འབྲི་ཆུའི་འགྲམ་གྱི་བདེ་སྐྱིད་ཀྱི་འཚོ་བ།
2022.08.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནས་ལམ་ལ་ཆས་ཏེ་ནས་ཆག་གཙང་བོའི་འགྲམ་རྒྱུད་དེད་དེ་མུ་མཐུད་དུ་ནུབ་ཕྱོགས་སུ་བསྐྱོད་ཚེ། མུ་མཐའ་མི་མངོན་པའི་རྩྭ་ཐང་དང་དེ་ལ་འཁོར་བའི་རྟ་ནོར་ལུག་གསུམ་སོགས་འཆམ་མཐུན་མཛེས་སྡུག་གི་རི་མོ་རེ་རེ་ཡིས་ལམ་འགྲོ་བ་དག་གི་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག་པར་བྱེད།

མཚོ་འཕང་རིམ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས།  ནམ་མཁར་རྒྱུ་བའི་སྤྲིན་དཀར་དང་བར་ཐག་ཆེས་ཆེར་ཉེ་བའི་སྣང་བ་ཞིག་དབང་མེད་དུ་སྟེར། མཐར་གསར་འགོད་པ་མཚོ་འཕང་ལ་རྨིད་བཞི་སྟོང་ལྔ་བརྒྱ་བདུན་ཅུ་ཡོད་པའི་འབྲི་སྟོད་རྫོང་བྲག་གུར་ཡུལ་ཚོར་ཐོན།  ཡུལ་ཚོ་དེ་རུ་ཕྱུགས་ལས་ཨུ་ཡོན་ལྷན་ཁང་བཞི་དང་ཐོན་སྐྱེད་རུ་ཆུང་བཅུ་བཞི། ཁྱིམ་ཚང་སྟོང་གཉིས་དང་རེ་བདུན་དང་མི་གྲངས་དྲུག་སྟོང་དགུ་བརྒྱ་ང་བཞི་ཡོད།

ཐོན་ལས་དར་རྒྱས་སུ་གཏོང་བ་དང་གནས་སྡོད་ལ་འཚམ་པའི་ཁོར་ཡུག་བསྐྲུན་པ། དཔལ་ཡོན་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་བཅས་དམ་འཛིན་བྱས་ནས། བྲག་གུར་ཡུལ་ཚོའི་འབྲོག་པ་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།  དེ་ནི་ཁོ་ཚོའི་དུས་རབས་གསར་བའི་འོད་སྣང་འོག  ཏང་གི་སྲིད་ཇུས་བཟང་བོའི་གོ་སྐབས་དམ་འཛིན་བྱས་ཏེ། འབད་བརྩོན་ཆེན་པོས་རིས་སུ་བྲིས་པའི་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་རེད།

ད་ལོ་ལོ་ན་ང་དགུ་ཡིན་པའི་བསོད་ནམས་ཟླ་བ་ནི་བྲག་གུར་ཡུལ་ཚོ་ཁུག་ཆེན་སྡེ་བའི་སྡེ་མི་ཡིན་ཞིང་། ན་ནིང་ཁང་པ་གསར་བའི་ནང་བསྡད་རྗེས་སུ། བསོད་ནམས་ཟླ་བ་བཟའ་ཟླ་གཉིས་ཀྱིས་དུས་རྒྱུན་ར་སྐོར་ནང་ངལ་གསོས་ནས་འོ་ཇ་འཐུང་བཞིན་ཡོད་པ་དང་། གསར་དུ་ལས་པའི་ཁང་པ་དེར་ལྟ་བཞིན་ཁོ་བཟའ་མི་གཉིས་ཀྱི་སེམས་སུ་སྨྲ་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་བ་ཞིག་གིས་ཁེངས་འདུག

བསོད་ནམས་ཟླ་བ་ཚང་གི་ཁང་པ་དེ་ནི་གསར་དུ་ལས་པ་ཞིག་མིན་པར་སྲིད་གཞུང་གིས་སྡོད་གནས་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གཞིའི་རྗེས་སུ་ཆོད་པས་ཁོ་ཚང་གི་སྔོན་ཆད་ཀྱི་ཁང་པ་དེ་གསར་ལས་བྱེད་པའི་གོ་སྐབས་དང་འཕྲད།

