དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས།
2022.08.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

དམངས་གཙོ་ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་རྨང་རྡོ་ཡིན།  དམངས་གཙོ་ཁྲིམས་སྐྱོང་ནི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་དང་ལས་འགན་ཡིན་ལ།  སྤྱི་ཚོགས་དྲང་གཞག་དྲང་བདེན་དང་།  མི་དམངས་བདེ་སྡོད་ལས་བརྩོན།  རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་ཡང་ཡིན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།  མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་ནན་མོ་བྱས་པ་དང་།  ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱེད་པ་དང་།  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་མི་ཆད་པར་འཕེལ་རྒྱས་སུ་གཏོང་བ།  དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་གང་ལེགས་བྱེད་པ། བློ་གྲོས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ། ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གི“རྟ་ཐོག་ཁྲིམས་རའི”ཁོངས་མི་གཞི་རིམ་དུ་སྐྱོད་པའི་ལམ་བར་གྱི་རྣམ་པ།

བཅའ་ཁྲིམས་ལྟར་འཐུས་མིའི་འགན་འཁྲི་སྒྲུབ་པ།

མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་གང་ལེགས་བྱ་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཕེལ་རྒྱས་ཤུགས་ཆེན་བཏང་ཚེ། གཞི་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་གཅིག་ཏུ་བསྡུ་ཐུབ།

འཐུས་མིས་འགན་འཁྲི་སྒྲུབ་པར་འགན་སྲུང་བྱ་རྒྱུ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པའི་རིམ་པ་གལ་ཆེན་ཞིག་ཡིན།  མཚོ་སྔོན་གྱིས་ལམ་ལུགས་སྔོན་ལ་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ།  རྒྱལ་ཡོངས་ཀྱི་སྔོན་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དམངས་ཆེན་འཐུས་མིས་འགན་འཁྲི་སྒྲུབ་པར་དོ་དམ་བྱེད་པའི“བྱེད་ཐབས་གཉིས”བཏོན།  དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་། འཐུས་མིའི་གྲོས་འགོ་འདོན་པ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་བསམ་འཆར། འཐུས་མིའི་གྲོས་འགོའི་བྱ་བ་སྒྲུབ་པར་གདེང་འཇོག་བྱེད་ཐབས་སོགས་གཏན་འབེབས་བྱས་ནས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པར་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

དམངས་ཆེན་འཐུས་མིས་མི་དམངས་ཀྱི་ཚབ་བྱས་ཡོད།  འཐུས་མིའི་པོད་ཆུང་དང་སྐད་འཕྲིན་གྱི་སྤྱི་སྟེགས། “སྡོད་ཁང་གཉིས་དང་ལས་སྟེགས་གཅིག”རྒྱ་ཆེར་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། དམངས་ཆེན་འཐུས་མི་དང་འདེམས་དམངས་བར་འབྲེལ་གཏུག་ནུས་ལྡན་དང་། བསམ་བློ་བརྗེ་རེས་དང་མཉམ་འགུལ་གྱི་ལས་སྟེགས་དང་ཐབས་ལམ་རབ་དང་རིམ་པ་འཚོལ་ཞིབ་བྱས་ནས། དམངས་ཆེན་འཐུས་མིས་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཡོད།  འཐུས་མིའི་གྲོས་འགོའི་བྱ་བ་བསྒྲུབས་ཚུལ་ལ་བློ་ཡིད་ཚིམ་ཚད་དཔྱད་བསྡུར་བྱས་ནས་བྱ་བ་སྒྲུབ་པའི་ནུས་པ་ཇེ་དྲག་ཏུ་བཏང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་བཏོན་པའི་གྲོས་གཞི་དང་གྲོས་འགོ་རྣམས་རྒྱལ་ཁབ་ལས་ཁུངས་ཀྱིས་ནན་ཏན་སྒོས་སྒྲུབ་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད90%ཡན་ཟིན་ནས་མི་དམངས་མང་ཚོགས་ཀྱི་འདུན་པར་ཨ་ལན་བཟང་པོ་ཞིག་སྤྲད་ཡོད།

