ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དཔྱད་བརྗོད།
འཕེལ་རྒྱས་ནི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་ལ་དུས་རབས་གསར་པ་དང་དུས་རིམ་གསར་པའི་འཕེལ་རྒྱས་ནི་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱས་ཏེ། དམིགས་རྒྱང་རིང་བ་དང་ཐབས་ཇུས་འདིང་བ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་འཛུགས་པ་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱོད་ལམ་དེད་ནས་སྔར་ལས་འོད་སྟོང་ལྡན་པའི་མདུན་ལྗོངས་སུ་བསྐྱོད་པར་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་སྲ་ཞིང་བརྟན་པོའི་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
ཀྲུང་གོའི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་ལ་སླེབས་ཡོད།
ཟླ9པར་ཐོན་དུས།2022ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་2022ལོའི་རྒྱལ་ཡོངས་ཀྱི་ཆེད་ལས་ཅན་དང་ཞིབ་ཕྲ་ཅན།ཁྱད་ཆོས་ཅན།གསར་རྐྱང་ཅན་བཅས་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཚོགས་ཆེན།ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཉོ་ཚོང་བརྗེ་རེས་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པ་སོགས་བྱ་འགུལ་གལ་ཆེན་རབ་དང་རིམ་པ་གཅིག་འདུས་སྒོས་བསྡུས་པ་དེ་ནི་འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་ལྟ་ཞིབ་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་རང་རྒྱལ་གྱི་དཔལ་འབྱོར་དེ་མྱུར་ཚད་མགྱོགས་པོའི་ངང་འཕར་སྣོན་ཡོང་བའི་དུས་རིམ་ནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བའི་དུས་རིམ་ལ་སླེབས་ཡོད་པ་གསལ་བོར་བསྟན་ཡོད།
བརྡར་གཅོད་གལ་ཆེན་འདིས་དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་ཁྱད་ཆོས་གསལ་པོར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དུས་གལ་ཆེན་མང་པོ་ནས་ཅི་ཞིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་པ་དང་ཇི་ལྟར་བྱས་ན་ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པར་རྒྱས་འགྲེལ་ཟབ་མོ་གནང་ཡོད་དེ།“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ལེགས་པོར་སྐོང་ཐུབ་པའི་འཕེལ་རྒྱས་ཤིག་ཡིན།”“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི‘ཡོད་མེད’ནས‘ཡག་པོ་ཡོད་མེད’ཀྱི་ཕྱོགས་སུ་འཕོ་འགྱུར་ཡོང་རྒྱུ་དེ་རེད།“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཁོ་ན་ཙམ་མ་ཡིན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་སྤྱིའི་བླང་བྱ་ཞིག་ཀྱང་ཡིན།”
འདི་ནི་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་མངོན་པའི་རླབས་ཆེན་གྱི་གསར་མཛད་ཅིག་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་།རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་བསྟུན་དགོས་པ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བསྟུན་དགོས་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། དཔལ་འབྱོར་གྱི་ཆོས་ཉིད་བརྩི་སྲུང་བྱས་ནས་འཕེལ་རྒྱས་གཏོང་དགོས་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན།