ང་ནི་ཁུག་ཆེན་སྡེ་བའི་ས་སྐྱེས་རྡོ་སྐྱེས་ཀྱི་སྡེ་མི་ཞིག་ཡིན། སྔོན་ཆད་དུས་རྒྱུན་དུ་འབྲོག་ཕྱོགས་སུ་ཕྱུགས་འཚོ་བཞིན་ཡོད་ཅིང་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོའི་བར་དུ་སྦྲ་ནང་དུ་བསྡད་པ་ཡིན། རྗེས་སུ་བྱིས་པ་གཉིས་ཀྱི་ཆེད་དུ་ང་ཚོ་འབྲོག་ཕྱོགས་ནས་གནས་སྤར་ཏེ་གནས་འདིར་ཡོང་ནས་སྡེ་བའི་ནང་དུ་ཁང་པ་ལས་རྒྱུ་ཐག་གིས་བཅད་པ་ཡིན། སྐབས་དེར་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་ལ་ལག་ཏུ་སྒོར་མོ་ཡང་མང་པོ་མེད། དེ་བས་རྫོང་ཐོག་ནས་སྡོང་བོ་དང་སྟོང་ཕག་རེ་འགའ་ཉོས་རྗེས་སུ་རང་ཉིད་ཀྱི་ལག་ཤེས་ཙམ་ལ་བརྟེན་ནས་ཁང་པ་ལས་པ་ཡིན། བསོད་ནམས་ཟླ་བས་ཁང་པ་ལས་པའི་སྔ་གཞུག་གི་དོན་དག་ཐམས་ཅད་དེ་ལྟར་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་བྱུང་།  སྡོམ་པས་རྨིད་གྲུ་བཞི་མ་བདུན་ཅུ་ཡོད་པའི་ཁང་པ་གྱན་གསུམ་ཡོད་པ་དེ་བལྟས་པ་ཙམ་གྱིས་བབ་ཆགས་པར་སྣང་ནའང་ཁོ་ཚང་གི་ཁྱིམ་མི་བཞི་བོའི་འཚོ་བ་གསར་བའི་མགོ་འདི་ནས་བརྩམས་པ་ཞིག་རེད།

དེ་ལྟར་ལོ་ངོ་བཅུ་ལྷག་གི་དུས་ཚོད་རིམ་གྱིས་འདས་པས་ཁང་པ་གྱན་གསུམ་པོ་དེ་ཡང་རིམ་བཞིན་རྙིང་ཧྲིལ་དུ་གྱུར་ཏེ། དབྱར་དུས་སུ་ཕྱི་རུ་ཆར་ཆེན་འབབ་དུས་ཁོ་ཚང་གི་ཁང་པའི་ནང་ལ་ཆར་ཆུང་འབབ་པ་དང་། དགུན་དུས་སུ་ཁང་པའི་གྱང་ངོས་ཀྱི་སེར་ཀའི་ནང་དུ་ལྷགས་རླུང་བར་མེད་དུ་ལྡང་བཞིན་ཡོད་པ་རེད།

སྔོན་ཞིག་ནས་ཁང་པར་ཞིག་གསོ་བྱེད་འདོད་ཡིད་ལ་ཡང་ཡང་དྲན་མོད། ཁྱིམ་དུ་སྒོར་མོ་མེད་པའི་སྟབས་ཀྱིས་རྗེས་སུ་མི་འཇོག་ཐབས་མེད་བྱུང་སོང་ཞེས་བསོད་ནམས་ཟླ་བས་བཤད།

སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོར་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་བོའི་འབོད་སྐད་བྲག་གུར་ཡུལ་ཚོར་བསྒྲགས། བྲག་གུར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་རྟ་མགྲིན་གྱིས་བཤད་རྒྱུར། ཕན་འབྲས་ལྡན་པའི་སྒོ་ནས་གྲོང་གསེབ་དར་སྤེལ་བྱ་བར་སྦྲེལ་མཐུད་ལེགས་པོ་བྱེད་པ་དང་འབྲོག་པའི་སྡོད་ཁང་བདེ་འཇགས་བྱ་བར་མུ་མཐུད་དུ་འགན་སྲུང་བྱེད་པ། མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ཏེ་ཡུལ་ཚོ་ཡོངས་སུ་ཁང་རྙིང་བརྒྱ་དང་བརྒྱད་བཤིག་པ་དང་། སྡོད་ཁང་བཞི་བརྒྱ་དང་བརྒྱད་ཅུ་ལེགས་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་སྤྱིའི་མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་དྲུག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཆེ་རུ་བཏང་བ་ཡིན་ཟེར།