སྤྱི་དམངས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་རྒྱ་རིམ་བཞིན་ཆེ་རུ་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་བཅའ་ཁྲིམས་ལྟར་ཁག་ཐེག་བྱ་དགོས།  མཚོ་སྔོན་གྱིས་དམངས་གཙོས་འདེམས་བསྐོ་ལ་རྒྱུན་མི་ཆད་པར་སྐུལ་འདེད་བཏང་སྟེ། ཐད་ཀར་འདེམས་བསྐོ་བྱེད་པའི་ཁྱབ་ཁོངས་དང་། འཐུས་མིའི་འོས་མིའི་མིང་འདོན་བྱེད་ཐབས། ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱེད་ཐབས། འདེམས་དམངས་ཐོ་འགོད་བྱེད་སྟངས། “འདེམས་ཤོག་གཅིག་མཚུངས་དང་དབང་ཆ་གཅིག་མཚུངས”སོགས་ཀྱི་ཐད་བཅོས་སྒྱུར་རབ་དང་རིམ་པ་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་པའི་ཁྱབ་ཁོངས་དེ་ཡུལ་ཚོ་རིམ་པ་ནས་རྫོང་རིམ་པའི་བར་རྒྱ་ཆེར་བཏང་བས། འདེམས་བསྐོའི་དམངས་གཙོའི་ཚད་གཞི་མཐོ་རུ་ཕྱིན་པ་དང་། མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་ཐེབས་ཡོད།  ཞིང་ཆེན་དང་གྲོང་ཁྱེར། (ཁུལ)རྫོང་།(ཁུལ་དང་གྲོང་ཁྱེར། )ཡུལ་ཚོ(གྲོང་རྡལ། )བཅས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོ་རིམ་བྱུང་ལེགས་འགྲུབ་ཡོང་བ་བྱ་དགོས།  དུས་མཚུངས་སུ། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས12བཙུགས་པ་དང་། དམངས་ཆེན་དྲ་ཚིགས་བརྒྱུད་དེ་ཁྲིམས་སྲོལ་དང་སྲོལ་ཡིག་གི་མ་ཟིན་ལ་བསམ་འཆར་ཡོངས་གྲགས་སུ་བསྡུ་ལེན་བྱས་པ་དང་། ཁྲིམས་འཛུགས་རིག་མཛོད་དང་ཁྲིམས་འཛུགས་རྟེན་གཞི། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པས། མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་ཡོད།

ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་བསྟར་བྱས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་འགན་སྲུང་བྱས་ཡོད།  མིག་སྔར་ཞིང་ཆེན་ཡོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་བཅས་བསྡོམས་པས122གཏན་འབེབས་བྱས་ཡོད།  རང་སྐྱོང་ས་གནས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། ཚན་རྩལ། ཆོས་ལུགས། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས།  རང་ཞིང་གི་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྲིམས་ལྟར་རང་སྐྱོང་དབང་ཆ་དང་ས་གནས་ཀྱི་ལས་དོན་རང་བདག་དོ་དམ་བྱེད་པ། དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ཁྲོད་ཞུགས་ཁྱོན་ཆེ་རུ་གཏོང་དགོས།

དམངས་གཙོའི་ཁྲིམས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་དང་གཞི་རྩའི་ནང་དོན་ཡིན།

མི་དམངས་སྲིད་གྲོས་དང་མི་དམངས་དམངས་གཙོ་དམ་པོར་འབྲེལ་ཡོད།  ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་དེ་སྲིད་ཏང་ལམ་ལུགས་གསར་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རྣམ་པ་དང་རྩ་འཛུགས་ཀྱི་རྣམ་པའི་ནུས་པ་གལ་ཆེན་དུ་བརྩིས་ཏེ།  ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཁྱད་སྟོབས་སྔར་ལས་མངོན་པར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཚོ་སྔོན་དུ་སྲ་བརྟན་དང་འཐུས་ཚང་དུ་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།

