧ་ཅང་ཉུང་ལ། ད་ལྟ་རིགས་སོ་སོའི་གཙང་སེལ་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་ཡོད་པ་དང་། རི་ལ་འགོ་མཁན་ལས་ཐོན་པའི་བཙོག་ཆུ་དང་འཚོ་བའི་གད་སྙིགས་སོགས་རང་ས་ནས་གནོད་མེད་ཅན་དུ་བཟོས་ཏེ་ཆུའི་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཐུབ་ཡོད་ཟེར།
ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལས་གཞན། བོད་ལྗོངས་ཀྱིས་ད་དུང་བྱང་ཐང་དང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅུ་དང་། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་གནས་བཞི། རྒྱལ་ཁབ་ས་གཤིས་སྤྱི་གླིང་གསུམ། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དགུ། རྒྱལ་ཁབ་བརླན་སའི་སྤྱི་གླིང་ཉེར་གཉིས་སོགས་བསྐྲུན་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི38.75%ཟིན་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་དྲུག་དང་སྟོང་བརྒྱད་ཟིན་ཡོད།
བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས། བྱེད་ཐབས་བཅས་རབ་དང་རིམ་པ་སྔ་རྗེས་སུ་བསྒྲགས་ཡོད།
2013ལོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔྱད་ཞིབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་དམིགས་འབེན་གཙོ་བོར་བརྩིས་ནས། བོད་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྲིད་གཞུང་ལ་སྲིད་སྐྱོང་གི་བྱས་རྗེས་དཔྱད་ཞིབ་བྱས་པ་རེད།
2017ལོར། 《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲིའི་གཏན་འབེབས》དང་།《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་འགན་འཁྲི་བདའ་འདེད་ཀྱི་ལག་བསྟར་ཞིབ་སྲོལ》བཏོན་ནས་ལག་བསྟར་བྱས་པ་རེད།
2021ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚང་མར་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ཡོད་དགོས་ལ། ཚང་མར་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་པ་ཡོད་དགོས་ཞེས་མཛུབ་སྟོན་གནང་།
2013ལོའི་ཟླ10བའི་ཚེས31ཉིན། རིང་ཚད་ལ་བསྡོམས་པས་སྤྱི་ལེ117ཡོད་པའི་མེ་ཏོག་གཞུང་ལམ་ཤར་གཏོང་ཐུབ་ནས་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་རྗེས་མ་དེར་གསོན་ཤུགས་གསར་པ་བསྣན་ཡོད།
2019ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་རྫོང་དང་ཆུས་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་ནས། དབུལ་ཕོངས་མི་གྲངས་འབུམ་དྲུག་དང་ཁྲི་གཉིས་ཚང་མ་དབུལ་ཐར་བྱུང་ཡོད། ད་ལྟ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བཞིན་ཡོད།
ལོ་བཅུ་ཡི་རིང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་མཐོ་སྒང་དུ་བསྐྱོད་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་ལ་ཁྱོན་ཡོངས་ནས་ཁྱབ་པ་མངོན་འགྱུར་བྱུང་ཞིང་། མཚོ་སྔོན་ནས་བོད་ལྗོངས་དང་། སི་ཁྲོན་ནས་བོད་ལྗོངས། བོད་ལྗོངས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གཞི་བསྐྲུན་ནས་གློག་དྲ་གཙོ་བོ་རྫོང་མཁར་དང་ཡུལ་ཚོ། གྲོང་རྡལ་བཅས་སུ་ཁྱབ་ཡོད་ལ། སྒྲིག་གཞི་ཚང་བའི་གྲོང་ཚོར་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་པ་དང་། 4Gབརྡ་རྟགས་ཁྱབ་ཚད99%ཟིན་པ་བཅས་ཀྱིས་མཐོ་སྒང་གི་མི་རྣམས་ལ་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་སྐར་ཁུང་ཞིག་བཏོད་ཡོད།
མང་ཚོགས་ཀྱི་འབབ་འཕར་ཐད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར་ཁྲི་གཅིག་དང་སྟོང་བརྒྱད་སུམ་བརྒྱ་རེ་གཉིས་ནས་སྒོར་ཁྲི་བཞི་དང་སྟོང་དྲུག་ལྔ་བརྒྱ་གསུམ་བར་མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར་སྟོང་ལྔ་དང་དྲུག་བརྒྱ་གོ་བརྒྱད་ནས་སྒོར་ཁྲི་གཅིག་དང་སྟོང་དྲུག་དགུ་བརྒྱ་སོ་ལྔ་བར་མཐོ་རུ་ཕྱིན་ཡོད།
སློབ་གསོའི་བྱ་གཞག་ཐད། 2012ལོ་ནས2021ལོའི་བར་རྒྱལ་ཁབ་ཀྱིས་བསྡོམས་པས་བོད་ལྗོངས་ལ་སློབ་གསོའི་གྲོན་དངུལ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་གཅིག་ཐེར་འབུམ་ལྔ་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་གཉིས་བཏང་ཡོད། བོད་ལྗོངས་སུ་སློབ་སྔོན་སློབ་གསོ་དང་རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་དེང་རབས་སློབ་གསོ་ཚུད་པའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་བགྲོད་ལམ་བརྒྱུད། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པར་བགྲེང་ཏེ་ཕྱར་བ་གྲུ་འདེགས་དང་ལག་གདང་མཉམ་སྦྲེལ་གྱིས་གངས་ལྗོངས་མཐོ་སྒང་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་བཞིན་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།