ཁང་པའི་ཕྱི་གྱང་ཇེ་མཐུག་ཏུ་བཏང་པ་དང་སྒོ་དང་སྒེའུ་ཁུང་གསར་དུ་བརྗེས་པ་བཅས་བྱས་ཏེ། སྲིད་ཇུས་གསར་བའི་རོགས་སྐྱོར་འོག   བསོད་ནམས་ཟླ་བ་ཚང་གི་ཁང་པ་དེ་སྔར་དང་བསྡུར་ན་གསར་བ་གསར་རྐྱང་ཞིག་ཏུ་གྱུར།  ང་ཚོས་སྒོར་མོ་གཅིག་ཀྱང་གཏོང་མ་དགོས་པར་ཁང་པ་གསར་བའི་ནང་དུ་འདུག་ཐུབ་སོང་བ་རེད་ཅེས་བསོད་ནམས་ཟླ་བ་དགའ་སྤྲོ་དང་བཅས་གསར་འགོད་པར་བཤད།

བྲག་གུར་ཡུལ་ཚོའི་བདེ་སྐྱིད་ནི་དེ་འདྲ་ཙམ་གྱིས་མི་ཚད་པར་ཁོར་ཡུག་ལེགས་བཅོས་བྱེད་པའི་ཆེད་དུ་ཡུལ་ཚོ་ཡོངས་ཀྱིས་ནུས་པ་ཆེན་པོ་བཏོན། བསོད་ནམས་རྟ་མགྲིན་གྱིས་བཤད་རྒྱུར། གྲོང་གསེབ་ཀྱི་ཁོར་ཡུག་དེ་སྔར་ལས་མཛེས་སྡུག་ལྡན་པར་བྱས་ཚེ། ད་གཟོད་ཕ་ཡུལ་གྱི་སྐྱེ་ཁམས་མཛེས་སྡུག་ལྡན་པ་ཞིག་ཡོང་ཐུབ་ཟེར།

བསོད་ནམས་ཟླ་བས་བཤད་རྒྱུར། ད་ལྟའི་འཚོ་བའི་ཁོར་ཡུག་བསྡད་ཀྱིན་བསྡད་ཀྱིན་ཇེ་བཟང་ནས་ཇེ་བཟང་རེད།  སྡེ་བའི་གཞུང་ལམ་དེ་ཐད་ཀར་དུ་ཁྱིམ་གྱི་སྒོ་ཁར་འཐེན་ཡོད་པ་དང་། སྡེ་བ་རིམ་པའི་རྒྱལ་ཁབ་སྤྱི་གླིང་ལ་སྐོར་གཡེང་བྱེད་པའི་གཞུང་ལམ་དེ་སྔར་ལས་ཇེ་ལེགས་སུ་སོང་ཡོད།   དེ་དག་གིས་སྡེ་བའི་རྣམ་པ་སྔར་ལས་ཇེ་མཛེས་སུ་བཏང་པར་མ་ཟད་ང་ཚོའི་འཚོ་བ་དང་བྱ་བའི་ཐད་སྟབས་བདེ་གང་ལེགས་བསྐྲུན་ཡོད་ཟེར།