མི་དམངས་སྲིད་གྲོས་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན།  ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་འགན་ནུས་འབུར་ཐོན་བྱེད་པ་དང་།  མི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཐེ་ཞུགས་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་། སྲིད་གྲོས་ཀྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱིས་སྣེ་འཁྲིད་ཅིང་། སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུའུ་ཞི་ཐུན་མོང་གིས་ལྟ་ཞིབ་བྱེད་པ། ཟླ་གཉིས་ཀྱི་གྲོས་མོལ་བཅས་གཙོ་གནད་དུ་འཛིན་པ་དང་། རིགས་མཐུན་གྲོས་མོལ་དང་གྲོས་གཞི་སྒྲུབ་གཉེར་གྲོས་མོལ། དྲ་སྦྲེལ་སྲིད་གླེང་རྒྱང་བསྟེན་གྲོས་མོལ། ཁྲིམས་འཛུགས་གྲོས་མོལ་སོགས་རྒྱུན་རྣམ་དུ་གྱུར་པའི་རིམ་པ་མང་བ་དང་ཁྱབ་ཁོངས་ཡངས་པོའི་གྲོས་མོལ་སྲིད་གླེང་གི་རྣམ་པ་གསར་པ་སྔར་ལས་ལྷག་པར་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།  ལམ་ལུགས་འཛུགས་སྐྲུན་འབུར་ཐོན་དུ་བྱས་ནས་གྲོས་མོལ་སྲིད་གླེང་ལམ་ལུགས་ཀྱི་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ། གྲོས་མོལ་གཏིང་ཟབ་བྱེད་པའི་ཁྲོད་དམངས་གཙོ་དར་སྤེལ་དང་ངོས་འཛིན་གཅིག་མཐུན། མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

དོན་དག་ཡོད་ཚེ་གྲོས་བསྡུར་བྱེད་པ་དང་། མང་ཚོགས་ཀྱི་དོན་དག་ཚང་མས་གྲོས་མོལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་བླང་བྱའི་སྤྱིའི་གྲངས་ཀ་རྙེད་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་ལུགས་རེད།  ཞིང་ཆེན་སྲིད་གྲོས་ཀྱི་རིགས་ཁོངས་ཀྱི་དགེ་མཚན་འབུར་ཐོན་བྱུང་ནས་ཤུགས་ཆེན་པོས་ས་གནས་ཀྱི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས།  སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་དམངས་གཙོའི་ཏང་ཤོག་མཉམ་འབྲེལ་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ལམ་སྲོལ་བཙུགས་ནས།  སྲིད་གྲོས་ཀྱི་ལས་སྟེགས་བརྒྱུད་དེ་དམངས་གཙོའི་ཏང་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་གྲོས་མོལ་སྲིད་གླེང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག་གཏན་འབེབས་བྱས།  ཆབ་སྲིད་ཀྱི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་དང་། སྲིད་གྲོས་ཀྱི་གླེང་སྟེགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་བཅས་སྒྲིག་འཛུགས་བྱས་ཏེ་དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་གདན་འདྲེན་ཞུས་ནས་དེའི་ཁྲོད་ཞུགས་སུ་བཅུག་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་སྟེགས་ཐོག་ཏང་ཁག་སོ་སོ་དང་དེ་མིན་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་བྱ་བ་མཉམ་སྒྲུབ་ཀྱི་ཟབ་ཚད་དང་ཁྱབ་ཚད་སྔར་ལས་རྒྱ་སྐྱེད་བཏང་ཡོད།  མི་དམངས་སྲིད་གྲོས་ཀྱི་གཡུལ་ས་གལ་ཆེན་དང་ལས་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན་བཅས་ཀྱི་ནུས་པ་ཉིན་རེ་བཞིན་འདོན་སྤེལ་བྱས་ནས། མཚོ་སྔོན་ས་གནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ནུས་ལྡན་སྒོས་མཐོ་རུ་བཏང་ཡོད།

