ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེའོ་ཉིན་དུ་གཟིགས་ཞིབ་མཛད་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། དུས་རབས་གསར་པའི་བྱང་ཤར་དར་རྒྱས་གཏོང་བར་འགན་འཁྲི་འཁུར་སེམས་སྔར་ལས་ཆེ་བ་མངོན་པ་བཅས་བྱས་ནས། ལེའོ་ཉིན་དར་རྒྱས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཟླ8ཚེས16དང17ཉིན། ཞི་ཅིན་ཕིང་ལེའོ་ཉིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་གོ་ཆིན་དང་ཧྲིན་ཀྲང་ལི་ལེ་ཁྲིན་གྱི་ཕེབས་རོགས་འོག སྔ་རྗེས་སུ་ཅིན་ཀྲོའུ་གྲོང་ཁྱེར་དང་ཧྲིན་དབྱང་གྲོང་ཁྱེར་སོགས་ལ་ཕེབས་ཏེ་གསར་བརྗེའི་དྲན་གསོ་ཁང་དང་། གཙང་བོ་དང་མཚེའུ་བཅོས་སྐྱོང་ལས་གྲྭ་དང་ཁེ་ལས། སྡེ་ཁུལ་སོགས་ལ་གཟིགས་ཞིབ་གནང་བ་རེད།
ཚེས16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཅིན་ཀྲོའུ་གྲོང་ཁྱེར་དུ་ཐོག་མར་ལེའོ་ཧྲིན་གཡུལ་འགྱེད་དྲན་གསོ་ཁང་དུ་གཟིགས་ཞིབ་གནང་བ་རེད། ལོ་ངོ70ལྷག་གི་སྔོན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དམག་དཔུང་ལ་བཀོད་འདོམས་བྱས་པས་ལེའོ་ཧྲིན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཡོད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་འགོ་ཚུགས་འགྲེམས་སྟོན་ཁང་དང་། དམག་དོན་ལོ་རྒྱུས་ཁང་། གཡུལ་སྐྱོར་ཁང་། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་བཅས་ལ་གཟིགས་སྐོར་གནང་སྟེ། བྱང་ཤར་བཅིངས་འགྲོལ་དམག་འཁྲུག་གི་ལོ་རྒྱུས་དང་ལེའོ་ཧྲིན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འཐབ་ཡུལ་གྱི་མདུན་ཕྱོགས་སུ་བསྐྱོད་ནས་རོགས་སྐྱོར་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་དང་རང་སྲོག་བློས་གཏོང་ལ་མི་སྐྲག་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་ཕྱིར་དྲན་གནང་བ་རེད། ཞི་ཅིན་ཕིང་གིས་ལེའོ་ཧྲིན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་དེས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་རྒན་རབས་པ་ཚོའི་ཁྱད་དུ་འཕགས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་འཐབ་ཇུས་ཀྱི་ཇུས་འགོད་གང་ལེགས་སྒོས་མཚོན་ཡོད་ཅེས་གསུངས།
དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པས་བྱ་གཞག་དར་རྒུད་དང་རྒྱལ་ཕམ་ཇི་ཡོང་དེར་ཐུག་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཚེ། དཀའ་སྡུག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་འཕེལ་ཐུབ་ཅེས་ནན་བཤད་གནང་བར་མ་ཟད། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་ནི་ཏང་ཡོན་ཚང་མའི་འོས་འགན་ཡིན་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་འཐབ་མོ་བ་རྒན་པ་དང་། བློ་མཐུན་རྒན་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་དང་འཐུས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་བྱང་ཤར་མི་དམངས་ཀྱིས་ལེའོ་ཧྲིན་གཡུལ་འགྱེད་ཀྱི་རྒྱལ་ཁ་དང་བྱང་ཤར་བཅིངས་འགྲོལ་གྱི་ཆེད་དུ་བློས་གཏོང་ཆེན་པོ་བྱས་པར་མ་ཟད། ཀྲུང་གོ་གསར་པ་འཛུགས་སྐྲུན་དང་མེ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ང་ཚོའི་གསར་བརྗེའི་རྒྱལ་སྲིད་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཁྲི་སྟོང་མང་པོའི་ཁྲག་དྲོན་དང་ཚེ་སྲོག་བློས་གཏོང་ལས་བྱུང་བ་ཞིག་རེད། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་ལ། ང་ཚོས་རྒྱལ་སྲིད་ཀྱི་ངོ་བོ་གཏན་ནས་འགྱུར་དུ་འཇུག་མི་སྲིད་ལ་མི་དམངས་ཀྱིས་ཀྱང་དེར་ཁས་ལེན་གཏན་ནས་བྱེད་མི་སྲིད། ཆུ་འཐུང་དུས་ཁྲོན་པ་བསྐོ་མཁན་མི་བརྗེད་པར་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལྷག་གི་རིང་ལ། མི་རབས་ནས་མི་རབས་བར་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རང་རེའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མི་དམངས་རྣམས་ཁྱོན་ཡོངས་ནས་འབྱོར་འབྲིང་གི་འཚོ་བ་རོལ་ཐུབ་པ་བྱུང་བ། ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་པ་བྱུང་ཡོད། ང་ཚོས་མུ་མཐུད་དུ་མདུན་དུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ནས། གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་རྣམས་ཐུགས་བདེ་བློ་བདེ་ཡོང་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་མོ་བ་རྒན་པ་དང་། བློ་མཐུན་རྒན་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་བཅས་ལ་སེམས་ཁུར་བྱས་ཏེ་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ་ཚོར་ཚེ་མཇུག་བདེ་ཞིང་སྐྱིད་པ་དང་སྔོན་གཤེགས་དཔའ་བོའི་གཉེན་ཉེ་ཚོར་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས། གསར་བརྗེའི་རྒྱལ་སྲིད་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་རྒྱལ་སྲིད་ཡག་པོ་བསྲུང་རྒྱུ་ནི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་རེད། ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོར་བརྗོད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གསར་བརྗེའི་རྒྱལ་སྲིད་ཀྱི་རྒྱུན་འཛིན་མཁན་ཡོད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཞིང་། ཞི་ཅིན་ཕིང་གིས་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པ་རྣམས་ལ་ཚེ་རིང་ནད་མེད་དང་། འཚོ་བ་བདེ་སྐྱིད། བྱ་བ་ལམ་འགྲོ་བཅས་ཡོང་བའི་སྨོན་འདུན་ཞུས་བ་རེད། དེའི་རྗེས་ཞི་ཅིན་ཕིང་ཅིན་ཀྲོའུ་ཏུང་ཧུའུ་ནགས་ཚལ་སྤྱི་གླིང་དུ་ཕེབས་ནས་ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་སླར་གསོར་ཤུགས་སྣོན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། སྤྱི་གླིང་དེ་ཞའོ་ལིང་གཙང་པོ་དང་ཉུས་ཨར་གཙང་པོ་འབྲེལ་མཚམས་ཀྱི་བྱང་ངོས་སུ་གནས་ཡོད། 2014ལོ་ནས་བཟུང་ཅིན་ཀྲོའུ་གྲོང་ཁྱེར་གྱིས་གཙང་པོ་གཉིས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པར་མ་ཟད། གཙང་པོ་བཞུར་རྒྱུད་དུ་སྤྱི་ལེ10ལྷག་གི་ལྗང་འགྱུར་ཁུལ་བསྐྲུན་པས་གཙང་འགྲམ་ལུས་སྦྱོང་ཁམས་གསེང་རྣམ་པའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་ཞའོ་ལིང་གཙང་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་ལ། བྱང་ཤར་དར་རྒྱས་གཏོང་བའི་ལེགས་ཆ་ཞིག་ཀྱང་ཡིན་པས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་། ཁོར་ཡུག་འཛུགས་སྐྲུན། ཐོན་སྐྱེད་བཟོ་སྐྲུན། གྲོང་ཁྱེར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་སོགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པ་ལས་མང་ཚོགས་ཀྱི་ཐོབ་སྣང་མངོན་གསལ་དོད་པོས་ཇེ་མཐོར་སོང་ཡོད་པར་མ་ཟད་མང་ཚོགས་ལ་མྱོང་ཚོར་ཡང་ཟབ་མོ་བྱུང་ཡོད། རི་བཅོས་སྐྱོང་དང་། ཆུ་བཅོས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོང་ཁྱེར་གྱི་ཐོན་སྐྱེད་བར་སྟོང་དང་། འཚོ་བའི་བར་སྟོང་། སྐྱེ་ཁམས་བར་སྟོང་བཅས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་འཆར་འགོད་བྱས་ནས་མང་ཚོགས་ལ་སྤྲོ་གསེང་དང་། ལུས་སྦྱོང་། རོལ་རྩེད་བཅས་ཀྱི་སྤྱི་པའི་འདུ་གནས་མང་ཙམ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་གནས་དེ་ནས་ལེའོ་ཉིན་ཞིང་ཆེན་གྱི་ཆུ་ལོག་འགོག་པའི་ལས་དོན་གྱི་སྙན་ཞུར་གསན་པ་རེད། ད་ལོ་བྱང་ཕྱོགས་སུ་ཆར་ཆུ་ཅུང་མོད་པ་དང་ལེའོ་ཉིན་དུ་དྲག་ཆར་ཐེངས་མང་བབས་པས། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པ་དང་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཐེབས་ཡོད། ལེའོ་ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག གནོད་སེལ་རོགས་སྐྱོབ་ལས་དོན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་པ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་འབུམ་གཉིས་ཙམ་དུས་ཐོག་ཏུ་གནས་སྤོ་བྱས་ནས། གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཟ་རྒྱུ་ཡོད་པ་དང་། གོས་གྱོན་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། བདེ་འཇགས་ལྡན་པའི་གནས་སྐབས་ཀྱི་སྡོད་གནས་ཡོད་པ། ན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་པས། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད། ཞི་ཅིན་ཕིང་གིས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་རོགས་སྐྱོབ་དང་བཀོད་སྒྲིག་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་ཟླ་8པ་ནི་སྔར་བཞིན་བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་འགོག་པའི་འགག་རྩའི་དུས་སྐབས་ཤིག་རེད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ལོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱེད་པ། ཆུ་ལོག་འགོག་པ་དང་གནོད་སེལ་གྱི་བྱེད་ཐབས་སྣ་ཚོགས་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱེད་པ། གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། ཏུང་ཧུའུ་རིག་གནས་ཐང་ཆེན་དུ་སྤྲོ་གསེང་དང་རིག་གནས་ཀྱི་བྱེད་སྒོ་སྤེལ་བཞིན་པའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་དགོས་པ་ལས་མི་ཉུང་ཤས་ཕྱུག་པོ་ཡོང་བར་བྱེད་རྒྱུ་དེ་མིན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག་ཡིན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གསར་བརྗེའི་རིག་གནས་བེད་སྤྱོད་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཏང་ཀྲུང་དབྱང་གིས་བྱང་ཤར་དར་རྒྱས་ཡོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་བྱང་ཤར་དར་རྒྱས་གཏོང་བའི་འཐབ་ཇུས་གཏིང་ཟབ་ཏུ་ལག་ལེན་བྱས་ཡོད། ང་ཚོས་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་རེ་སྒུག་ཀྱང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཚེས17ཉིན། ཞི་ཅིན་ཕིང་གིས་ཧྲིན་དབྱང་གྲོང་ཁྱེར་དུ་གཟིགས་ཞིབ་གནང་ཞིང་། ཉིན་དེའི་ཕྱི་དྲོར་ཁོང་ཧྲིན་དབྱང་ཞིན་སུང་འཕྲུལ་མི་རང་འགུལ་ཅན་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཤིང་། ཀུང་ཟིའི་འགྲེམས་སྟོན་ཁང་དུ་ཞི་ཅིན་ཕིང་གིས་ལེའོ་ཉིན་གྱི་དུས་རབས་གསར་པའི་བྱང་ཤར་དར་རྒྱས་སྐོར་གྱི་ཕྱོགས་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་ལེའོ་ཉིན་གྱི་སྔོན་ཐོན་ཚན་རྩལ་ཐོན་རྫས་གཅིག་སྡུད་འགྲེམས་སྟོན་ལ་གཟིགས་པར་མ་ཟད། ཞིན་སུང་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་དང་རང་བརྟེན་གསར་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་བཟོ་ལས་འཕྲུལ་མི་དང་། མཉམ་ལས་འཕྲུལ་མི། དམིགས་བསལ་འཕྲུལ་མི་སོགས་ཚོད་ལྟ་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ལག་རྩལ་མི་སྣ་དང་ཁེ་ལས་ཀྱི་ལས་བཟོ་བར་ཁེ་ལས་ཀྱི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁེ་ལས་ཀྱི་རང་བརྟེན་གསར་སྐྲུན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་སྟེ། ཞིན་སུང་ཀུང་སི་ལས་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་ཆུ་ཚད་མངོན་གྱི་འདུག་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བྱས་ནས་རང་བརྟེན་གསར་སྐྲུན་ལ་སྔར་ལས་མཐོང་ཆེན་དང་། གསར་སྐྲུན་ལ་བརྟེན་ནས་ཁོར་ཡུག་འཛུགས་སྐྲུན་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་གསུངས་བ་རེད།
