སྤྱིར་བཏང་མ་ཡིན་པའི་ལོ་ངོ་བཅུ། ཉིན་མཚན་སྟོང་གསུམ་དང་དྲུག་བརྒྱ་ལྷག
མཚོ་སྔོན་གྱི་ས་གཞི་ཆེན་མོའི་འགྱུར་ལྡོག་ཆེན་མོ་དང་མཆོང་སྐྱོད་ཀྱིས་ལོ་རྒྱུས་ལ་ལན་ཟབ་མོ་ཞིག་བསྐྱོན་ཡོད། མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ས་ཡ་དྲུག་གིས “གཏན་འཁེལ་གཉིས”ལ་གོ་བ་ཟབ་མོ་བླངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ལག་ལེན་དུ་བསྟར་བ་དང་། གྲུབ་འབྲས་གྱིས་གཙོ་འཛིན་གྱི་ཐུགས་ཁུར་ལ་དྲིན་ཚོར་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་མཚོ་སྔོན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་འགྱུར་ལྡོག་ཆེན་པོ་མངོན་པར་བྱས་ཡོད།
ལོ་ངོ་བཅུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེས་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱིས་འགྱུར་ལྡོག་བྱུང་བའི་ལོ་བཅུ་ཡིན་པ་དང་། ལོ་ངོ་བཅུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་འཕར་སྣོན་དང་མཐོར་འདེགས་བྱུང་བའི་ལོ་བཅུ་དང་གནད་འཁེལ་དབུལ་སྐྱོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། མི་དམངས་ཀྱི་འཚོ་བ་བརྟན་པོའི་ངང་ལེགས་བཅོས་བྱུང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དུས་ལྟར་མངོན་འགྱུར་བྱུང་བའི་ལོ་བཅུ་ཡིན།
ལོ་ངོ་བཅུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ལོ་བཅུ་ཡིན་ལ། ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བའི་ལོ་བཅུ་ཡང་ཡིན།
“ཀྲུང་ཧྭའི་ཆུ་མཛོད་ལེགས་པོར་སྲུང་རྒྱུ་ནི་མཚོ་སྔོན་གྱི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད།” “སྐྱེ་ཁམས་གླེང་ན་གྲངས་ཀའི་སྟེང་ནས་སྐད་ཆ་བཤད་དགོས།” ཟླ8ཚེས31ཉིན་གྱི་ཕྱི་དྲོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས“ཀྲུང་གོའི་ལོ་ངོ་བཅུ·མཚོ་སྔོན”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། སྨྱན་བྱད་ཀྱིས་དམིགས་གཏད་དང་། མང་ཚོགས་ཀྱིས་དོ་ཁུར་བྱས་ཤིང་། སྒྲོག་སྤེལ་ཚོགས་འདུའི་ཐད་གཏོང་གི་རྗེས་སུ། “ང་རང་ཉིད་ནི་མཚོ་སྔོན་པ་ཞིག་ཡིན་པར་ང་རྒྱལ་སྐྱེས་ཀྱིན་ཡོད”ཅེས་དང་།“མཚོ་སྔོན་ལ་བསྟོད་བསྔགས་བྱེད”ཅེས་པ་སོགས་ཀྱི་དཔྱད་གླེང་མང་པོ་དྲ་སྟེང་དུ་མཐོང་ཐུབ་པ་བྱུང་།
དྲ་གྲོགས་མིང་ལ“མཐོ་སྒང་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་ཞིག་གིས“མཚོ་སྔོན་གྱི་ལོ་བཅུ་ནི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ལོ་བཅུ་རེད”ཅེས་སྐད་བཞག་འདུག
“ལོ་ངོ་བཅུའི་རིང་ལ། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱས་པ་དང་། གོམ་པ་རེ་རེ་བཞིན་སྤོས་ཏེ། ཏན་ཏན་ཏིག་ཏིག་གིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐོ་སྒང་གི་ས་གཞི་ཆེན་མོའི་སྟེང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཞིང་། མཚོ་སྔོན་གྱི་བྱ་བ་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ཐོབ་ཡོད།” ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་སྨྱན་བྱད་གསར་འགོད་པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་གྱི་བྱ་བ་སོ་སོའི་ཐད་ཐོབ་པའི་གྲུབ་འབྲས་རབ་དང་རིམ་པ་ངོ་སྤྲོད་བྱས་པ་སྟེ།
