ཞོགས་པའི་རྩྭ་ཐང་དུ་སྨུག་པ་བན་བུན་འཁོར་ཞིང་སྔོ་རྩྭའི་དྲི་བསུང་དེ་ཞོགས་པའི་མཁའ་རླུང་གི་ཁྲོད་དུ་གང་སར་ལྡང་། རྫི་བོའི་གླུ་སྐད་དང་འགྲོགས་པའི་རྟ་ནོར་ལུག་གསུམ་རྣམས་རང་དགར་གཟན་རྩར་གཡེང་བ་སོགས་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་མཛེས་སྡུག་གི་འཚོ་བའི་རི་མོ་ཞིག་ཡངས་པའི་རྩྭ་ཐང་གི་གཞི་རུ་ལྷུན་གྱིས་གྲུབ།
རྩེ་ཆུའི་འགྲམ་རྒྱུད་དུ་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་གིས་ཕྲུ་གུ་ཆུང་ཆུང་གཉིས་ཁྲིད་ནས་རྒུན་འབུ་འཐུ་བཞིན་འདུག སྒྲོ་སྤུ་སྲབ་མོ་ཙམ་ལས་སྐྱེས་མེད་པའི་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་དེ་གཉིས་ལམ་དུ་འགྲོ་བའི་ཚེ་ན་ལུས་པོ་ཆུང་ཆུང་དེ་འཁྱར་འཁྱོར་བྱེད་ཅིང་། ལན་རེར་དབང་མེད་དུ་ལོག་འགྲོ་བའི་སྣང་ཚུལ་དེ་ནི་དངོས་གནས་སྙིང་ཉེ་བ་ཞིག་རེད། ཉེ་སྔོན་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་སྐྱེ་ཁམས་དང་བླངས་པ་ཚེ་དབང་རྣམ་རྒྱལ་བརླན་སའི་སྤྱི་གླིང་དུ་སོང་སྟེ། ཧི་ནན་རྫོང་གི་མངའ་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས། རྫོང་མཁར་གྱི་ཉེ་སར་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་ལ་ཁོས་དོ་སྣང་བྱེད་དགོས་པ་བྱུང་། དེ་ནས་བཟུང་སྟེ་ཚེ་དབང་རྣམ་རྒྱལ་གྱིས་ཁྲུང་ཁྲུང་སྐེ་ནག་དེ་གཉིས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་རྒྱུད་རིམ་ཧྲིལ་བོ་བརྙན་དུ་ཕབ་མགོ་བརྩམས། ཟླ་གཅིག་ལྷག་གི་དུས་ཚོད་ནང་ཁོས་ཁྲུང་ཁྲུང་སྐེ་ནག་ཆ་དེར་སྲུང་་སྐྱོབ་ལེགས་པོ་བྱས་མཐར་ཁྲུང་ཁྲུང་སྐེ་ནག་ཆ་དེར་ཕྲུ་གུ་གཉིས་སྐྱེས་པ་རེད། རྩྭ་ཐང་དུ་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་སུ། ཁྲུང་ཁྲུང་སྐེ་ནག་ཆ་དེས་གསོ་སྐྱོང་ཞིབ་མོའི་འོག་ཏུ་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་དེ་གཉིས་རིམ་གྱིས་ནར་སོན་པས་ཁྲུང་ཁྲུང་སྐེ་ནག་དེ་ཚོ་རྩེ་ཆུའི་འགྲམ་ངོགས་སུ་འཚོ་བ་སྐྱེལ་མགོ་བརྩམས།
རྒྱུས་ལོན་བྱུང་བ་ལྟར་ན། ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་ས་གནས་ཀྱི་སྲོག་ཆགས་ཤིག་ཡིན་པ་དང་། གཙོ་བོ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས་ས་ཁུལ་དུ་ཁྱབ་ཡོད། ཧི་ནན་རྫོང་ནི་ཁྲུང་ཁྲུང་སྐེ་ནག་གི་ངལ་གསོའི་བསྟི་གནས་ཤིག་ཡིན་པར་མ་ཟད་རྒྱུད་སྤེལ་བྱེད་ས་ཞིག་ཀྱང་རེད། རྫོང་ནང་ཁུལ་དུ་གསེར་ཉ་རྣ་སྦྲེལ་མཚོ་དང་ཨ་རྨོག་རྩྭ་ཐང་སྤྱི་གླིང་། རྩེ་གཞུང་བརླན་ས། རྩེ་ཆུའི་འགྲམ་རྒྱུད་སོགས་ས་ཁུལ་བརྒྱད་ཙམ་དུ་རྒྱུད་སྤེལ་བྱེད་ཀྱི་ཡོད་པ་རེད།
