སྤྱོད་ཚུལ་འཛིན་ན་ངེས་པར་དུ་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས།
2022.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

“མཐུན་སྒྲིལ་ནི་ལྕགས་ཡིན། མཐུན་སྒྲིལ་ནི་རྣོ་ཡིན། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན།”ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲོས་ཚོགས་སྟེང་བསྟན་དོན། སྤྱོད་ཚུལ་འཛིན་ན་ངེས་པར་དུ་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། རང་རྟོགས་ཀྱིས་སྤྱི་ཡོངས་གཙོར་འཛིན་པ་དང་ལས་དོན་གཙོར་བཟུང་ནས། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་བརྩི་བཀུར། ཕན་ཚུན་བསམ་ཤེས་བཅས་བྱས་ཏེ། སེམས་ཤུགས་གཅིག་ལ་གཏོད་པ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཀོལ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་མོ་གཅིག་ཏུ་བསྡུ་དགོས།

བློ་མཐུན་མའོ་ཙེ་ཏུང་གིས《མང་ཚོགས་ཁྲི་སྟོང་མང་པོ་འཇར་འགོག་མི་རིགས་གཅིག་གྱུར་འཐབ་ཕྱོགས་སུ་ཞུགས་པར་བརྩོན་ལེན་བྱེད་ཆེད་འཐབ་རྩོད་བྱེད》ཅེས་པའི་རྩོམ་ཡིག་ཁྲོད་བསྟན་དོན། “གུང་ཁྲན་ཏང་ལ་མཐུན་སྒྲིལ་ཡོང་ན། ད་གཟོད་གྲལ་རིམ་ཡོངས་དང་མི་རིགས་ཡོངས་མཐུན་སྒྲིལ་ཡོང་ངེས་ཡིན་ལ། གྲལ་རིམ་ཡོངས་དང་མི་རིགས་ཡོངས་མཐུན་སྒྲིལ་བྱུང་ན། ད་གཟོད་དགྲ་བོ་ལས་རྣམ་པར་རྒྱལ་ནས། མི་རིགས་དང་དམངས་གཙོ་གསར་བརྗེའི་ལས་འགན་ལེགས་འགྲུབ་བྱེད་ཐུབ།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ང་ཚོས་མཐུན་སྒྲིལ་འབད་བརྩོན་བྱས་པར་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་གསར་སྐྲུན་བྱས་ལ། ད་དུང་མཐུན་སྒྲིལ་འབད་བརྩོན་བྱེད་པར་བརྟེན་ནས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས།”མཐུན་སྒྲིལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་མདུན་སྐྱོད་ཀྱི་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་སློང་ཡོད་ཚད་ལས་རྣམ་པར་རྒྱལ་བྱེད་དང་། རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་སྲུང་གལ་ཆེན་ཡིན།

མཐུན་སྒྲིལ་ལས་གོང་བུར་འགྲིལ་ཤུགས་དང་འཐབ་རྩོད་ནུས་ཤུགས། ཐོན་སྐྱེད་ནུས་ཤུགས་བཅས་འབྱུང་བ་ཡིན། རླབས་ཆེན་གྱི་བྱ་གཞག་ལ་རླབས་ཆེན་གྱི་མཐུན་སྒྲིལ་བྱེད་དགོས། མཐུན་སྒྲིལ་ཞེས་པ་འདི་ལེགས་པོར་བསྒྲུབ་དགོས་ན། མཐུན་སྒྲིལ་གྱི་གོ་དོན་ལ་རྒྱུས་ལོན་ཡང་དག་བྱེད་དགོས། མཐུན་སྒྲིལ་གཙིགས་སུ་འཛིན་པ་ནི་ཕྱི་ཚུལ་ནས་མཐུན་སྒྲིལ་བྱེད་པ་ཙམ་མ་ཡིན་པར། ཆབ་སྲིད་སྟེང་འདོད་འདུན་གཅིག་གྱུར་ཡོང་བ་དང་། བྱ་བའི་སྟེང་མ་གྲོས་རང་མཐུན་ཡོང་དགོས་ལ། ཐུན་མོང་གི་ཕུགས་འདུན་དང་དམིགས་འབེན་གྱི་རྨང་གཞིའི་སྟེང་མཐུན་སྒྲིལ་ཡོང་དགོས་ཤིང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། དོན་གྲོས་བྱེད་པར་དམངས་གཙོ་གཙིགས་སུ་འཛིན་པ་དང་ཇུས་ཆོད་འདོན་པར་གོ་རིམ་གཙིགས་སུ་འཛིན་པ། ལག་བསྟར་བྱེད་པར་སྒྲིག་ཁྲིམས་གཙིགས་སུ་འཛིན་པ་བཅས་བྱེད་དགོས། མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་མི་བཤད་པ་དང་མཐུན་སྒྲིལ་ལ་གནོད་པའི་བྱ་བ་མི་སྒྲུབ་པར། ཏང་ནང་གི་མཐུན་སྒྲིལ་གྱིས་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་དེ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་དང་། འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་སྤེལ་བྱས་ནས། བློ་སེམས་གཅིག་ལ་ཕྱོགས་པར་སྐུལ་འདེད་གཏོང་དགོས།

