སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་པོར་འགྱུར་བར་ནན་གྱིས་སྐུལ་འདེད་བཏང་།
2022.08.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གཙོ་བོ་ཞིག་རེད།  མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་། མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ། ཕན་ཚུན་བརྗེ་རེས་བྱེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་བའི་ལག་ལེན་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་བཅས་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་བ་རྒྱུན་ཆད་མེད་པར་བསྐང་དགོས་ཞེས་བསྟན། ཉིས་སྟོང་སོ་ལྔ་ལོར་བསླེབ་སྐབས་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱེད་སྐབས། མཚོ་སྔོན་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རིག་དང་སློབ་གསོའི་དངོས་ཤུགས། ཕྱོགས་བསྡུས་དངོས་ཤུགས་བཅས་མཐོར་འདེགས་ཆེན་པོ་བྱུང་ཞིང་།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ནས་མཁྲེགས་གཏོར་བྱེད་པ།    གསར་གཏོད་མ་ལག་འཛུགས་སྐྲུན་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བཅས་ལ་འཕེལ་རྒྱས་གསར་པ་བྱུང་སྟེ།  ས་གནས་བཅོས་སྐྱོང་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱུང་ནས་མཉམ་དུ་ཕྱུག་པོར་འགྱུར་བར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་ཞིག་ཆགས་པར་བྱས་ཏེ།  བློ་སྟོབས་རབ་ཏུ་རྒྱས་པའི་སྒོ་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་འབྱུང་ཐུབ་ཅེས་བསྟན་ཡོད།

མཉམ་དུ་ཕྱུག་པོར་འགྱུར་བའི་ལམ་དུ་ཇི་ལྟར་བསྐྱོད་དགོས་པ་དང་།  ཇི་ལྟར་བྱས་ན་ད་གཟོད་འཆར་གཞི་དེ་མངོན་འགྱུར་བྱེད་ཐུབ་བམ། ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་ཏུ་བསྡུས་པའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་། མཉམ་དུ་ཕྱུག་པོར་འགྱུར་བའི་འཐབ་ཇུས་ཀྱི་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པར་ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད“སྤྲི་གོར་”ལེགས་པོར་བཟོ་དགོས་པ་དང་། དེའི་རྗེས་སུ་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བྱས་ནས“སྤྲི་གོར”བགོ་བཤའ་ཡག་པོ་རྒྱག་དགོས་ཞེས་གསལ་བོར་བསྟན་ཡོད།

གཅིག  མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཏེ། དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ།

ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་ས་ནི་འཐབ་ཇུས་འཆར་འགོད་ལ་མཐོང་ཆེན་བྱེད་ལ།ལག་ལེན་ལའང་མཐོང་ཆེན་བྱེད་པ་དེ་རེད།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེས་མཉམ་དུ་ཕྱུག་པོར་འགྱུར་བར་ནན་གྱིས་སྐུལ་འདེད་གཏོང་བར་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་ངང་“ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་། ལོ་རྒྱུས་རང་བཞིན་གྱིས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཏེ།  བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་”ཅེས་ཁྱབ་བསྒྲགས་མཛད།  མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས།  དམངས་འཚོའི་བདེ་སྐྱིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་སོང་བའི་ཐོག་ནས་མཚོ་སྔོན་རྗེས་སུ་ལུས་མེད་པ་མཚོན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ནུས་པ་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ལས་བརྩོན་ཡར་བརྩོན་མངོན་ཡོད་པ་རེད། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པའི་སྟེང་།  ང་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལྟར། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི་མཉམ་དུ་ཕྱུག་པོར་འགྱུར་བའི་ཐད་ལ་བརྩོན་ལེན་བྱས་ནས།  གྲོང་གསེབ་དར་སྤེལ་དང་ལས་ཞུགས་རྒྱ་སྐྱེད།  ཡོང་འབབ་འཕར་སྣོན། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་བྱས་ཏེ།  རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བའི་ཁྲོད་དུ། འཕེལ་རྒྱས་ཀྱི་ལྟ་བ་དང་དེང་རབས་ཀྱི་ལྟ་བ་ཡང་དག་པར་མཚོན་པར་བྱས་ཏེ།  འབད་འབུངས་ཡར་བརྩོན་དང་ནུས་ཤུགས་གང་ཡོད་ཀྱིས་གཏན་འཁེལ་དམིགས་འབེན་ལེགས་པོར་བསྒྲུབ་དགོས།

