ཀྲུང་གོའི་བཅོས་སྐྱོང་ལ་རྣམ་པ་གསར་པ་མངོན།
2022.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 111

—ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བའི་སྐོར་གྱི་དཔྱད་གླེང་།

“ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ལ་ཁག་ཐེག་བྱེད་པ་བཅས་ཀྱི་རྩ་བའི་བླང་བྱ་ཞིག་རེད།”

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་སྤྱི་འདོམས་སྐུལ་འདེད་བཏང་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་པ། ཁྲིམས་སྐྱོང་གི་རྩ་བ་ཇེ་བརྟན་དུ་བཏང་བ་དང་། སྔོན་དཔག་བརྟན་ལ་ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་སྔར་ལས་འདོན་སྤེལ་བྱས་ལ། ཏང་གིས་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་སྒོས་ཆེ་རུ་བཏང་ཡོད།

“ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་སྲུང་གལ་ཆེན་ཡིན།”

“སྤྱི་དམངས་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་སྤྱོད་པའི་དབང་ཆ་ཡོད་པ་དང་། དེ་དང་ཆབས་ཅིག་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་རྣམས་ངེས་པར་དུ་བསྒྲུབ་དགོས།”

2021ལོའི་ཟླ12པའི་ཚེས3ཉིན། ཧྲན་ཞི་ཞིང་ལས་སློབ་ཆེན་ཐེ་ཀུའུ་སློབ་ཁུལ་གྱི་སློབ་ཆེན་སློབ་མ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་ཀློག་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི“རྩ་ཁྲིམས་ཞོགས་ཀློག”གི་བྱ་འགུལ་ནང་མཉམ་དུ་ཞུགས་པ་རེད། ལོ་རེའི་རྒྱལ་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”ནང་རྒྱལ་ཡོངས་ས་གནས་སོ་སོས་རྣམ་པ་སྣ་ཚོགས་དང་། ཁྱད་ཆོས་སྣ་ཚོགས་ལྡན་པའི་རྩ་ཁྲིམས་དྲིལ་བསྒྲགས་བྱ་འགུལ་སྤེལ་ནས་རྩ་ཁྲིམས་སློབ་སྦྱོང་བྱ་རྒྱུ་དེ་མི་སེམས་ཀྱི་ཟབ་སར་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

ཐེན་ཅིན་གྲོང་ཁྱེར་ཅིན་ནན་ཆུས་ཧའེ་ཧི་ཀུའུ་ཏའོ་སྤྱི་གླིང་གི་དམངས་དོན་ཁྲིམས་གཞུང་གི་བརྗོད་བྱ་གཙོ་བོའི་བར་ཁྱམས་སུ་གྲོང་མིས་བརྗོད་བྱ་གཙོ་བོའི་འགྲེམས་པང་ཐོག་གི་བཅའ་ཁྲིམས་ཀྱི་གྱོད་དཔེར་གྲོས་བསྡུར་བྱེད་བཞིན་པ།(2020ལོའི་ཟླ་8ཚེས་20ཉིན།)

འདས་སོང་ལ་ཕྱིར་མིག་གིས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མཇུག་བསྒྲིལ་མ་ཐག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་ལས་རིགས་སོ་སོས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས་ནན་གྱིས་བསྟན་དོན། “རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་དོ་དམ་ཁྲོད་ཀྱི་ཁྲིམས་སྐྱོང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་སྔར་ལས་དོ་སྣང་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་”ཞེས་གསལ་བོར་གསུངས།

བུ་རབས་ཚ་རྒྱུད་ལ་ཇུས་གཞི་འདོན་པ་དང་། ཡུན་རིང་འཕེལ་རྒྱས་ལ་ཇུས་གཞི་འདོན་དགོས། ཏང་ཀྲུང་དབྱང་གིས་སྔར་བྱུང་མ་མྱོང་བའི་ཆོད་སེམས་དང་བྱེད་ཐབས། ནུས་ཤུགས་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་ཡོད།

2014ལོའི་ཟླ10པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚོགས་འགོ་ཚུགས་ཤིང་། “ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ”དེ་ཏང་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ལོ་རྒྱུས་ཀྱི་གནས་ཚད་ཐོག་ཐེངས་དང་པོ་བཀོད་ཡོད།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དེ་ཐེངས་དང་པོར་རྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་སྒོ་ནས་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་མདུན་དུ་མངོན་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཡོད།

2020ལོའི་ཟླ11པར། ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོར་ཚོགས་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་ཁྲིད་བསམ་བློར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་རིང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དེ་དུས་རབས་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་ཁྲོད་ནས་བྱུང་བ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཉིན་རེ་བཞིན་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཛེས་སྡུག་ལྡན་པའི་ཁྲིམས་སྐྱོང་གི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད།

“གྲོས་འཆམ་བྱུང་།”