ལོ་རེའི་ཟླ་གསུམ་པ་ནས་ཟླ་བཞི་བའི་ཟླ་སྟོད་དུ། ཁྲུང་ཁྲུང་སྐེ་ནག་རྣམས་རྒྱུད་སྤེལ་སའི་ས་ཁུལ་དུ་འཕུར་ནས་ཚང་བཟོ་བཞིན་ཡོད་པ་རེད། ལོ་རེའི་ཟླ་ལྔ་བ་ནས་བདུན་པ་ནི་ཁྲུང་ཁྲུང་སྐེ་ནག་དེ་དག་གིས་རྒྱུད་སྤེལ་བའི་དུས་ཚིགས་རེད། སྤྱིར་བཏང་དུ་ཁྲུང་ཁྲུང་སྐེ་ནག་གི་ཚང་གཅིག་གི་ནང་དུ་བྱ་ཕྲུག་གཉིས་རེ་སྐྱེས་བཞིན་ཡོད་ཅིང་། སྒོ་ང་སྔོན་མ་དེ་བཏང་རྗེས་སྒོ་ང་དེ་རུམ་ནས་དྲོད་ཀྱིས་སྲུང་བཞིན་ཡོད། སྒོ་ང་རུམ་པའི་གོ་རིམ་དེ་ཡང་ཁྲུང་ཁྲུང་སྐེ་ནག་ཕོ་མོ་གཉིས་ཀྱིས་རེས་མོས་སུ་སྒྲུབ་བཞིན་ཡོད་ཅིང་། ཁྲུང་ཁྲུང་སྐེ་ནག་གཅིག་གིས་སྒོ་ང་རུམ་པའི་སྐབས་སུ་ཁྲུང་ཁྲུང་སྐེ་ནག་གཞན་དེས་བྱ་ཚང་གི་ཕྱི་རོལ་ཏུ་སྐོར་ཞིབ་བྱས་ནས་ཕྲུ་གུའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་ཞིག་ནར་སོན་པར་ཕལ་ཆེར་ཟླ་གཅིག་གི་དུས་ཚོད་དགོས་ཀྱི་ཡོད།
ཉེ་ལམ། ཚེ་དབང་རྣམ་རྒྱལ་གྱིས་ཡང་བསྐྱར་བརླན་སའི་སྤྱི་གླིང་དུ་ལྟ་ཞིབ་བྱེད་དུས། ཁྲུང་ཁྲུང་སྐེ་ནག་དེ་གཉིས་ཀྱིས་ཕྲུ་གུ་གཉིས་ཁྲིད་ནས་ཆུ་འགྲམ་དུ་རྒུན་འབུ་འཐུ་བཞིན་པ་མཐོང་ཞིང་། ཕ་མའི་རྗེས་སུ་འབྲང་ནས་འགྲོ་བཞིན་པའི་ཕྲུ་གུ་དེ་གཉིས་ཀྱི་གོམ་སྟབས་འཁྱར་འཁྱོར་ངང་སྤོ་བཞིན་ཡོད་ནའང་། ཕྲུ་གུ་དེ་གཉིས་ཀྱི་ལུས་ཕུང་ཧ་ཅང་བདེ་ཐང་ཡིན་པས་ཁྲུང་ཁྲུང་སྐེ་ནག་དེ་བཞི་ཡི་རྣམ་པ་དེ་མཐོང་དུས་ཤིན་ཏུ་སྙིང་ཉེ་བ་ཞིག་རེད། ཧི་ནན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འབྲེལ་ཡོད་མི་སྣས་བསྟན་དོན། ཁྲུང་ཁྲུང་སྐེ་ནག་གི་སྐྱེ་འཕེལ་གྱི་གོ་རིམ་ལེགས་འགྲུབ་བྱུང་བ་དེ་ནི་ཧི་ནན་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཐད་བླངས་པའི་ཆེས་བཟང་བའི་རྒྱུགས་འབྲས་ཡིན་ཟེར། དེ་ཡང་ཧི་ནན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཚད་མཐོ་བའི་མཐོང་ཆེན་བྱས་པ་དང་ས་གནས་དེའི་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་སོང་བ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ་ཧི་ནན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་དུ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་བཏང་པ་དང་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་ཕྱོགས་སུ་འཕེལ་བར་ཡར་སྐུལ་བྱས་ནས། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས་མང་པོ་གནས་དེ་རུ་འཚོ་གཞེས་དང་རྒྱུད་སྤེལ་བྱེད་པར་མཐུན་རྐྱེན་བསྐྲུན་པས། གནས་དེ་རུ་སྲོག་ཆགས་སྣ་མང་རང་བཞིན་གྱི་གནས་སྟངས་མངོན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སད་རྟོགས་བྱུང་དུ་བཅུག
ཡིག་སྒྱུར་བ། གཡང་འབུམ་རྒྱལ།