མཐུན་སྒྲིལ་གཙིགས་སུ་འཛིན་པར་སྤྱི་ཡོངས་ཀྱི་འདུ་ཤེས་ཡོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་ལེན་དངོས་འབེབས་བྱེད་པ་དེ་མཐའ་གཅིག་ཏུ་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་དང་། ཆབ་སྲིད་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་སུ་བརྩི་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་གཅིག་ཏུ་སྲུང་འཛིན་བྱེད་དགོས། དགོངས་དོན་གྱི་འདུ་ཤེས་ནམ་ཡང་ཡིད་ལ་བརྟན་པོར་འཛིན་པ་དང་། མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གནས་སུ་འཇོག་དགོས་ཤིང་། ཏང་ནང་གི་འགྱུར་བ་མེད་པའི་མཐུན་སྒྲིལ་ལ་བརྟེན་ནས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐུན་མོང་གི་ངོས་ཟིན་གཅིག་ཏུ་འབབ་པ་དང་མཉམ་ཤུགས་ཆགས་པར་བྱས་ན། ད་གཟོད་ལས་དོན་ཡོད་ཚད་གང་ལ་དམིགས་ཀྱང་མི་རྒྱལ་བ་མེད་ལ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”ཡི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ།

མཐུན་སྒྲིལ་བྱེད་ཤེས་པ་ནི་བློ་གྲོས་ཆེན་པོ་ཡིན་ལ། མཐུན་སྦྱོར་བྱེད་མཁས་པ་ནི་བསམ་བློ་གཏོང་མཁས་པ་ཡིན། བྱ་བའི་ཁྲོད་དུ། མི་འདང་སར་ཁ་གསབ་བྱེད་པ་ལས་མཚང་མི་བརྟོལ་བ་དང་། ལས་བགོ་བྱེད་པ་ལས་ཁྱིམ་ཚང་བགོ་མི་རུང་། འཚོ་བའི་ཁྲོད་དུ། ཕན་ཚུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། དོ་དམ་གྱི་ཁྲོད་དུ། དམངས་གཙོ་དར་སྤེལ་དང་ཚན་རིག་དང་མཐུན་པའི་ཇུས་ཆོད་དགོས། གསོལ་འབུལ་བྱེད་ཕོད་པའི་སྙིང་སྟོབས་ཡོད་དགོས་ཤིང་། སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་འཇོག་དགོས། ཕན་ཚུན་ཡིད་ཆེས་བྱེད་དགོས་ཏེ། ཕན་ཚུན་བར་ཡིད་ཆེས་བྱས་ན་ད་གཟོད་འཆམ་མཐུན་ཡོང་ཞིང་མཉམ་ཤུགས་ལྡན་ལ། མཉམ་དུ་དཀའ་ཁག་དང་མ་འོངས་པར་གདོང་གཏོད་པའི་སྤོབས་པ་དང་ཡིད་ཆེས་ཡོད། རང་རྟོགས་སྒོས་སྤྱི་ཡོངས་གཙོར་འཛིན་པ་དང་ལས་དོན་གཙོར་འཛིན་དགོས་ལ། ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་བརྩི་བཀུར། ཕན་ཚུན་རྒྱུས་ལོན། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་མཉམ་འབྲེལ་བཅས་བྱེད་དགོས། རང་སྟེང་གི་བློ་སྦྱོང་ལ་དངོས་གནས་ཤུགས་བརྒྱབ་སྟེ། དོན་ཆེན་བསྒྲུབ་རྒྱུའི་སེམས་ཐག་གཅོད་པ་དང་། བྱ་བ་སྒྲུབ་པ་ལས་ཁེ་ཕན་མི་གཉེར་བར། ཁེར་རྐྱང་བཟོད་ཐུབ་པ་དང་སྲོལ་ངན་འགོག་ཐུབ་པ། བསླུ་བྲིད་བཟློག་ཐུབ་པར་བྱས་ནས། རང་དཔེ་གཞན་སྟོན་དང་བློ་དཀར་འགན་སྒྲུབ་བྱེད་དགོས།

བློ་སེམས་གཅིག་ཏུ་མཐུན་ན་ང་ཚོའི་བར་ཐག་ཇེ་ཉེ་ཡིན་ཞིང་། སྤྱོད་པ་གཅིག་ཏུ་སོང་ན་ང་ཚོ་རྒྱང་ཐག་རིང་པོར་བགྲོད་ཐུབ། ང་ཚོ་རྡོག་རྩ་གཅིག་སྒྲིལ་དང་དམངས་སེམས་གཅིག་མཐུན་ཡོང་ཚེ། སེལ་མི་ཐུབ་པའི་དཀའ་ཁག་ཅི་ཡང་མེད་ལ། མངོན་འགྱུར་འབྱུང་མི་ཐུབ་པའི་དམིགས་འབེན་ཅི་ཡང་མེད། ང་ཚོས་རྡོག་རྩ་གཅིག་སྒྲིལ་སྒོས་ལས་དོན་སྒྲུབ་པའི་སྟོབས་ཤུགས་ཆེན་མོ་གཅིག་ཏུ་བསྒྲིལ་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།