2012ལོར་ཕྱིར་ལྟ་བྱས་ན། སྐབས་དེའི་ཀྲུང་གོ་འདི་ཉིད་ལོ་རྒྱུས་གསར་བའི་གནད་འགག་གི་དུས་སུ་སླེབས་ཡོད་པས།རགས་རྩིང་གི་འཕེལ་རྒྱས་གཏོང་སྟངས་རྒྱུན་འཁྱོངས་བྱེད་དཀའ་བ་དང་འཕེལ་རྒྱས་སྔར་བཞིན་དོ་མཉམ་མིན་པ་དང་གང་ལེགས་མ་ཡིན་པ་སོགས“འཕེལ་རྒྱས་རྗེས་ཀྱི་གནད་དོན་མང་པོ་ཞིག”མྱུར་དུ་ཐག་གཅོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བསམ་ཟབ་མོ་གནང་བར་མ་ཟད་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་གནང་ཡོད་དེ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་རྒྱུ་ནས་སླ་བཅོས་ངང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁོ་ནས་སུ་འཇོན་སུ་བཟང་མི་ལྟ་བའི་བར་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ“དུས་གསུམ་སྣོལ་བརྩེགས”ཀྱི་དུས་སྐབས་སུ་གནས་ཡོད་པར་བརྡས་ཐག་གཅོད་པ་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ“རྒྱུན་རྣམ་གསར་པར”སླེབས་ཡོད་པའི་བར། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་ནས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་ཤུགས་སྣོན་རྒྱག་དགོས་པའི་བར་སོགས་གསལ་བོར་བསྟན་ཡོད་ལ།མིག་རྒྱང་རིང་བའི་འཆར་འགོད་རབ་དང་རིམ་པ་འདི་དག་གིས་དཔལ་འབྱོར་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་རྒྱུར་ཁྲིད་སྟོན་བྱས་ཡོད།
ལོ10ཡི་རིང་ལ།རང་རྒྱལ་དཔལ་འབྱོར་གྱི་སྤུས་ཚད་སྔར་ལས་མཐོ་བ་དང་ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་འདྲ་མཉམ།སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད།
དཔལ་འབྱོར་བསྡོམས་འབོར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྡུར་ཚད་ཀྱི་11.4%ནས་18%ཡན་བར་འཕར་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་བཞག་ཚད་སྤྱིའི་ཆ་ནས་30%ཡས་མས་སུ་རྒྱུན་འཁྱོངས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་22.5%ནས་30%བར་མང་དུ་འཕར་བ་དང་། GDPརྩིས་གཞི་རེའི་དབྱང་གཉིས་ཐན་འགྱུར་འབུད་ཚད་རིམ་རྩིས་བྱས་ན་34%ཙམ་མར་ཆག་པ། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ནས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་བྱས་ཏེ་ཤིན་ཏུ་དབུལ་བའི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པར”ཐོན་རྗེས།རང་རྒྱལ་འདི་ཉིད་ཡང་བསྐྱར་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་དུ་ཞུགས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི‘ལོ་ལྔའི་འཆར་འགོད་བཅུ་བཞི་པའམ’ཡང་ན་དེ་ལས་རིང་བའི་དུས་སྐབས་ཤིག་གི་རིང་དུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཡིན”“དུས་རབས་གསར་པ་དང་དུས་རིམ་གསར་པའི་འཕེལ་རྒྱས་སུ་འགྲོ་བར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་ལ་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས།”ཞེས་བསྟན་ཡོད།
འཐབ་ལམ་གསར་པའི་སྟེང་དུ། སྔར་ལས་ལྷག་པའི་ལྡོག་འགྱུར་ཕྱི་རོལ་ཁོར་ཡུག་ལ་ཁ་གཏད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། དངོས་འཛིན་དངོས་སྒྲུབ་དང་སྙིང་རུས་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་སྔར་ལས་ལེགས་པའི་སྒོ་ནས་འགོག་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་ཐུབ།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོད་པ་དེས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བར་འཕོ་འགྱུར་ཟབ་མོ་བྱུང་།
2022ལོའི་ཟླ9ཚེས6ཉིན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་སྟེང་།《སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཆ་རྐྱེན་འོག་ཏུ་གནད་འགག་གི་སྲོག་ཤིང་ལག་རྩལ་འགག་སྒྲོལ་གྱི་དཔེ་གསར་ཅན་གྱི་རྒྱལ་ཡོངས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆ་གལ་ཆེན་ལྔ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཡིག་ཆ་རེ་རེས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་རེད།
“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་འདི་ལྟར་ནན་གྱིས་གསུངས་པ་རེད།
འདུ་ཤེས་ནི་འགུལ་སྐྱོད་ཀྱི་སྣེ་ཁྲིད་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་ཡང་དག་ཡིན་མིན་གྱིས་རྩ་བའི་ཐོག་ནས་འཕེལ་རྒྱས་ཀྱི་ཕན་འབྲས་དང་ཐ་ན་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད།
