ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བར་ཁག་ཐེག་བྱེད་དགོས།
2022.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

—ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་དཔྱད་བརྗོད།

དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པས་སྤྱི་བསྡོམས་བྱས་ཡོད་ལ། དེའི་ཁྲོད་དུ“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་གོ་གནས་ཨང་དང་པོར་བཞག་ཡོད།

རི་བོའི་ཚོགས་ལ་བརྗིད་ཉམས་འགྱིང་ཆེ་ཡང་། རི་རྩེ་ཀུན་ལས་འཕགས་པ་མངོན་སུམ་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དེ་བྱ་བཞག་གི་རྣམ་པ་གསར་པ་བསྐྲུན་པའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་གཏོང་བར་གཞི་རྩའི་ཁག་ཐེག་འདོན་སྤྲོད་བྱས་ཡོད།

“ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་རྒྱུན་འཆད་མེད་པར་འཕེལ་རྒྱས་གཏོང་བའི་གདུང་འདེགས་ཀ་བ་ལྟ་བུ་ཡིན།”

“ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་མེད།”

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་ཚིག་དེ་ཀྲུང་གོའི་ས་གཞི་ཆེན་མོར་ཁྱབ་པ་དང་། དམག་འཁྲུག་གི་མེ་ལྕེ་རབ་ཏུ་འབར་བའི་ལོ་རབས་ནང་བྱུང་བའི་གསུང་ཚིག་དེར་དུས་རབས་གསར་པའི་ནང་རྒྱ་བསྐྱེད་གསར་པ་བྱུང་ནས་མི་དམངས་དུང་ཕྱུར་མང་པོའི་ངོས་འཛིན་གཅིག་མཐུན་ཞིག་ཏུ་གྲུབ་ཡོད།

“ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཏང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།” 2012ལོའི་ཟླ11པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་མ་ཐག་པའི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐེངས་དང་པོའི་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན། དེའི་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་རྣམ་བཤད་གལ་ཆེན་འདི་རྒྱུན་འཆད་མེད་པར་གཏིང་ཟབ་ཏུ་བཏང་བ་སྟེ།

“ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན།”

“ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཤར་ལྷོ་ནུབ་བྱང་དབུས་བཅས་གང་ཡིན་ཡང་ཏང་ནི་ཡོད་ཚད་ལ་འགོ་ཁྲིད་བྱེད་མཁན་ཡིན།”

“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོ་གྱུར་བའི་ཁྱད་ཆོས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་དགེ་མཚན་ཡིན།”

“ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལམ་བུ་ཉག་གཅིག་ཡིན།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་གལ་ཆེན་རང་བཞིན་དང་ཚན་རིག་དང་མཐུན་པའི་ནང་དོན་རྒྱས་བཤད་གཏིང་ཟབ་གནང་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བསམ་བློ་གཅིག་གྱུར་ཡོང་བར་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྟོན་འདོན་སྤྲོད་གནང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། གཡུལ་ལ་ཆས་པ་ལྟར་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་ཏེ། རྒྱལ་ཁབ་ཆེན་པོའི་དམ་བཅའ་དོན་ཐོག་ཏུ་སྨིན་ནས་དུས་བཅད་ལྟར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་བསྒྲུབས་པ་དང་། དཀའ་ཚེགས་ལ་མི་སྐྲག་པར་ཀུན་སེམས་གཅིག་མཐུན་གྱི་ཡོམ་འགོག་གནོད་སེལ་དང་ཆུ་ལོག་འགོག་པར་འབད་པ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་པྲོག་གསར་གློ་ཚད་ཀྱི་ནད་ཡམས་ལ་འགོག་རྒོལ་བྱས་པ་སོགས་དོན་དངོས་ལས“ཀྲུང་གོ་གུང་ཁྲན་ཏང་ལ་འགྲན་ཟླ་བྲལ་བའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་ལྡན་པ་དང་། ཆར་རླུང་ཁྲོད་འཇབ་རྒོལ་བྱེད་སྐབས་ཀྲུང་གོ་མི་དམངས་ཀྱི་བློ་གཏད་ཆོག་པའི་གཞི་རྐང་ཞིག་ཡོད་པར་ར་སྤྲོད་གང་ལེགས་བྱས་ཡོད།”

ཏང་ཡོངས་ལ་སྲོག་ཤིང་ཡོད་ཚེ། ཏང་ཀྲུང་དབྱང་ལ་གཞི་ནས་དབང་གྲགས་ཡོད་པ་དང་། ཏང་ལ་གཞི་ནས་སྟོབས་ཤུགས་ཡོད།

2021ལོའི་ཟླ11པར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་གནང་བ་སྟེ།

“ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པ་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་ལས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།” “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཡིན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་ལས་འགན་སོ་སོ་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཡིན།