སྤྱི་ཚོགས་ལས་རིགས་སོ་སོའི་སྟོབས་ཤུགས་རྒྱ་ཁྱབ་ངང་གོང་བུར་འགྲིལ་དགོས།

ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམངས་གཙོས་སྟོབས་ཤུགས་གོང་བུར་འགྲིལ་བ་དང་ཁྲིམས་སྐྱོང་ལ་བརྟེན་ནས་འགན་སྲུང་བྱེད་དགོས།

ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་འཛིན་བྱེད་པར་མེད་དུ་མི་རུང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་སྐྲུན་པའི་དམིགས་ཡུལ་ནི་ ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། ཏང་གིས་སྲིད་ཁྲིམས་བྱ་བར་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་བློ་དཀར་སེམས་དཀར་བྱེད་དགོས་པ་དེ་རེད།  མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཁྲིམས་ལྟར་ཞིང་ཆེན་སྐྱོང་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོབ་ནུས་ལྡན་བྱས་ཡོད།

དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེ་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།  ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། རྩ་འཛུགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་བ་བརྒྱུད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་གཞི་རིམ་རྩ་འཛུགས་དང་མི་དམངས་མང་ཚོགས་ཀྱི་བྱ་བ་དང་ཐོན་སྐྱེད་འཚོ་བའི་ཁྲོད་ཁྱབ་པ་བྱས་ནས། བཅའ་ཁྲིམས་ལ་བརྩི་མཐོང་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ། ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

བཀའ་ལ་ངེས་པར་དུ་ཡིད་ཆེས་དང་ཁྲིམས་ངེས་པར་དུ་ལག་ལེན་བསྟར་དགོས།  མཚོ་སྔོན་གྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ།  ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར་ནན་མོ་བྱེད་པ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ཁྲིམས་སྐྱོང་མཚོ་སྔོན་དང་དུས་བདེ་མཚོ་སྔོན་འཛུགས་སྐྲུན་སྐས་རིམ་ལྟ་བུའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་དགོས།  སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་གསར་སྐྲུན་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་གསར་པ་འཚོལ་ཞིབ་དང་ལག་ལེན་བྱེད་དགོས།  མཁར་གྲོང་གི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་སྡེ་སྲོལ་དམངས་ཆིངས་སོགས་གཞི་རིམ་བཅོས་སྐྱོང་གི་ལམ་སྲོལ་གསར་པ་ཆགས་པར་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་སྔར་ལས་ཞིབ་ཚགས་དང་། གྲོང་གསེབ་བཅོས་སྐྱོང་སྔར་ལས་མཛེས་པ། འབྲོག་ཁུལ་བཅོས་སྐྱོང་སྔར་ལས་ཡག་པ་བཅས་ཡོང་བ་བྱས་ནས། སྤྱི་ཚོགས་དཔལ་ཡོན་སྤྱི་ཡོངས་ལ་ཡར་རྒྱས་གསར་པ་ཡོང་བར་བྱེད་དགོས།  མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་བདེ་འཇགས་དང་དར་སྤེལ་གཏོང་བའི་བཟོ་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད།  ཐོན་སྐྱེད་བདེ་འཇགས་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས།

ད་ལྟའི་མཚོ་སྔོན་ནི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་མང་ཚོགས་ཀྱི་འཚོ་བ་བདེ་འཇགས་ཡིན་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད།

གོང་འོག་བློ་ཁ་མཐུན་ན་རྒྱལ་ཁ་ཐོབ། སྐྱིད་སྡུག་མཉམ་མྱོང་བྱས་ན་འཕེལ་རྒྱས་འབྱུང་།  ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་བགྲེང་སྟེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དམངས་གཙོ་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ། མི་དམངས་དམངས་གཙོའི་འོད་སྟོང་འཕྲོ་བའི་དར་ཆ་མཐོན་པོར་སྒྲེང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།