ཞོགས་པའི་ཉི་མ་དལ་གྱིས་མཁའ་ལ་འཕགས་བཞིན་འདུག  འབྲི་སྟོད་རྫོང་བྲག་གུར་ཡུལ་ཚོ་འབྲི་སེར་སྡེ་བའི་རྩྭ་ཐང་ཀུན་ཏུ་ཤ་ཤེད་རྒྱས་པའི་ནོར་གནག་སྐོར་ཞིག་རང་དགར་གཟན་རྩྭར་རོལ་བཞིན་འདུག  ནོར་གནག་དེ་དག་གིས་ལན་རེར་མགོ་བོ་དགྱེ་ནས་ཕྱོགས་བཞིར་ལྟ་ཙམ་བྱེད་པ་ནི་ཁོད་ཡངས་པའི་རྩྭ་ཐང་ཆེན་མོ་དེའི་མཛེས་པ་ལ་རོལ་མྱོང་བྱེད་པ་དང་འདྲ། བསོད་ནམས་ཉི་མ་ནི་འབྲི་སེར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པར་མ་ཟད། སྡེ་བ་དེའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མགོ་གཙོ་ཡང་རེད། ཁོས་བཤད་རྒྱུར།  འདི་ན་ཡོད་པའི་ནོར་གནག་བདུན་བརྒྱ་དང་ལྔ་དང་ལུག་སྟོང་གཅིག་དང་སུམ་བརྒྱ་ནི་ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མ་རྐང་ཡིན་ཟེར། སྡེ་བ་དེ་ལ་ཁྱོན་སྡོམ་ཁྱིམ་ཚང་ལྔ་བརྒྱ་དང་སོ་བརྒྱད་ཡོད་ཅིང་མི་སྟོང་གཅིག་དང་བརྒྱད་བརྒྱ་གོ་དྲུག་ཡོད་ལ་དཔེ་མཚོན་རང་བཞིན་ལྡན་པའི་ཕྱུགས་ལས་སྡེ་བ་ཞིག་རེད།   སྔོན་ཆད་ང་ཚོ་སྡེ་བ་ཡོད་སའི་རི་ལུང་གི་མཚོ་འཕང་མཐོ་ལ་ཁྱིམ་ཚང་རེ་རེའི་བར་ཐག་ཡང་རིང་བོ་ཡོད་པས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཚང་མས་མཉམ་དུ་ཤུགས་འདོན་ཐུབ་ཀྱི་མེད། ཕྱིས་སུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལ་བརྟེན་ནས་སྡེ་བའི་ནང་དུ་མཉམ་ལས་ཁང་བཙུགས་པ་རེད། ད་ལྟའི་སྡེ་བའི་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་ནས་བཤད་ན། ཡུལ་ཚོ་ཡོངས་ནས་བརྩིས་ཀྱང་ཨང་རིམ་དང་པོ་དང་གཉིས་པའི་གྲས་སུ་ཚུད་ཡོད།  ད་ལྟ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་བཅུ་གཅིག་གི་མི་བཞི་བརྒྱ་དང་ང་ལྔ་མ་རྐང་མཉམ་ལས་ཁང་དུ་ཞུགས་ཡོད།  ཚང་མས་ཚན་རིག་ལྟར་ཕྱུགས་འཚོ་སྐྱོང་བྱེད་བཞིན་ཡོད་པས་ངལ་རྩོལ་ནུས་ཤུགས་སྔར་ལས་གྲོན་ཆུང་བྱེད་ཐུབ་པར་མ་ཟད། རང་ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པར་གྱུར་ལ་རྩྭ་ཐང་སྲུང་སྐྱོབ་སྐོར་ལའང་སྔར་ལས་ནུས་པ་ཆེན་པོ་ཐོན་བཞིན་ཡོད་ཅེས་བསོད་ནམས་ཉི་མས་ཡིད་ཆེས་དང་བཅས་ཏེ་དེ་ལྟར་བཤད།

བསོད་ནམས་ཉི་མ་དེ་བས་ཀྱང་དགའ་སྤྲོ་སྐྱེས་པ་ཞིག་ནི། ཉིས་སྟོང་ཉེར་གཅིག་ལོར་གྲོང་གསེབ་དར་སྤེལ་བྱ་བ་དེ་ཞིང་ཆེན་ཡོངས་ནས་མགོ་བརྩམས་པ་དང་བསྟུན་ནས། འབྲི་སེར་སྡེ་བས་ཡང་བསྐྱར་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དེ་ལོངས་སུ་སྤྱོད་ཐུབ་པར་གྱུར།  སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཆེད་དུ། འབྲི་སྟོད་རྫོང་ཞིང་ཕྱུགས་ཅུའུ་ཡིས་འབྲི་སེར་སྡེ་བར་ལུག་དྲུག་བརྒྱ་དང་སོ་བདུན་བྱིན་པས་སྡེ་བའི་ནང་དུ་དེ་ལ་དགའ་སྤྲོ་མི་སྐྱེས་མཁན་སུ་ཞིག་མཆིས་སམ།

བསོད་ནམས་ཉི་མས་གསར་འགོད་པར་རྩིས་འདི་ལྟར་བརྒྱབ་བྱུང་སྟེ། ཉིས་སྟོང་ཉེར་གཅིག་ལོར་ང་ཚོའི་མཉམ་ལས་ཁང་གིས་ཡོང་སྒོ་སྒོར་མོ་འབུམ་གཉིས་དང་ཁྲི་བཞི་སྟོང་བརྒྱད་བགོ་བཤའ་བརྒྱབ་པར་མ་ཟད།  ད་དུང་རྫོང་མཁར་དུ་ཁང་པ་གྱན་བདུན་གཞན་ལ་གླས་ཡོད་པའི་གླ་རིན་དེ་སྒོར་མོ་ཁྲི་དྲུག་དང་སྟོང་གཉིས་ཡོད་པ་དང་། སྔོན་ཆད་འོད་ཤུགས་གློག་འདོན་ས་ཚིགས་ལ་མ་རྐང་བཞག་ཡོད་པ་ལས་ལོ་རེར་སྒོར་མོ་འབུམ་གཉིས་རེ་ཡི་ཡོང་སྒོ་ཡོད་པ་རེད་ཟེར། སྣ་མང་ཐོན་ལས་འཕེལ་རྒྱས་ཀྱིས་འབྲི་སེར་སྡེ་བའི་འབྲོག་པ་རྣམས་ཀྱི་འཚོ་བའི་ཆུ་ཚད་དེ་ལོ་རེ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་བཞིན་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ལོ་རེ་བཞིན་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁྲོད་ནས་མ་རྩ་བཏང་སྟེ་སྡེ་བའི་ནང་དུ་ལས་ཞུགས་ལས་གནས་བཙུགས་ཏེ། སྡེ་བའི་འབྲོག་པ་རྣམས་ལ་སྔར་ལས་མང་པའི་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ནས་ཁོ་ཚོར་རང་ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པར་བྱས།

