《བདེན་འཚོལ》དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།
2022.08.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས།

ཟླ8པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ།《ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས》ཞེས་པ་སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཆ་ཚང་བའི་གཞུང་ལུགས་མ་ལག་ཅིག་ཡིན་ཞིང་། འཕེལ་རྒྱས་ཀྱི་དམིགས་ཡུལ་དང་སྒུལ་ཤུགས། བྱེད་སྟངས། ཐབས་ལམ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད་ལ། ང་ཚོའི་ཏང་གི་འཕེལ་རྒྱས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་རིན་ཐང་ཕྱོགས་སྟོན། འཕེལ་རྒྱས་རྣམ་པ། འཕེལ་རྒྱས་བགྲོད་ལམ་སོགས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་སྐོར་གསལ་བཤད་བྱས་ཡོད་པ་དང་། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཏན་ཏན་ཏིག་ཏིག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་སྤྱི་ཡོངས་ཤིག་སྟེ། ཀྲུང་དབྱང་གི་ངོས་ཐད་དང་སྡེ་ཁག་གི་ངོས་ཐད་གང་ཞིག་དང་། ཞིང་ཆེན་གྱི་ངོས་ཐད་དང་ཞིང་ཆེན་མན་གྱི་རིམ་པ་སོ་སོའི་ངོས་ཐད་གང་ཞིག་ཡིན་རུང་། ལག་ལེན་མཐར་ཕྱིན་དང་དངོས་འབེབས་བྱེད་པའི་ཁྲོད་དུ་ཆ་ཚང་བར་ཤེས་རྟོགས་དང་ཡང་དག་པར་རྒྱུས་ལོན། ཁྱོན་ཡོངས་ནས་དངོས་འབེབས་བཅས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཡོངས་སུ་ལག་ལེན་བྱེད་དགོས། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་པོར་འཛིན་དགོས་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་སྐྲུན་བྱེད་པའི་འགོག་རྐྱེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འབུར་ཐོན་གནད་དོན་དངོས་གནས་ཐག་གཅོད་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་བཟོ་བའི་འབུར་ཐོན་གནད་དོན་དངོས་གནས་ཐག་གཅོད་བྱེད་དགོས། བྱ་བའི་ཁྲོད་ནས་གསར་སྐྲུན་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ལ་དོ་ཁུར་བྱས་ནས། དེ་དག་ལ་མཐུན་སྦྱོར་གྱིས་ཤུགས་འདོན་དུ་འཇུག་པ་དང་མཉམ་ཤུགས་ཆགས་སུ་འཇུག་དགོས་ཤིང་། ལྕི་ཡང་ཤོར་དུ་འཇུག་མི་རུང་ལ་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་།

རྩོམ་ཡིག་ནང་བསྟན་དོན། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དངོས་འབེབས་བྱེད་དགོས། འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་རྗེས། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། མཉམ་དུ་ཕྱུག་འགྱུར་གྱི་གནད་དོན་ལ་ངེས་པར་དུ་སྔར་ལས་ལྷག་པར་གཙིགས་མཐོང་བྱེད་དགོས། མཉམ་དུ་ཕྱུག་འགྱུར་ནི་མ་གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གལ་ཆེན་ཞིག་ཡིན། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདུན་གསར་པ་སྐོང་བ་དེ་ནམ་ཡང་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་རྐང་ཚུགས་སར་བྱས་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུན་ཆད་མེད་པར་རིམ་བཞིན་དུ་གནད་དོན་འདི་ཐག་གཅོད་བྱེད་དགོས། མི་དམངས་ཡོངས་རྫོགས་མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་སྤེལ་བྱེད་པ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་ལ། དངོས་ཡོད་ཀྱི་ལས་འགན་ཞིག་ཀྱང་ཡིན་པས། དེར་བྲེལ་མི་རུང་ལ་སྒུག་ནས་སྡོད་ཀྱང་མི་རུང་བར། ངེས་པར་དུ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། ཏན་ཏན་ཏིག་ཏིག་དང་ཡུན་རིང་པོར་བྱས་རྗེས་འཇོག་དགོས་པ་དང་། དམིགས་འབེན་འདིར་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཧུར་ཐག་འབད་བརྩོན་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མུ་མཐུད་དུ་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་མཛུབ་སྟོན་དང་སྣེ་ཁྲིད་བྱེད་དགོས་ལ། བཅོས་བསྒྱུར་ཟབ་སྤེལ་བྱས་པ་བརྒྱུད་ནས་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པར་སྒྲིག་སྲོལ་ནང་རྐྱེན་དང་འགན་སྲུང་འདོན་སྤྲོད་བྱེད་དགོས། ད་ཡོད་བཅོས་བསྒྱུར་གྱི་རྨང་གཞིའི་སྟེང་དུ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པར་རྐང་ཚུགས་པར་བྱས་ནས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གསར་སྐྲུན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་གཏོང་བ། བཅོས་བསྒྱུར་ཆུ་ཚད་མཐོར་འདེགས་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་གཙོ་བོར་དམིགས་ཏེ། མུ་མཐུད་དུ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། སྔར་ལས་ཡང་དག་པའི་སྒོ་ནས་བཅོས་བསྒྱུར་གྱི་ཇུས་གཞི་འདོན་དགོས་ལ། ལམ་ལུགས་མ་ལག་སྔར་ལས་ཀྱང་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་ན། རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་སྒྲིག་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱས་ནས། སྔོན་མཐོང་རང་བཞིན་གྱི་བསམ་གཞིགས་དང་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག ཆ་ཚང་རང་བཞིན་གྱི་སྐུལ་སྤེལ་བཅས་ལ་ཤུགས་སྣོན་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་ངོ་བརྒྱ་ཕྲག་མང་པོར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་གཅིག་གྱུར་འཆར་འགོད་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཆབ་སྲིད་ཀྱི་སྟེང་ནས་གནད་དོན་ལ་བལྟ་བར་མཁས་དགོས། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་ནི། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བའི་བླང་བྱ་ཡིན་ལ། ཤིན་ཏུ་གལ་ཆེ་བའི་ཆབ་སྲིད་ཀྱི་བླང་བྱའང་ཡིན། བཅོས་བསྒྱུར་སྒོ་འབྱེད་བརྟན་བརླིང་དང་། ནང་སྲིད་དང་། ཕྱི་འབྲེལ། རྒྱལ་སྲུང་། ཏང་སྐྱོང་བ་དང་རྒྱལ་ཁབ་སྐྱོང་བ་དང་དམག་སྐྱོང་བ་བཅས་ཚང་མ་ཆབ་སྲིད་ཡིན་ལ། ཚང་མ་ཆབ་སྲིད་དང་འབྲལ་ཐབས་མེད། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་བར། ཆེས་གལ་ཆེ་ཤོས་ནི་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་འབྲེལ་བ་སྣ་ཚོགས་ཐག་གཅོད་བྱེད་རྒྱུ་དེ་ཡིན་ལ། དུས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲུང་འཛིན་བྱེད་དགོས། གནས་བབ་ཇི་ལྟར་རྙོག་འཛིང་ཆེ་ན། ལས་འགན་དེ་ལྟར་ལྕི་ཞིང་། སྔར་ལས་ཀྱང་ཏང་གི་ཁྱོན་ཡོངས་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། སྔར་ལས་ཀྱང་ཏང་ཀྲུང་དབྱང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་བླང་བྱ་དག་བྱ་བའི་ཁྲོད་དུ་དངོས་འབེབས་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ལ། “རྒྱལ་ཁབ་ཀྱི་དོན་ཆེན”ལ་ཤེས་རྟོགས་གསལ་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དེ་འཐབ་ཇུས་གལ་ཆེན་འཆར་འགོད་བྱེད་པ་དང་སྲིད་ཇུས་གལ་ཆེན་སྒྲིག་བཟོ་བྱེད་པ། ལས་འགན་གལ་ཆེན་བཀོད་སྒྲིག་བྱེད་པ། བྱ་བ་གལ་ཆེན་སྐུལ་འདེད་བྱེད་པ་བཅས་ཀྱི་ལག་ལེན་ཁྲོད་མངོན་པར་བྱེད་དགོས་ཤིང་། དུས་རྒྱུན་དམིགས་ཚད་ཞིབ་བསྡུར་བྱས་ནས་། དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།