2020ལོའི་ཟླ5པའི་ཚེས28ཉིན། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཐལ་མོའི་རྡེབ་སྒྲ་དང་ལྷན་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་སྐོར་གྱི་ཁྲིམས་གཞུང》བཟོས་པ་རེད།

ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། “ཁྲིམས་གཞུང”གི་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་ཡིན་པའི་ཆ་ནས། “དུས་རབས་གསར་པའི་མི་དམངས་ཀྱི་ཁེ་དབང་གི་བསྒྲགས་གཏམ་ཡི་གེ”ཞེས་པའི་མཚན་སྙན་གནང་ཡོད་ཅིང་། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། མགྱོགས་མྱུར་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་པོ་ཡིན་པ་དང་། ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་གཞི་རྩའི་བྱེད་ཐབས་རེད། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་གང་ཅིའི་ཐད་ལ་ཁྲིམས་སྐྱོང་རྟེན་གཞིར་འཛིན་པ་དང་། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཁྲིམས་སྐྱོང་ལ་བརྟེན་ནས་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས།

བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་རླབས་ཆེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྩེ་རིམ་ཇུས་འགོད་དང་བཀོད་སྒྲིག་གལ་ཆེན་གནང་བ་རེད།

2021ལོའི་ལོ་འགོར། ཀྲུང་གུང་ཀྲུང་དབྱང་གིས《ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད(2020ལོ་ནས2025ལོ་བར)》པར་འགྲེམས་བྱས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཆེད་དོན་འཆར་འགོད་དང་པོའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ལ་ཕྱོགས་པའི་“ལམ་རིས”གསལ་པོར་མཐོང་ཐུབ།

2025ལོར་སླེབས་སྐབས། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་འགྱུར་སྲིད། རྩ་ཁྲིམས་ལྟེ་བ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རགས་ཙམ་ཆགས་སྲིད།

2035ལོར་སླེབས་སྐབས། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གཞི་རྩའི་ཆ་ནས་གྲུབ་ཟིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་སྲིད།

《ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད(2020ལོ་ནས2025ལོ་བར)》དང《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད(2021ལོ་ནས་2025ལོ་བར)》《ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད(2020ལོ་ནས་2025ལོ་བར)》བཅས་ཀྱིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི“ཀ་བཞི་གདུང་བརྒྱད”བསྐྲུན་ཡོད།

“འཆར་འགོད་གཅིག་དང་རྩ་གནད་གཉིས”ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་འཆར་འགོད་དང་། ལམ་རིས། ཨར་ལས་དཔེ་རིས་བཅས་གཏན་འཁེལ་བྱས་ཡོད་པས། དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་མཚོན་ཡོད།

《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་དང་སྤྱི་ཚོགས་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་པས། ཁྲིམས་འཛིན་བཅོས་སྒྱུར་བྱ་རྒྱུ་དེ་དྲང་གཞག་དང་ནུས་ཆེ། དབང་གྲགས་བཅས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་འབེན་ཕྱོགས་སུ་ཏན་ཏིག་ངང་སྐུལ་འདེད་བཏང་། ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་པའི“གཏན་འབེབས་གསུམ”པར་འགྲེམས་བྱ་རྒྱུ་བཀག་འགོག་བྱས་ནས། འགོ་ཁྲིད་ལས་བྱེད་པ་དང་ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་མི་སྣ་སོགས་ལ་ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་པའི“མཐོ་གནོན་གློག་སྐུད”ཇེ་མང་དུ་བཏང་བ་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་ངང་འགན་དབང་སྤྱོད་པའི་ལམ་ལུགས་ཀྱི་འགན་ལེན་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་། ཁྲིམས་ལྟར་ཞིང་ཆེན(གྲོང་ཁྱེར་དང་རྫོང)ཨུ་ཡོན་ལྷན་ཁང་ཁྱོན་ཡོངས་ནས་བཙུགས་ཏེ། ས་གནས་སོ་སོའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྩ་འཛུགས་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཡོད།

ལོ་ངོ་བཅུའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩེ་རིམ་ཇུས་འགོད་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཕན་ནུས་རྒྱུན་མི་འཆད་པར་ཆེ་རུ་བཏང་ཡོད།

“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།”

“ལྟོས་དང་། མཚོ་ཕག་གིས་རྐྱལ་རྩལ་ངོམ་བཞིན་ཐོན་བྱུང་།”

དབྱར་དུས་སུ། ཧུའུ་པེ་དབྱི་ཁྲང་ཀི་ཀྲིག་ཆུ་རགས་སྨད་རྒྱུད་ཀྱི་གཙང་པོའི་འགྲམ་དུ། མཚོ་ཕག་ཁྱུ་མང་པོས་རྐྱལ་རྩལ་ངོམ་བཞིན་རྩེད་འཇོ་རོལ་བཞིན་ཡོད།