2015ལོའི་ཟླ10པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་བཏོན་པ་དེའི་ཐོག་ནས་ང་ཚོའི་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད་པ་གཅིག་བསྡུས་ཀྱིས་མཚོན་ཡོད།
2021ལོའི་ཟླ1ཚེས11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་སྟེང“ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རིགས་པའི་གཞུང་ལུགས་དང་འདུ་ཤེས་གལ་ཆེན་མང་པོ་བཏོན་ཡོད། དེའི་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ཆེས་གལ་ཆེ་ཤོས་དང་ཆེས་གཙོ་བོ་ཡིན།”“ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས”ཞེས་བསྟན་ཡོད།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་པས་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་འཕོ་འགྱུར་ཟབ་མོ་ཕྱོགས་ཡོངས་ནས་གསར་གཏོད་བྱས་ཏེ།གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་ཆེ་རུ་གཏོང་དགོས།
2022ལོའི་ཟླ8ཚེས17ཉིན། ལེའོ་ཉིན་དུ་རྟོག་ཞིབ་མཛད་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ཧྲིན་དབྱང་ཞིན་སུང་འཕྲུལ་མིའི་རང་འགུལ་ཅན་གྱི་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་རང་བདག་གསར་སྐྲུན་གྱི་གནས་ཚུལ་གཙོར་བཟུང་ནས་རྟོག་ཞིབ་གནང་།
སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས“ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ངེས་པར་དུ་རང་བདག་གསར་སྐྲུན་གྱི་ལམ་བུར་བསྐྱོད་དགོས། དུས་ཚོད་ཀྱི་དབང་གིས་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་གཏོང་མི་ཐུབ་ཚེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས‘འགག་རྩའི་གནད་དོན’ལས་ཐོད་བརྒལ་བྱས་ཏེ།འབད་བརྩོན་གྱིས་གནད་འགག་གི་སྲོག་ཤིང་ལག་རྩལ་དང་གོ་མཚོན་བཟོ་སྐྲུན་ལས་རིགས་ང་ཚོ་རང་ཉིད་ཀྱི་ལག་ཏུ་འཛིན་གང་ཐུབ་བྱེད་དགོས”ཞེས་བསྟན་པ་རེད།
ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ནས། ཚན་རྩལ་རང་ཚུགས་དང་རང་སྟོབས་བྱེད་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ལ་བརྩི་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག རང་རྒྱལ་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་བཏང་བའི་མ་དངུལ་དང་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་བསྡོམས་འབོར་གྱི་བསྡུར་ཚད1.91%ནས2.44%རུ་འཕར་བ་དང་། གོ་ལ་ཧྲིལ་པོའི་གསར་སྐྲུན་སྟོན་གྲངས་ཀྱི་ཨང་རིམ་དེ་ཨང34པ་ནས་ཨང12པར་འཕར་བ་དང་། ལྷའི་ཕོ་བྲང་དང་ཀླུ་མོ། བྱང་སྐར་རྟགས་ཅན་སོགས་གསར་གཏོད་གྲུབ་འབྲས་གལ་ཆེན་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ངང་སྒོར་ཐོན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མདངས་ཇེ་དྲག་ཏུ་གཏོང་དགོས།
དེ་སྔོན་ཆིན་ལིན་བྱང་འདབས་སུ་སྒྲིག་འགལ་ངང་སྤྲོ་ཁང་མང་པོ་འཛུགས་སྐྲུན་བྱས་ཏེ་གནས་དེའི་ཁོར་ཡུག་ལ་ཡིད་སྐྱོ་བའི་གནོད་པ་ཚབས་ཆེན་བཟོས། ཆིན་ལིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་མཛུབ་སྟོན་གལ་ཆེན་ཐེངས་དྲུག་ལ་གནང་ནས་གནད་དོན་དག་ཐེར་བཅོས་སྒྱུར་བྱས་ནས་ཐག་གཅོད་དགོས་པའི་སྐུལ་མ་གནངས།
སྐུ་དངོས་ཀྱིས“གླེང་གཞི་བཏོན་པ”དང་སྐུ་དངོས་ཀྱིས“རྩིས་ལེན”བྱས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་པའི་དོན་རྐྱེན་སྐོར་ཞིག་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་དང་ལྷོད་གཡེང་གཏན་ནས་མི་བྱེད་པ། དམ་འཛིན་མཐར་ཕྱིན་བྱེད་པ། རྩ་བ་ནས་ཐག་གཅོད་མ་བྱས་ཚེ་གུ་ཡངས་གཏན་ནས་གཏོང་མི་རུང་བའི་བླངས་བྱ་བཏོན།
2019ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་ཚེ་རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་འགྱུར་ཐུབ་ཅེས་ནན་གྱིས་གསུངས།
གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པ་དང་། མཐུན་སྦྱོར་ནི་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན། ལྗང་མདོག་ནི་ཡུན་རིང་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན་དང་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་མཚོན་ཚུལ་གལ་ཆེན་ཡིན། སྒོ་འབྱེད་ནི་རྒྱལ་ཁབ་དར་རྒྱས་དང་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན་པ་དང་། མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་བཅས་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་འཕེལ་རྒྱས་སྐོར་གྱི་དམིགས་ཡུལ་དང་སྒུལ་ཤུགས། བྱེད་སྟངས། ཐབས་ལམ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ནང་གནས་གཅིག་གྱུར་ཞིག་ཡིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་ཤིག་རེད”ཅེས་ནན་གྱིས་བསྟན་ཡོད།
སྐྱོད་ལམ་བུ་གསར་པར་ཞུགས་རྗེས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཀྲུང་གོའི་དཔལ་འབྱོར་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་སྟེང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་རྒྱུར་སྣེ་ཁྲིད་བྱེད་བཞིན་ཡོད།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། བྱས་རྗེས་གསར་པ་མངོན་པར་བྱེད་དགོས།
“རི་དྭགས་ཀྱི་གཟུགས་སུ་བཀོད་པའི་རྩེད་ཆས་དེ་རིགས་ཀྱི་རིན་གོང་མི་མཐོ་བའི་ཁར་མི་རྣམས་ཀྱིས་དགའ་བསུ་འདི་འདྲ་བྱེད་པ་ཡིད་ལའང་མ་དྲན།”“བྲོ་བ་དྲུག་ལྡན་གྱི་སི་རི་ལན་ཁའི་ཇ་དམར་ཚང་མ་བཙོངས་ཟིན”“སང་ལོར་ང་ཚོས་འགྲེམས་གནས་དེ་བས་ཆེ་བ་ཞིག་རེ་ཞུ་བྱེད་རྒྱུ་ཡིན།”
ད་སོ་མ་མཇུག་བསྡུས་མ་ཐག་པའི2022ལོའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་སྟེང་། ཀྲུང་གོའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རས་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཚོང་པ་མང་པོའི་ཡིད་དབང་འཕྲོག་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་བསྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་བསྟུན་ནས་ཀྲུང་གོའི་ཁྲོམ་རའི་སྦས་ཤུགས་རྒྱུན་འཆད་མེད་པར་སྐུལ་སྤེལ་གཏོང་བཞིན་ཡོད་པའི་མཚུངས་སུ།འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད།
འདི་ནི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ལག་ཏུ་ཡོད་པའི་འགྱིག་རྡེའུ་འཇོག་མཁན་སྔོན་མ་ཡིན། དུས་རབས་ཀྱི་རིམས་ནད་གློ་བུར་དུ་བྱུང་བས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཕོག་ཐུག་ཚབས་ཆེན་ཐེབས། 2020ལོའི་ཟླ3པའི་ཟླ་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ཀྲེ་ཅང་དུ་ལས་ཐོན་སླར་གསོ་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས།
སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་ཕེབས་ལམ་རིང་མོའི་ཁྲོད་དུ་གཟིགས་མོལ་མཛད་ཅིང་ཐུགས་བསམ་གནང་སྟེ།“ང་ལ་ཚོར་སྣང་ཞིག་བྱུང་བ་ནི་ད་ལྟའི་གནས་བབ་སྔོན་ཆད་དང་གཏན་ནས་མི་འདྲ་བར་ནང་འདྲེན་ཕྱིར་གཏོང་གི་ཁོར་ཡུག་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ཡོད་པས་ངེས་པར་དུ་གནས་བབ་གསར་པར་གཞིགས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་གསར་པ་འདོན་དགོས་ཀྱི་འདུག”ཅེས་གསུངས།
2020ལོའི་ཟླ4ཚེས10ཉིན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོག་མར་བཏོན་པ་རེད།།
དེའི་རྗེས་ཀྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་བསྐྲུན་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་ཁྲོད།“སྟོབས་དང་ལྡན་པའི་རྒྱལ་ནང་གི་ཚོང་ར་གྲུབ་པར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་བསྐྲུན་བྱེད་དགོས་”ཞེས་པའི་ཆེད་དོན་རྒྱས་བཤད་བྱས་ཡོད།