“ཏང་གིས་ལས་དོན་ཡོད་ཚད་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། བླང་བྱ་འདི་ནི་དོན་མེད་དང་ངོས་འཛིན་རྒྱུ་མེད་པ་ཞིག་མ་ཡིན་པར། ཕྱོགས་གང་ཅིའི་ཐད་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་དང་མངོན་པར་བྱ་དགོས།”

2022ལོའི་ཟླ7པའི་ཚེས13ཉིན། པེ་ཅིན་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲི་ལམ་ལུགས་བཅོས་སྒྱུར་ལས་དོན་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ས་ཁུལ་སོ་སོ་ནས་ཡོང་བའི་སློབ་གསོའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི། སློབ་གཙོ་བཅས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་འཛུགས་རྒྱུར་དམིགས་ནས་ཞིབ་བསྡུར་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་སོ་སོ་བཅོས་སྒྱུར་དོན་འཁྱོལ་ཧུར་ཐག་བྱས་ནས། ཏང་གིས་རྨང་གཞིའི་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ།

དེ་ནི་ཉེ་བའི་ལོ་འགའི་རིང་ལ། ཏང་གི་འགོ་ཁྲིད་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། རིམ་པ་སོ་སོ་བཅས་ཀྱི་ཞིབ་ཕྲའི་སྟེང་དངོས་འབེབས་བྱས་ཡོད།

རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཁྲོད་དུ། ཏང་ནི་མ་ལག་ཧྲིལ་བོ་འཁོར་སྐྱོད་བྱེད་པར་ཐག་གཅོད་པའི་གནད་འགག་གཙོ་བོ་ཡིན།

2019ལོའི་ཟླ10པར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དཔེ་རིས་སུ་བཀོད་ནས། ཏང་གི་འགོ་ཁྲིད་ལམ་ལུགས་དེ་རང་རྒྱལ་གྱི་གཞི་རྩའི་འགོ་ཁྲིད་ལམ་ལུགས་སུ་གཏན་འཁེལ་གསལ་པོ་བྱས་པ་རེད། ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད། ཏང་ཀྲུང་དབྱང་ལ་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་བཅས་ཀྱིས་ལོ་རེར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ལ་ལས་དོན་སྙན་ཞུ་འབུལ་དགོས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་ལོ་རེར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་སྒྲུབ་སྙན་ཞུ་བྱེད་དགོས།

ཏང་ཀྲུང་དབྱང་གི་ཇུས་ཆོད་དང་གྲོས་མོལ། མཐུན་སྦྱོར་བཅས་ཀྱི་སྒྲིག་གཞིའི་འགན་ནུས་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་སོགས་བཙུགས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། སྒྲིག་གཞིའི་འགན་ནུས་ཐོག་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱ་རྒྱུ་དེ་ཁྱབ་ཁོངས་སོ་སོ་དང་། ཕྱོགས་སོ་སོ། རིམ་པ་སོ་སོ་བཅས་སུ་དོན་འཁྱོལ་བྱ་དགོས།

གཞི་རིམ་ཏང་རྩ་འཛུགས་ཀྱི་གོ་གནས་དང་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཨུས(ཏང་ཙུའུ)འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་གཏན་འབེབས་དང་། མཐོ་རིམ་སློབ་གྲྭར་ཏང་ཨུའི་འགོ་ཁྲིད་འོག་སློབ་གཙོས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་དང་། གཞུང་བཙུགས་སློབ་གྲྭ་འབྲིང་ཆུང་དང་སྨན་ཁང་། ཚན་རིག་ཞིབ་འཇུག་སློབ་གླིང་བཅས་སུ་རིམ་བཞིན་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་ཏུ་སློབ་གྲྭའི(གླིང་དང་སའོ)འགོ་གཙོས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་དགོས།

ཏང་ཀྲུང་དབྱང་ནི་བཀོད་འདོམས་དམག་གུར་དུ་བཞུགས་པའི་དམག་སྤྱི་ལྟ་བུ་ཡིན་ལ། སྤྱི་ཡོངས་ལ་གཅིག་གྱུར་གྱིས་བཀོད་འདོམས་གནང་བཞིན་ཡོད། འཕྲེད་ཕྱོགས་ནས་མཐའ་བར་དང་། གཞུང་ཕྱོགས་ནས་མཐིལ་བར་དུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་སོ་སོར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་འདོན་སྤྲོད་བྱས་ཡོད།

ལམ་ལུགས་ཀྱི་མ་ལག་རྒྱུན་འཆད་མེད་པར་འཐུས་ཚང་དུ་བཏང་བ་དང་འགོ་ཁྲིད་ཀྱི་བྱེད་སྟངས་སྔར་ལས་ཚན་རིག་དང་མཐུན་པར་གྱུར་ཡོད།