མཚོ་ཕག་མང་པོ་མཐོང་བ་ལས་འབྲི་ཆུའི་སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་ཤེས་ཐུབ་ལ། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་སོགས་སྲུང་སྐྱོབ་བྱ་ཐབས་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་པ་དང་བསྟུན་ནས་གཙང་པོའི་མཚོ་ཕག་གི་རྒྱུད་དེ་ལོ་རེར་ཇེ་མང་དུ་ཕྱིན་ཡོད།

འབྲི་ཆུར་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གཏན་འཁེལ་གནང་བའི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། གྲངས་འབོར་ནས་སྤུས་ཚད་བར་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད།

ཁྲུང་ཆིན་གྲོང་ཁྱེར་བུའུ་ཞི་རྫོང་ཞིབ་དཔྱོད་ཁང་གིས་ཧྲའན་ཞི་ཞིང་ཆེན་ཀྲིན་ཕིན་རྫོང་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་བྱས་ནས་གྲུབ་པའི་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་བྱ་སྤྱོད་ཚོ་ཆུང་གིས་ཅི་ཞིན་ལིན་ས་ཁུལ་དུ་ཁོངས་གཏོགས་ཁུལ་གྱི་ཡུལ་མིར་ནགས་ལས་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་སྒྲོག་སྦྱང་བྱེད་བཞིན་པ།(2020ལོའི་ཟླ་4ཚེས་22ཉིན།)

ཁྲིམས་ཀྱི་རྩ་བ་ནི་སྐྱོང་རྒྱུ་དེ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པས། བྱ་བ་དངོས་ཀྱི་ཁྲོད་དུ་ངེས་པར་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་སྣེ་ཁྲིད་བྱེད་པའི་སྤྱིའི་བྱེད་ཐབས་ཅིག་ཡོད་དགོས། སྤྱིའི་བྱེད་ཐབས་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་མཚོན་ཆ་གལ་ཆེན་ཡིན་པ་དང་། བཅའ་ཁྲིམས་བཟང་པོ་ནི་བཅོས་སྐྱོང་བྱེད་མཁས་པའི་སྔོན་འགྲོ་ཡིན།

རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་བཙུགས་པ་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་བཙུགས་པ་ནས་རྒྱལ་གླུའི་བཅའ་ཁྲིམས་དང་། རྒྱལ་དར་གྱི་བཅའ་ཁྲིམས། རྒྱལ་རྟགས་ཀྱི་བཅའ་ཁྲིམས་བཅས་ལས་གྲུབ་པའི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་མཚོན་རྟགས་དང་མཚོན་རྟགས་དོན་འཁྱོལ་བྱེད་པའི་ལམ་ལུགས་གལ་ཆེན་གྲུབ་ཡོད། ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་དམངས་དོན་ཁྲིམས་གཞུང་ཐོག་མ་དེ་གྲོས་འཆམ་བྱུང་བ་ནས་ལྟ་ཞིབ་བཅའ་ཁྲིམས་དང་། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་སོགས་རྨང་གཞི་རང་བཞིན་གྱི་བཅའ་ཁྲིམས་གལ་ཆེན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་སོགས་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས2022ལོའི་ཟླ9པའི་བར། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས70གསར་དུ་བཟོས་པ་དང་། བཅའ་ཁྲིམས238ལ་བཟོ་བཅོས་བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་གྱི་ཆོད་དོན99ལ་བརྟེན་ནས་བཅའ་ཁྲིམས་ཀྱི་འགྲེལ་བཤད9བརྒྱབ་ཡོད། ད་ལྟའི་བར་སྤྱོད་བཞིན་པའི་ནུས་ལྡན་བཅའ་ཁྲིམས་བསྡོམས་པས293ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།

དྲང་སྙོམས་དྲང་བདེན་ནི་རྒྱལ་ཁབ་ཀྱི་རྨང་གཞི་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་གཞུང་དྲང་ཁྲིམས་འཛིན་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་བོར་བསྟན་དོན། ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་ཞུ་གཏུག་ལ་ལྟ་སྟངས་དྲང་གཞག་བཟུང་ནས། ཁྲིམས་འཛིན་གྱོད་གཞི་རེ་རེ་ལས་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་དུ་འཇུག་དགོས་པ་ལས། དྲང་གཞག་མིན་པའི་འདྲི་གཅོད་ཀྱིས་མི་དམངས་མང་ཚོགས་ཀྱི་བརྩེ་སེམས་ལ་གནོད་འཚེ་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏན་ནས་གཏོང་དུ་འཇུག་མི་རུང་ཞེས་བསྟན་ཡོད།

“ཐོག་མའི་འདྲི་ཞིབ་ཀྱི་ཞུ་སྦྱོར་ཕྱི་མ་ཉེ་ཧྲུའུ་པིན་ལ་ཉེས་པ་མེད།”