སྤྱི་ཡོངས་ལ་དམིགས་པ་དང་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་ཆེད་དུ་འཐབ་འདོན་ཇུས་འགོད་གནང་།
“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་བཏོད་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་བསྐྲུན་བྱེད་པའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས།”“ནང་མཁོ་རྒྱ་བསྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་རྩ་དེ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཐབས་ལམ་ནུས་ལྡན་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།”“ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་ནན་བཤད་བྱེད་པ་ནི་སྒོ་མོ་བརྒྱབ་ནས་འཛུགས་སྐྲུན་བྱེད་པ་ཞིག་མིན་པར་མུ་མཐུད་དུ་སྒོ་འབྱེད་རྒྱ་བསྐྱེད་དུ་གཏོང་རྒྱུ་དེ་ཡིན།”
རྒྱལ་ནང་གི་རྟོག་ཞིབ་བཞུགས་མོལ་ཡིན་ནའང་འདྲ་རྒྱལ་སྤྱིའི་ཚོགས་འདུར་ཞུགས་ནའང་འདྲ། གང་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུའི་ཐད་འཆད་འགྲེལ་དང་བཀོད་སྒྲིག་ཐེངས་མང་གནང་ཡོད།
ནང་མཁོའི་མ་ལག་སྐྱེད་སྲིང་དང་འཐུས་ཚང་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་སྦྲེལ་མཐུད་ཀྱི་མཁོ་སྤྲོད་འབྲེལ་ཐག་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱེད་དགོས། ཤུགས་རྒྱག་ས་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་དགོས།
《ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་ནས། 《འཕེལ་རྒྱས་ཀྱི་གནས་བབ་གསར་པ་གང་མགྱོགས་ཀྱིས་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་གྲོས་འཆམ་བྱུང་། ཀོང་ཀྲིག་ཏུ་བསྡུས་པའི་ཀྲུང་གོའི་ཕྱིར་གཏོང་ཚོང་རྫས་བརྗེ་རེས་ཚོགས་འདུ་དང་ཀྲུང་གོའི་རྒྱལ་སྤྱིའི་ཉིན་རེའི་འཛད་སྤྱོད་དངོས་རྫས་འགྲེམ་སྤེལ་ཚོགས་འདུ། ཞབས་ཞུའི་ཉོ་འཚོང་བརྗེ་རེས་ཚོགས་འདུ།ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྤེལ་ཚོགས་འདུ་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གི་ཚོགས་འདུ་གལ་ཆེན་དག་རབ་དང་རིམ་པར་བསྡུས་པ་དང་།རང་མོས་ཉོ་འཚོང་བརྗེ་རེས་ཚོད་ལྟ་ཁུལ21ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་སྤུན་ཟླའི་འབྲེལ་བའི་གྲོས་ཆོད་དངོས་སུ་ལག་བསྟར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོགས་ཚོམས་རྒྱལ་ཁབ149ལྷག་ལ་རྒྱ་སྐྱེད་ཅིང་རྒྱལ་སྤྱིའི་རྩ་འཛུགས32མཉམ་དུ་བསྐྲུན་ཡོད། བཅོས་སྒྱུར་སྒོ་འབྱེད་ཐད་སྒུལ་ཤུགས་བསྣན་པས་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་རྒྱུན་འཆད་མེད་པར་ཆེ་རུ་ཕྱིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་རྒྱུ་དེ་ནི་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་རླུང་འཚུབ་དྲག་ཆར་དང་རྦ་རླབས་འཇིགས་སུ་རུང་བ་སྣ་ཚོགས་ཀྱི་ཁྲོད་དུ་ང་ཚོའི་འཚོ་གནས་ནུས་པ་དང་འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཆེ་རུ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་རྗེས་སུ་མི་ལུས་པ་དང་ཐ་ན་རྒྱུན་མི་ཆད་པ་འགན་ལེན་བྱེད་དགོས”ཞེས་ནན་གྱིས་གསུངས།
རྦ་རླབས་གཤགས་ཏེ་མདུན་དུ་སྐྱོད།ཁ་ལོ་སྒྱུར་ནས་ཕྱོགས་ངེས་འཛིན།
བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག དུས་བབ་དང་གནས་བབ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ།འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་གྱི་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་སྔར་ལས་འོད་སྟོང་ལྡན་པ་དང་གོམ་སྟབས་སྔར་ལས་ཇེ་བརྟན་དུ་གཏོང་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།