2022ལོའི་ཟླ7པའི་ཚེས25ཉིན། པེ་ཅིང་ཀྲུང་ནན་ཧའེ་རུ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོར་ཁས་ལེན་གང་ལེགས་གནང་ནས་དམིགས་སའི་རང་བཞིན་དང་འཛུགས་སྐྲུན་རང་བཞིན་ཆེན་པོ་ལྡན་ཡོད་པས། “ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱེད་དགོས”ཞེས་གསུངས་པ་རེད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་གྲོས་འགོ་སོགས་སྲིད་ཇུས་ཀྱི་ཡིག་ཆ་གལ་ཆེན་མ་བཏོན་གོང་། ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་མང་འཚོགས་ནས་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ལ་ཉན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་བྱ་བའི་ཐད་དྲ་རྒྱའི་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་འགུལ་སོགས་སྤེལ་བ་རེད།

ཏང་གི་འགོ་ཁྲིད་བྱེད་སྟངས་དང་སྲིད་སྐྱོང་བྱེད་སྟངས་རྒྱུན་མི་འཆད་པར་འཐུས་ཚང་དུ་བཏང་བ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་སྟེ། ཏང་གིས་ཁ་ཕྱོགས་དང་ཁྱོན་ཡོངས་ལ་དམིགས་པ། སྲིད་ཇུས་གཏན་ཕབ། བཅོས་སྒྱུར་ལ་སྐུལ་འདེད་བཅས་ཀྱི་ནུས་པ་དང་བརྟན་ཤུགས་མངོན་གསལ་སྒོས་ཆེ་རུ་བཏང་བས། ཏང་གི་འགོ་ཁྲིད་དེ་ལག་ལེན་དང་དུས་རབས།  མི་དམངས་བཅས་ཀྱི་བླང་བྱ་དང་སྔར་ལས་འཚམ་ཡོད།

“ཏང་གི་དར་ཆའི་འོག་ཏུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། གོམ་སྟབས་གཅིག་གྱུར་གྱིས་མདུན་སྐྱོད་བྱེད་དགོས།”

“རི་ཆུ་ཁྲི་སྟོང”མང་པོ་བརྒལ་ཟིན་མོད། ད་དུང་སྔར་བཞིན“རི་ཀླུང་མང་པོ་བརྒལ”དགོས།

ད་ལྟ། ཀྲུང་གོ་འདི་ཉིད་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་སྔར་ལས་ཐག་ཉེ་བ་དང་སྔར་ལས་ཡིད་ཆེས་དང་ནུས་པ་ཡོད་དགོས། དམིགས་འབེན་དང་བར་ཐག་ཇི་ཙམ་ཉེ་ན། གནས་བབ་དེ་ཙམ་གྱིས་རྙོག་འཛིང་ཆེ་ཞིང་། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་བརྟེན་ནས་ཕྱོགས་གང་ཅིའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།

འདི་ནི་དེ་བས་སྲ་ཞིང་བརྟན་པའི་བསམ་བློའི་རྨང་གཞི་ཡིན།

2022ལོའི་དབྱར་དུས་སུ། ཧྲན་ཞི་ཐའེ་ཡོན་གྲོང་ཁྱེར་གྱི་ཡུན་ཙེ་ཆུས་ཏང་གི་སློབ་གྲྭའི་ཡུན་ཙེ་སྲང་ལམ་ཡན་ལག་སློབ་གྲྭའི་སློབ་ཁང་དུ། སྲང་ལམ་དང་སྡེ་ཁུལ་གྱི་ལས་བྱེད་པ་བཅུ་ལྷག་གིས་གསར་དུ་དཔེ་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པར་སློབ་སྦྱོང་བྱེད་བཞིན་ཡོད།

མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཐོག་མཚོན་པར་བྱེད་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་པའི་ཆ་ནས།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ངེས་པར་ཀློག་དགོས་པའི་དཔེ་དེབ་ཞིག་ཏུ་གྱུར་ཡོད།

ནང་དོན་གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ་སྣ་ཚོགས་རིམ་བཞིན་པར་སྐྲུན་དང་གསོན་ཉམས་དོད་པའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྣ་ཚོགས་ཚ་ཚ་འུར་འུར་ངང་སྤེལ་ཞིང་། མང་ཚོགས་ཀྱི་ལྟ་སྟངས་དང་མང་ཚོགས་ཀྱི་སྨྲ་བརྗོད། མང་ཚོགས་ཀྱི་བརྩེ་སེམས་བཅས་ཀྱི་ཐོག་ནས་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་ལ“བར་ཐག་མེད་པ”དང་ཕན་ཚུན་ཁ་གཏད་པར་སྐུལ་འདེད་བཏང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་གམ་དུ་ཐོན་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས།