རང་རྒྱལ་གྱི་ཐོན་ལས་ཆུ་ཚད་མཐོར་འདེགས་དང་སྟོབས་ཤུགས་ཇེ་ཆེར་བཏང་ནས། རང་རྒྱལ་འདི་ཉིད་དཔལ་འབྱོར་དར་རྒྱས་ཀྱི་རྒྱལ་ཁབ་ཆེན་པོ་ནས་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་དང་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། མིག་སྔར་དཔལ་འབྱོར་གོ་ལ་ཅན་ལ་ལྡོག་རྒྱུན་འཕྲད་པ་དང་། སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་ཐོན་མོད། འོན་ཀྱང་ང་ཚོས་སྒོ་མོ་ཡངས་པོར་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རང་རྒྱལ་འཕེལ་རྒྱས་གཏོང་བར་ཏན་ཏན་ཏིག་ཏིག་དང་གོམ་པ་རིམ་བགྲོད་བྱེད་དགོས་ལ། སྒོ་འབྱེད་ཁོང་ཡངས་དང་གཉིས་ཁེ་གཉིས་ཕན་ཡང་ཡོང་བར་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གིས་བསྐྲུན་དགོས། རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་བཞག་སྟེ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ངེས་པར་དུ་རང་བརྟེན་གསར་བསྐྲུན་གྱི་ལམ་བུར་སྐྱོད་དགོས། དུས་ཚོད་ཀྱིས་ང་ཚོར་མི་སྒུག་པ་ལྟར་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ། འགག་རྩའི་གནད་དོན་ཐོད་བརྒལ་ཡོང་བར་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ང་ཚོ་རང་ཉིད་ཀྱིས་ཁོང་དུ་ཆུད་ཐུབ་པར་འབད་བརྩོན་བྱེད་དགོས། ན་གཞོན་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རྒྱས་པ་ནི་ཁེ་ལས་འཕེལ་རྒྱས་ཀྱི་རེ་བའི་འབྱུང་ཁུངས་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁོར་ཡུག་ཡག་པོ་བསྐྲུན་ཏེ་ན་གཞོན་ཚོའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་ཅི་ཐུབ་བྱས་ནས། ཁོ་ཚོས་ཁྱབ་ཁོངས་ཁག་ཏུ་གསར་སྐྲུན་བྱེད་ཕོད་པ་དང་ཡང་རྩེར་འཛེག་པར་སྐུལ་མ་བཏང་སྟེ། དུས་རབས་གསར་པའི་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་ཧྲིན་དབྱང་གྲོང་ཁྱེར་ཧོང་ཀུའུ་ཆུས་སན་ཐའེ་ཙི་ཁྲོམ་གཞུང་མུའུ་ཏན་སྡེ་ཁུལ་དུ་ཕེབས་ཤིང་། སྡེ་ཁུལ་དེ་དུས་རབས་སྔོན་མའི་ལོ་རབས་80པར་བསྐྲུན་པ་དང་ཁྱོན་སྡོམ་སྡོད་དམངས3000ལྷག་ཡོད། ཉེ་བའི་ལོ་ཤས་རིང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་ཞབས་ཞུ་ཇེ་ལེགས་སུ་བཏང་བ་བརྒྱུད། གཞི་རིམ་བཅོས་སྐྱོང་གི་དཔེ་སྟོན་སྡེ་ཁུལ་དུ་གྱུར་ཡོད། ཞི་ཅིན་ཕིང་སྔ་རྗེས་སུ་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་དང་། མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས། རྒན་གསོའི་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས་སྡེ་ཁུལ་གྱི་ལས་བྱེད་པ་དང་། བདེ་སྐྱིད་ལྡན་པའི་སློབ་གསོའི་སློབ་ཁང་གི་དགེ་སློབ། རྒན་པའི་དང་བླངས་པ་བཅས་ཀྱིས་ས་གནས་གཞི་རིམ་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། རྒན་པའི་ཟ་ཁང་དུ་ཞི་ཅིན་ཕིང་གིས་ཟ་མ་ཟ་བཞིན་པའི་རྒན་པ་ཚོར་ཟས་རིན་མཐོ་མིན་དང་། སྡེ་ཁུལ་གྱི་ཞབས་ཞུ་བཟང་མིན། འཚོ་བའི་ཐད་དཀའ་ཁག་ཡོད་མེད་བཅས་བཀའ་འདྲི་གནང་བ་རེད།
སྡེ་ཁུལ་ནས་ཞལ་གྱེས་སྐབས། སྡོད་མི་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་འབྱོར་འབྲིང་གི་ཕུགས་འདུན་དང་། རྒྱལ་ཁབ་སྟོབས་ཆེའི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་མཐར་གཏུགས་ནས་བརྗོད་ན་མང་ཚོགས་ཀྱི“བདེ་སྐྱིད་ཕུགས་འདུན”ཡིན་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་མཐའ་དག་ནི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱ་ཆེད་ཡིན་ཞེས་གསུངས་བ་དང་། ཁོང་གིས་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པ་ནི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་སྤེལ་བའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། དམངས་ཆེད་དང་། དམངས་ཕན། དམངས་བདེ་བཅས་ལ་དམིགས་ནས་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་གང་ཐུབ་བྱེད་པ་དང་། ཆུ་གློག་རླངས་གསུམ་སོགས་འཚོ་བའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པ། སྡོད་མིའི་རྒྱུན་ལྡན་གྱི་འཚོ་བའི་དགོས་མཁོ་སྔར་བས་སྐོང་བ་བཅས་བྱས་ཏེ་བདེ་འཇགས་འགན་ལེན་བྱེད་པ་དང་། སྡེ་ཁུལ་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།