གཉིས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རིན་ཐང་ཁ་ཕྱོགས་ཏེ། མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ།

མི་དམངས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ནི་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རིན་ཐང་གི་ཁ་ཕྱོགས་རེད།  འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ནན་ཏན་གཏོང་དགོས་ཞེས་བསྟན་པ་ནི། མང་ཚོགས་ཀྱི་འཚོ་བ་སྔར་ལས་ལེགས་པ་དང་སྔར་ལས་བློ་བདེ་བ། སྔར་ལས་དགའ་སྐྱིད་ལྡན་པ་བཅས་བྱས་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་རོལ་ཐུབ་པར་བྱེད་རྒྱུ་དེ་རེད། མཉམ་དུ་ཕྱུག་པོར་འགྱུར་བ་ནི་དངོས་པོ་ཕྱུག་པོར་འགྱུར་བ་དང་བསམ་པ་ཕྱུག་པོར་འགྱུར་བའི་གཅིག་གྱུར་རེད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་མཉམ་དུ་ཕྱུག་པོར་འགྱུར་བར་གོམ་སྟབས་བརྟན་པོ་སྤོ་དགོས་ཞེས་ནན་གྱིས་བསྟན།  ང་ཚོས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་གཏོད་སྒོ་འབྱེད། ཤེས་དཔལ་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གསལ་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་འཕེལ་རིམ་ཁྲོད། ངེས་པར་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།

གསུམ། ཉིས་སྟོང་སོ་ལྔ་ལོར་བསླེབ་སྐབས་མཚོ་སྔོན་མཉམ་དུ་ཕྱུག་འགྱུར་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འབྱུང་ཐུབ།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་མཉམ་དུ་ཕྱུག་འགྱུར་ཡོང་ཆེད་དུས་ཚོད་རེའུ་མིག་བཟོས་པ་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ཏུ་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་གོམ་སྟབས་བརྟན་པོ་སྤོས་ནས་གྲོང་མིའི་ཡོང་འབབ་དང་འཛད་སྤྱོད་དངོས་ཀྱི་ཆུ་ཚད་བར་གྱི་ཧེ་བག་རིམ་བཞིན་ཆུང་དུ་འགྲོ་བ་དང་གཅིག ཉིས་སྟོང་སོ་ལྔ་ལོར་བསླེབ་སྐབས། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་རྒྱུར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་སྔར་ལས་མངོན་གསལ་བྱུང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་པ། དུས་རབས་འདིའི་དུས་དཀྱིལ་དུ་བསླེབ་དུས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་རྒྱུ་དང་གྲོང་མིའི་ཡོང་འབབ་དང་འཛད་སྤྱོད་དངོས་ཀྱི་ཆུ་ཚད་བར་གྱི་ཧེ་བག་དེ་ལུགས་མཐུན་གྱི་བར་མཚམས་སུ་ཆུང་དུ་གཏང་རྒྱུ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་མ་འོངས་པའི་མཚོ་སྔོན་གྱི་འཕེལ་རྒྱས་ལ་བཀོད་སྒྲིག་བྱས་ནས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་འབད་འབུངས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཏེ།  མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ནན་ཏན་གཏོང་ཆེད“ཉིས་སྟོང་སོ་ལྔ་ལོའི”དམིགས་འབེན་གཏན་འཁེལ་བྱས་པ་རེད། དངོས་ཡོད་གྲུབ་འབྲས་ཐོབ་པ་དང་དུས་རིམ་རང་བཞིན་གྱི་དམིགས་འབེན་འཆར་འགོད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི་མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་ཐུབ་པར་འགན་ལེན་ནན་ཏན་བྱེད་དགོས།

བཞི། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་གཙོ་གནད་ཁྱབ་ཁོངས་དེ་སྔར་བཞིན་རོང་འབྲོག་ཁུལ་དུ་ཡོད།