རིགས་པའི་གཞུང་ལུགས་གསར་སྐྲུན་བྱ་རྒྱུ་དེ་མདུན་དུ་གོམ་གང་སྤོས་ཚེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེ་ཡང་གོམ་གང་མདུན་དུ་སྤོ་དགོས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བའི་མཛུབ་སྟོན་ལག་ལེན་དུ་བཀོལ་ནས། སློབ་སྦྱོང་གི་ཕན་འབྲས་དེ་སྐྱོད་ལམ་གསར་པའི་ཐོག་གི་བྱ་བའི་ཕན་འབྲས་དངོས་སུ་འགྱུར་བར་བྱས་ཡོད།

འདི་ནི་སྔར་ལས་མཐུན་སྒྲིལ་བྱེད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་རེད།

ཆབ་སྲིད་ཀྱི་ལྟ་རྟོག་དང་གནད་དོན་ཐག་གཅོད་པར་མི་མཁས་པ་དང་། སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པར་སྔར་བཞིན་བར་ཁྱད་ཡོད་པ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས་རེ་འཚོག་སྐབས། ཕན་ཚུན་བར་བསམ་འཆར་ནན་མོ་བཏོན་སྟབས། ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གི་ངོ་གདོང་དམར་པོར་འགྱུར་བ་དང་རྔུལ་ཆུའང་བཞུར་དུ་བཅུག་ཡོད།

ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཐོག་མར་ཆབ་སྲིད་ཐད་ཀྱི་མཐུན་སྒྲིལ་གཅིག་གྱུར་ཡིན་པས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་དགོས།

ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ནང་གི་འཚོ་བའི་ཁྲོད་དུ་ངར་ལྕགས་ལས་གྲུབ་པ་བྱ་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་སྐོར་གཟིགས་ཟབ་སྤེལ་བྱེད་པ། དར་ཆ་གསལ་སྒྲེང་གིས་“ཡོད་པ་བདུན”དག་ཐེར་བཅོས་སྐྱོང་བྱེད་པ། མངོན་བརྩི་ལྐོག་འགལ་གྱི་ཏང་གི་ངོ་གཉིས་མ་མཐའ་གཅིག་ཏུ་གཙང་སེལ་བཅས་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཁག་ཐེག་བྱེད་དགོས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་འཆད་པར་ཆེ་རུ་བཏང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས། ཏང་ལ་བློ་དཀར་སེམས་དཀར་དང་། ཏང་གི་བཀོད་འདོམས་ལ་ཉན་པ། ཏང་ལ་འགན་འཁྲི་འཁུར་བ་བཅས་བྱས་ཡོད།

འདི་ནི་སྔར་ལས་གཅིག་མཐུན་གྱི་བྱ་སྤྱོད་འགན་འཁྲི་ཡིན།

ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན། དམིགས་འབེན་དེ་མངོན་འགྱུར་ཡོང་ཆེད། སྲིད་ཇུས་མ་ལག་གི་རྩེ་རིམ་ཇུས་འགོད་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཧུར་ཐག་གིས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་འཕོ་འགྱུར་ཞིག་རྒྱལ་ཡོངས་ཀྱི་གོང་འོག་ཚང་མར་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

འདི་འདྲའི་སྟོབས་ལྡན་གྱི་རྒྱལ་ཁབ་ཀྱི་ནུས་པ་ནི་ང་ཚོའི་ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ནུས་ཤུགས་དང་རྩ་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་དང་ཁ་འབྲལ་ཐབས་མེད།

“ཐུན་མོང་ཐོག་སྲུང་སྐྱོབ་ཆེན་པོ་འཛིན་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”འདུ་ཤེས་ལག་བསྟར་བྱས་པས་མ་ཡུམ་གཙང་པོར་གསོན་ཤུགས་གསར་པ་འཕེལ་ཡོད། “ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུ་ནི་ལོ་ངོ་སྟོང་གི་ཇུས་ཆེན་ཡིན་པའི”བླང་བྱ་ལྟར། “མ་འོངས་གྲོང་ཁྱེར”གྱི་བརྗིད་ཆགས་ཡིད་དུ་འོང་བའི་རི་མོ་རེ་རེ་བཞིན་བཀོད་ཡོད། “ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུར་རིམ་བཞིན་འཚོལ་ཞིབ་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས”ཞེས་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་གཞིགས་ཕྱོགས་གཅིག་ཏུ་གཏོང་བ་དང་། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཐོག་སྔར་ལས་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།