ལོ་ངོ་བཅུའི་རིང་། རྨ་འབྲི་རྫ་གསུམ་ཁུལ་གྱི་ཆུ་ཁུངས་གསོག་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ་དང་། ཐང་རྒོད་ཅན་དང་བྱེ་འགྱུར་ས་ཆ་གཉིས་ཀ་ཇེ་ཆུང་འགྲོ་ཐུབ་པ་བྱུང་ལ། རྩྭ་སའི་ཁྱབ་ཚད་དང་རྩྭ་ཐོན་ཚད་སོ་སོར11%དང་30%ཡན་མཐོར་འདེགས་བྱུང་ཞིང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་སོང་ཡོད། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་ཟིན་པ་དང་། གཙང་པོ་དང་མཚེའུ་གལ་ཆེན་གྱི་ཆུའི་ནུས་པའི་ཁུལ་གྱི་ཆུ་སྤུས་ཚད་ཐིག་ལོན་ཚད100%ལ་སླེབས་ཅིང་། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་ལོ་བཅུའི་སྔོན་ལས་སྤྱི་ལེ་གྲུ་བཞི་མ220ཙམ་འཕར་བ་དང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ལ། ལྗང་མདོག་བར་སྟོང་གི་བསྡུར་ཚད70%ལས་བརྒལ་ཡོད་པ་རེད།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱི“ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས་”ཞེས་པའི་བླང་བྱ་གལ་ཆེན་ལ་བརྩི་སྲུང་ནན་མོ་བྱས་ཏེ། ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པ་དེ་སྣེ་ཁྲིད་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཞིག་ཧུར་ཐག་གིས་བཙུགས་པས། ལོ་ངོ་བཅུའི་རིང་ལ་དཔལ་འབྱོར་བསྡོམས་འབོར་ལོ་རེར་ཆ་སྙོམས་ཀྱིས7%འཕར་བ་དང་། སྤོ་བསྒྱུར་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་སྔར་ལས་མངོན་གསལ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཡངས་ཤིང་རྒྱ་ཆེ་རུ་འགྲོ་བཞིན་ཡོད།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བའི”བླང་བྱ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་པ་དང་། ལོ་རེར75%ཡན་གྱི་ནོར་སྲིད་འགྲོ་སྒོ་དེ་དམངས་ཚིས་འཛུགས་སྐྲུན་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། དམངས་ཚིས་དོན་དངོས་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་པས། སྡོད་དམངས་མི་རེར་ཆ་སྙོམས་བགོ་བྱ་བརྒྱབ་ཆོག་པའི་ཡོང་སྒོ་དེ2012ལོ་དང་བསྡུར་ན126%འཕར་བ་དང་། ལོ་རེར་ཆ་སྙོམས9.5%འཕར་སྣོན་བྱུང་ལ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྤུས་ཚད་ལེགས་པ་དང་། སྔར་ལས་སྐྱིད་པ། སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།
གནད་འཁེལ་དབུལ་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་བྱས་པ་བརྒྱུད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་རོགས་སྐྱོར་ཆེན་མོའི་རམ་འདེགས་འོག མཚོ་སྔོན་གྱིས་དམག་འཐབ་དྲག་པོ་བརྒྱབ་ནས་ལོ་གཅིག་གི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་། ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་)42ཀྱི་དབུལ་ཞྭ་ཕུད་པ་མངོན་འགྱུར་བྱས་པ་དང་། དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ཚང་མ་དབུལ་ཕོངས་ལས་ཐར་ལ། དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་དབུལ་བོ་ལས་ཐར།