ཉེ་བའི་ལོ་འགའི་རིང་།  བྲག་གུར་ཡུལ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས།   ཡུལ་སྲོལ་ཡ་རབས་ལ་བརྟེན་ནས་གྲོང་གསེབ་ཀྱི་རིག་གནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཏེ། དཔལ་ཡོན་གྲོང་ཚོ་དང་གྲོང་རྡལ། སྐར་ལྔའི་དཔལ་ཡོན་ཁྱིམ་ཚང་། བྲག་གུར་མི་བཟང་སོགས་སྔོན་ཐོན་དཔེ་བཟང་བདམས་པའི་བྱ་འགུལ་མུ་མཐུད་དུ་སྤེལ་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་དང་རིག་གནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱས།

གཞན་ཡང་བྲག་གུར་ཡུལ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་གོ་སྐབས་སུ་བརྩིས་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་རྒྱུ་དེ་གཞི་རིམ་དུ་རྒྱུན་བསྲིང་བྱེད་རྒྱུར་སྐུལ་འདེད་བཏང་པ། སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་པ།  སྔོན་ཐོན་དཔེ་བཟང་གཏོད་རྒྱུར་སྐུལ་འདེད་བཅས་བྱས་ནས།  སྡེ་བ་སོ་སོས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་དམ་འཛིན་བྱས་ཏེ་དཔལ་ཡོན་གྱི་སྲོལ་གསར་དེ་བྲག་གུར་ཡུལ་ཚོའི་ས་ཕྱོགས་ཀུན་ལ་ཁྱབ་པར་བྱས།

བསོད་ནམས་རྟ་མགྲིན་གྱིས་མཚམས་སྦྱོར་བྱེད་དོན། རྒན་པ་ལ་གཅེས་སྐྱོང་དང་རྒན་པ་ལ་རོགས་རམ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་ཆེད། དཔལ་ཡོན་ལག་ལེན་གྱི་དང་བླངས་པ་ཚོས་འཚམས་འདྲི་བྱེད་པའི་བྱེད་ཐབས་བརྒྱུད་ནས་རྒན་པ་ཚོའི་འཚོ་བ་དང་དགོས་མཁོ་ཤེས་རྟོགས་འབྱུང་ཐུབ་པ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒན་པ་ལ་གཅེས་སྐྱོང་དང་རྒན་པ་ལ་ཞབས་འདེགས་ཞུས་ནས།  ཁོ་ཚོར་བྲག་གུར་ཡུལ་ཚོའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་དྲོད་སྐྱིད་དངོས་དེ་ཚོར་ཐུབ་པར་བྱས་ཡོད་ཟེར།

ཐོག་མའི་བསམ་འདུན་མི་འགྱུར་བ་དང་ཁ་ཕྱོགས་མི་འགྱུར་བ།  ནུས་ཤུགས་ཆུང་དུ་མི་གཏོང་ཞིང་གོམ་སྟབས་མི་ལྷོད་པ་བྱེད་དགོས། ད་ལྟ་བྲག་གུར་ཡུལ་ཚོས་དུས་ཚོད་ཀྱིས་མི་ལ་མི་སྒུག་པའི་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས། སྔར་ལས་མཛེས་སྡུག་ལྡན་པའི་གྲོང་གསེབ་དར་རྒྱས་སུ་གཏོང་བའི་འཆར་གཞི་བཟོས་ཏེ།  འབྲོག་པ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སེམས། བདེ་འཇགས་ཀྱི་ཚོར་སེམས་བཅས་སྔར་ལས་ཆེ་རུ་གཏོང་བར་འབད་བརྩོན་བྱེད་བཞིན་འདུག

                                                                                 ཡིག་སྒྱུར་བ། གཡང་འབུམ་རྒྱལ།