འཕེལ་རྒྱས་དོ་མཉམ་མིན་པའི་གནས་ཚུལ་ཆེ་ཤོས་ནི་གྲོང་ཁྱེར་དང་གྲོང་གསེབ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དེ་ཡིན་ཞིང་། འཕེལ་རྒྱས་གང་ལེགས་བྱུང་མེད་པ་དེ་ནི་གྲོང་གསེབ་དང་འབྲོག་ཁུལ་འཕེལ་རྒྱས་གང་ལེགས་བྱུང་མེད་པས་རེད།  མཉམ་དུ་ཕྱུག་འགྱུར་ཡོང་བའི་“ཕྱུག་འགྱུར”མངོན་འགྱུར་བྱེད་ནའང་འདྲ། ཡང་ན་མཉམ་དུ་ཕྱུག་འགྱུར་ཞེས་པའི“མཉམ་དུ”མངོན་འགྱུར་བྱེད་རྒྱུ་ཡིན་ནའང་འདྲ། དེའི་དཀའ་གནད་དང་གཙོ་གནད་ནི་རོང་འབྲོག་མང་ཚོགས་དང་རོང་འབྲོག་ཁུལ་དེ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་དེ་ཡིན།  གལ་ཏེ་གྲོང་གསེབ་དང་འབྲོག་ཁུལ་འཕེལ་རྒྱས་སུ་མ་བཏང་ན་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་མི་ཐུབ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་།“མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཆེས་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་དེ་སྔར་བཞིན་རོང་འབྲོག་ཁུལ་དུ་ཡོད”ཅེས་ཁ་གསལ་བཏོན་ཡོད། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་རྨང་གཞི་ཞན་པ་དང་ཐོན་ལས་ཀྱི་འདེགས་སྐྱོར་ཞན་པ་གསལ་བཤད་བྱས་ཡོད་མོད། འོན་ཀྱང་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཞིག་རེད། རྒྱ་ཆེའི་རོང་འབྲོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་ཀྱིས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་ཐད་ཤུགས་བརྒྱབ་ཚེ། ཅིས་ཀྱང་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་རྒྱུག་བཟང་པོ་ཡོང་བའི་ལག་ལེན་གྱི་ལམ་བུ་དང་རྣམ་པ་གསར་བ་ཞིག་འཚོལ་ཞིབ་བྱེད་ཐུབ་ངེས་རེད།

ལྔ།  མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་བླང་བྱ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་སྟེང་ནས། ཐོན་སྐྱེད་ཀྱིས་བགོ་བཤའ་གཏན་འཁེལ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་ཀྱིས་ཐོན་སྐྱེད་ཀྱི་འབྲེལ་བ་ཐག་གཅོད་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཚོན་ཡོད་པས་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ཆེན་གཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གཏན་འཁེལ་བྱས་པའི“བློ་བརྟན་འགྱུར་མེད་བརྒྱད”ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བར་རང་གིས་རང་འཕེལ་རྒྱས་སུ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་འགག་རྩའི་ཚོད་འཛིན་སེལ་བ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་ཐད་བློ་གྲོས་འདོན་པ་དང་བྱེད་ཐབས་ངོ་མ་འདོན་དགོས། ལས་ཞུགས་ཀྱི་གཞི་ཁྱོན་མུ་མཐུད་དུ་རྒྱ་ཆེ་རུ་གཏོང་བ་དང་། ལས་ཞུགས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་སྤོ་སྒྱུར་བྱེད་པ་དང་དམངས་ཕྱུག་ཐོན་ལས་གོང་དུ་སྤེལ་བ།   རྒྱུ་རྐྱེན་གཙོ་བོ་བགོ་འགྲེམས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་མཐོ་རུ་གཏོང་བར་སློབ་གསོ་དེང་རབས་ཅན་དང་།“མཚོ་སྔོན་གྱི་ལག་ཤེས་པ”གསོ་སྐྱོང་བྱེད་པ། བདེ་ཐང་མཚོ་སྔོན་གྱི་བྱ་སྤྱོད་སྤེལ་བ།  མི་འབོར་ཡུན་རིང་དོ་སྙོམས་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱེད་ཐབས་ཡོད་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བར་གཞི་རྩའི་དམངས་འཚོའི་བདེ་འཇགས་དྲ་བ་བརྟན་པོ་འཛུགས་པ་དང་། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དེ་བཞིན་དམངས་འཚོའི་མཐའ་སྐྱོང་སོགས་ཀྱི་ཐད་དོན་འཁྱོལ་ཐུབ་པར་བྱེད་དགོས། མདོར་ན། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་བཟོ་སྐྲུན་དང་ཡུན་རིང་གི་བཟོ་སྐྲུན།  རྙོག་འཛིང་ཆེ་བའི་བཟོ་སྐྲུན། དམངས་འཚོའི་བཟོ་སྐྲུན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་ཧུར་བརྩོན་ཡར་སྐུལ་བྱས་ཏེ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ནན་ཏན་གཏོང་དགོས།

                                                                       ཡིག་སྒྱུར་བ། གཡང་འབུམ་རྒྱལ།