དུས་ཚིགས་བཞི་བོར་འགྱུར་ལྡོག་ཡོད་ཀྱང་། དཀའ་སྤྱད་འབད་བརྩོན་གྱིས་མདུན་སྐྱོད་བྱེད་དགོས། གྲངས་ཀ་རེ་རེ་དང་། གསོན་ཉམས་དོད་པའི་དོན་དག་རེ་རེ་ནི་མཚོ་སྔོན་གྱི་དྲིན་ཚོར་ཡར་བརྩོན་དང་། འབད་འབུངས་ཧུར་བརྩོན། མཆོང་སྐྱོད་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ལོ་ངོ་བཅུའི་འཕེལ་རྒྱས་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས། ང་ཚོར་མྱོང་ཚོར་ཟབ་མོ་ཡོད་པ་དང་། མཚོ་སྔོན་གྱི་བྱ་བ་བཟང་པོར་སྒྲུབ་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བྱ་སྤྱོད་ཀྱི་འགུལ་སྐྱོད་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཟབ་མོ་ཁོང་དུ་ཆུད་པ་བྱེད་པ་དང་།“སྲུང་སྐྱོང་གཉིས”དེ་གཞི་རྩའི་ཆབ་སྲིད་ཀྱི་རྩ་དོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས།
“མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མཐོ་ས་གསར་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་བ། མི་དང་རང་བྱུང་ཁམས་ཚེ་སྲོག་གཅིག་མཐུན་ཚོགས་པའི་མཐོ་ས་གསར་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་སྐྲུན་གྱི་མཐོ་ས་གསར་བ། རི་ཆུ་ནགས་ ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱག་རོམ་ལ་སྲུང་སྐྱོང་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པའི་མཐོ་ས་གསར་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་མཐོ་ས་གསར་བ་སོགས“མཐོ་ས་གསར་བ་བདུན”འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
“མཚོ་སྔོན་གྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་ངེས་རེད། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་ཡག་དུ་འགྲོ་ཐུབ་པ་ཁོ་ཐག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཆུན་པོ་དེ་མཚོ་སྔོན་གྱི་ས་གཞི་ཆེན་མོ་ནས་སྔར་ལས་བཀྲག་མདངས་ལྡན་པར་བཞད་ངེས་ཡིན།”
དུས་ཚོད་གཉིས་རིང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཡིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཆེན་མོ་དང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ལོ་ངོ་བཅུ་ཆེས་ཉིང་བསྡུས་ཀྱི་སྒོ་ནས་བཤད་པ་དང་། ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པོའི་གཏམ་རྒྱུད་རེ་རེ་ཡིས་འཚོལ་རྟོགས་བྱེད་པ་དང་། ཡིག་ཐོག་ཏུ་འབྲི་བར་འགུག་བཞིན་འདུག
“འདི་ནི་ཆེས་ལེགས་པའི་དུས་རབས་ཤིག་དང་། འདི་ནི་འཕེལ་རྒྱས་ཆེས་མགྱོགས་པོའི་ལོ་ངོ་བཅུ་ཡིན་པ་རེད།” “ཡང་བསྐྱར་ལོ་བཅུ་འགོར་རྗེས། ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་མཛའ་མཐུན། གསར་སྐྲུན་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གསལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་མཛེས་ལྗོངས་ལ་མི་རྣམས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།” “ང་དང་ཕ་ཡུལ་མཉམ་དུ་འཚར་ལོངས་བྱུང་། མཚོ་སྔོན་གྱིས་ཤུགས་རྒྱོབ།” དྲ་གྲོགས་ཚོའི་དགའ་སྤྲོའི་སྐད་ཆ་རེ་རེའི་ནང་དུ་མཚོ་སྔོན་ལ་བཅངས་པའི་མཛེས་སྡུག་གི་སྨོན་འདུན་གྱིས་གཏམས་འདུག་ལ། དུས་རབས་གསར་བར་བྱས་རྗེས་འཇོག་པ་དང་། སྐྱོད་ལམ་གསར་བར་ཧུར་ཐག་གིས་ཞུགས་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ནུས་གཅིག་དུ་འདུས་ཡོད་པ་རེད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།