—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
“རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་བཞག་སྟེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས།” ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་བསུ་མ་བྱེད་པའི”ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱི་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། ང་ཚོའི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་ཚན་རིག་དང་མཐུན་པར་ཁོང་དུ་ཆུད་པ། མ་འོངས་པའི་དུས་སྐབས་ཤིག་གི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྲིད་ཇུས་བྱེད་ཕྱོགས་དང་བྱ་སྤྱོད་ཀྱི་རྩ་འཛིན་རྒྱས་བཤད་ཟབ་མོ་བྱེད་པ། “ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྡུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་བློ་སྤོབས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡང་དག་པའི་འཐབ་ཇུས་ཇུས་ཆོད་ལ་བརྟེན་ནས་འགྱུར་བར་བསྟུན་པ་དང་། གོ་སྐབས་གསར་བ་སྐྲུན་པ། འགོ་གསར་བ་བརྩམས་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པའི་ཆེས་གཞི་རྩ་ནི་ང་ཚོ་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་དེ་རེད”ཅེས་ནན་གྱིས་བསྟན་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཟབ་མོ་ཁོང་དུ་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་དང་འགན་འཁྲི་འཁུར་སེམས་ཁོང་དུ་ཆུད་པར་བྱས་ཏེ། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སོ་སོར་ཇུས་འགོད་དང་སྐུལ་འདེད་གཏོང་བའི་ཕུགས་རྒྱང་རིང་བོར་གང་ལེགས་ཀྱིས་མཚོན་ཡོད།
ལོ་ངོ་བརྒྱ་ལ་ཕྱིར་མིག་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་གཞི་རྐང་རྟེན་ས་ཡོད་པར་གྱུར་པ་དང་། ཀྲུང་གོའི་མི་དམངས་བསམ་པའི་ཐོག་ནས་གཞན་དབང་གི་གནས་ནས་རང་དབང་དུ་གྱུར་པ་རེད། ལོ་ངོ་བརྒྱའི་རིང་ལ། གནས་བབ་དང་ལས་འགན་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་། དྲག་རླུང་ཇི་ལྟར་རྒོད་ནའང་། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་དང་འབད་བརྩོན་གྱི་དམིགས་འབེན་དམ་འཛིན་བྱས་ནས་ཡང་དག་པའི་ཁ་ཕྱོགས་དེད་དེ་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་སྐྱོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ཏང་གི་མདུན་དུ་ལྷགས་པའི་གནས་བབ་དང་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། འགན་འཁུའི་རྙོག་རྫོབ་རང་བཞིན་དང་དཀའ་ཚེགས་རང་བཞིན་འཛམ་གླིང་ན་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཁྱོན་ཡོངས་འཐབ་ཇུས་དང་འཛམ་གླིང་གི་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་བྱས། རླབས་ཆེན་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་། ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་བ་རེད། ལོ་ངོ་བཅུའི་རིང་ལ་རང་སྟོབས་རང་སྤེལ་དང་། དྲང་འཛིན་གསར་སྐྲུན། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ལ། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔ་ན་མེད་པའི་གཅིག་བསྡུས་བྱས་ནས་འབད་བརྩོན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་ཐུབ་པ་ནས་ཕྱུག་པོར་གྱུར་པའི་བར་གྱི་རླབས་ཆེན་མཆོངས་སྐྱོད་བསུས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ་མངོན་འགྱུར་བྱུང་ཞིང་། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་གྱིས་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་འབེན་དང་། བློ་སྤོབས་ཆེར་བསྐྱེད་ཀྱིས་མ་འོངས་པའི་ཕྱོགས་སུ་སྐྱོད་པའི་བློ་སྤོབས་དང་སྟོབས་ཤུགས་ཆེ་རུ་བཏང་ཡོད་པ་རེད།
དཔྱོད་ལྡན་ཅན་ནི་མཁས་པ་དང་། དབང་ཤུགས་ཅན་ནི་རྒྱལ་བར་བྱེད། མིག་སྔར། འཛམ་གླིང་དུ་ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་པ་དང་། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།“རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་ལ་འཕྲད་ཡོད་པས། ཁ་གཏོད་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། ཐག་གཅོད་དགོས་པའི་འགལ་བ་དང་གནད་དོན་དེ་སྔར་བས་རྙོག་འཛིང་ལྡན་པ་ཞིག་རེད། ང་ཚོས་གསལ་བོར་ཤེས་པ་ཞིག་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུ་ནི་ལས་སླ་མོར་འགྲུབ་ཐུབ་པ་ཞིག་མ་ཡིན་པར་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་ཡོད་དགོས། ལག་ལེན་ལས་ལོ་རྒྱུས་འཕེལ་རྒྱས་འགྲོ་བར་ཆོས་ཉིད་ཡོད་པར་བཤད་ཀྱང་། ཡིན་ཡང་མི་ནི་དེའི་ཁྲོད་དུ་བརྩོན་སེམས་མེད་པ་དང་གཞན་དབང་ཅན་ཞིག་གཏན་ནས་མིན་པ་ང་ཚོར་ཤེས་སུ་བཅུག་ཡོད། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ལོ་རྒྱུས་ཀྱི་འགྱུར་ལྡོག་གོ་སྐབས་དམ་འཛིན་དང་། བབ་བསྟུན་ལས་སྒྲུབ། འབད་འབུངས་ཡར་བརྩོན་བཅས་བྱས་ཚེ། ང་ཚོ་དེ་བས་ལེགས་པའི་སྒོ་ནས་མདུན་སྐྱོད་བྱེད་ཐུབ། རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་། གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་། འགྲན་སློང་ཇི་ལྟར་ཛ་དྲག་ཆེ་ཡང་། ང་ཚོས་འཐབ་ཇུས་ཀྱི་བརྟན་ཤུགས་སྲུང་འཛིན་དང་། བློ་རྩ་བརྟན་པོར་བྱེད་པ་དང་འགྲོ་ལམ་མི་འགྱུར་བའི་ཆོད་སེམས། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་བཏང་སྟེ་གུང་ཁྲན་ཏང་མིར་ལྡན་དགོས་པའི་སྙིང་སྟོབས་ཆེར་སྐྱེད་དང་། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་དང་། ཉེན་ཁ་གང་རུང་ལ་མི་སྐྲག་པ། འགོག་རྐྱེན་གང་རུང་གི་དབང་དུ་མི་ཚུད་པ་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས།
ང་ཚོ་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས་པ་མ་ཟད། འཐབ་རྩོད་ལ་བརྟེན་ནས་མ་འོངས་པ་བརྩོན་ལེན་བྱེད་དགོས། སྐྱོད་ལམ་གསར་པའི་སྟེང་། ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁ་དང་ཉམས་ཚོད་ནི་སྔར་ལས་རྙོག་འཛིང་ཆེ་བར་མ་ཟད། ཐ་ན་བསམ་ཡུལ་ལས་འདས་པའི་དོན་དག་ལའང་འཕྲད་སྲིད། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ངུ་ཙམ་མ་ཡིན་པར་དུས་ཡུན་རིང་པོ་ཞིག་ཡིན་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་འགྲོགས་ངེས་རེད། ཉེན་ཁ་ཆེན་པོ་དང་སྟོབས་དང་ལྡན་པའི་འགྲན་ཡའི་མདུན་དུ་རང་འགུལ་གྱིས་དམག་འཐབ་བྱེད་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཚེ་གཞི་ནས་མདུན་ལམ་ཡོད་པ་དང་། གཞི་ནས་ལ་རྒྱ་ཐོབ་པ་དང་འཕེལ་རྒྱས་དོན་གཉེར་བྱེད་ཐུབ་པ་ལག་ལེན་དངོས་ལས་ང་ཚོར་གསལ་བཤད་བྱས་ཡོད། ང་ཚོས་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་རང་བདག་དབང་ཆ་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་བློ་སྤོབས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་ཟླ་གལ་ཆེན་ཐག་གཅོད་བཅས་བྱས་ནས་མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཏེ་དུས་རབས་གསར་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་མུ་མཐུད་དུ་བརྩོན་ལེན་བྱ་དགོས། ཏང་ཡོངས་ཀྱིས་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་སྲུང་འཛིན་དང་། མུ་མཐུད་དུ་འགན་འཁྲི་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལམ་དོག་མོ་ནས་དཔའ་ངར་ཅན་རྒྱལ་བའི་བློ་སྤོབས་དང་། གོ་སྐབས་ཀྱི་མདུན་ནས་རང་འགུལ་གྱིས་བརྩོན་ལེན་བྱེད་པ། དཀའ་ངལ་གདོང་གིས་བསུས་ནས་མདུན་སྐྱོད་དང་། ཉེན་ཁར་ཧུར་ཐག་གིས་ཁ་གཏོད་པ། མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕར་རྒོལ་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། དཀའ་ངལ་ལས་རྒྱལ་བ། ཞུམ་མེད་མདུན་སྐྱོད་བཅས་བྱས་ན། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཆེན་མོ་མངོན་འགྱུར་བྱེད་ཐུབ་ངེས་རེད།
ལས་འགན་གྱིས་འགན་འཁྲིར་འབོད་སྐུལ་གཏོང་བ་དང་། ལས་འགན་གྱིས་མ་འོངས་པར་སྣེ་ཁྲིད་བྱེད་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་བའི་སྟེང་། སེམས་སུ་མང་ཚོགས་བཅངས་པ་དང་། ལག་ཏུ་བདེན་དོན་འཛིན་པ། དྲང་བདེན་སྐྱོང་བར་ང་ཚོར་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་མདུན་སྐྱོད་བྱས་ནས“དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི”དཔའ་བོའི་བློ་སྤོབས་སྲུང་འཛིན་དང་། “ཉི་ཟླ་གསར་བརྗེ་བྱེད་ཕོད་པའི”བློ་སྤོབས་སྲུང་འཛིན། འབད་འབུངས་ཡར་བརྩོན་དང་ནན་ཏན་གྱིས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།