2016ལོའི་ཟླ12པའི་ཚེས2ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་གཉིས་པས་དུས་ཡུན་ལོ21རིང་གི་ཉེ་ཧྲུའུ་པིན་གྱི་གྱོད་གཞིའི་མ་ཉེས་ཁག་གཡོགས་ཀྱི་ནོར་འཛོལ་གྱོད་དོན་དཀར་འདོན་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཁྲིམས་འཛིན་ལས་ཁུངས་ཀྱིས་དངོས་ཐོག་བདེན་འཚོལ་དང་ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཉེ་ཧྲུའུ་པིན་གྱི་གྱོད་གཞི་དང་། ཧུའུ་ཀི་ཅི་ལི་ཐུའུ་ཡི་གྱོད་གཞི། ཀྲང་ཡུས་ཧོན་གྱི་གྱོད་གཞི་སོགས་ཉེས་དོན་མ་ཉེས་ཁག་གཡོགས་ཀྱི་ནོར་འཛོལ་གྱོད་གཞི་ཁྲིམས་ལྟར་དཀར་འདོན་བྱས།

གང་དུ་གནད་དོན་བྱུང་ན་བཅོས་སྒྱུར་གྱི་ཁ་ཕྱོགས་ཀྱང་དེ་ལ་ཕྱོགས་དགོས།

ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཞེས་པའི“སྣ་ཐག”གིས་དམ་པོར་ཁྲིད་དེ། “འདྲི་ཞིབ་བྱེད་མཁན་ཤན་འབྱེད་པ་ཡིན་པ་དང་ཤན་འབྱེད་པས་འགན་འཁུར་བའི”སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། འདྲི་གཅོད་ལྟེ་བར་བྱེད་པའི་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྱོད་གཞི་ནོར་འཛོལ་ཅན་ཤེས་རྟོགས་དང་ཡོ་བསྲང་། སྔོན་འགོག འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་ལས་ཁུངས་ཀྱི་རྣམ་པ་གསར་བར་བསྒྱུར་བ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་འདྲི་གཅོད་སྤུས་ཚད་དང་ནུས་པ་མངོན་གསལ་སྒོས་མཐོ་རུ་གཏོང་བ་བཅས་བྱེད་དགོས།

ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་ཀུང་ཧྲན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཏིན་ཞིན་གྱིས་རྒྱལ་རྟགས་ཁུར་ནས་ལས་གྲོགས་ཚོ་དང་མཉམ་དུ་རྒྱ་མོ་རྔུལ་ཆུ་སྒྲོལ་བ།(2019ལོའི་ཟླ་8ཚེས་30ཉིན།)རི་མཐོའི་གྲོག་རོང་དུ་སྡོད་པའི་ཞིང་སྡེའི་མང་ཚོགས་ལ་སྟབས་བདེ་ཡོང་ཆེད། ཏིན་ཞིན་དང་ལས་གྲོགས་ཚོས་རྒྱལ་རྟགས་ཁུར་ནས་སྐོར་སྐྱོད་ཁྲིམས་ར་བཙུགས་པ་རེད། ལོ་རེར་སྡེ་བ་དང་གྲོང་རྡལ་50ལྷག་ཙམ་ལ་བསྐྱོད་ཀྱིན་ཡོད་པ་དང་ལམ་ཐག་སྤྱི་ལེ་ཁྲི་ཙམ་ཟིན་གྱིན་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་རས་བདག་སྐྱོང་བྱེད་ཁོངས་ཡོངས་སུ་ཁེབས་ཡོད་པས། མང་ཚོགས་ཀྱིས“སྒོ་འགྲམ་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང”ཞེས་འབོད་ཀྱིན་ཡོད། འདྲི་གཅོད་ལས་རིམ་ཡོངས་བསྒྲགས་དང་། ཁྲིམས་རའི་འདྲི་གཅོད་བྱེད་སྒོ་ཡོངས་བསྒྲགས། ཁྲིམས་གཅོད་ཡིག་རིགས་ཡོངས་བསྒྲགས། ལག་བསྟར་ཆ་འཕྲིན་ཡོངས་བསྒྲགས་བཅས་ལས་སྟེགས་ཆེན་པོ་བཞི་ཁྱོན་ཡོངས་ནས་བསྐྲུན་ཏེ། སྤྱི་དམངས་ལ་གནས་ཚུལ་ཤེས་རྟོགས་བྱེད་དབང་མངོན་འགྱུར་ཐབས་ལམ་སྔར་ལས་མང་པོ་ཡོད་པར་བྱས།

དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། “ཞིབ་དཔྱོད་ཆེན་པོ་བཞི”ཡི་འགན་ནུས་སྒྲུབ་པར་སྐུལ་འདེད་བཏང་ཡོད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་མི་སྣས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་བཅའ་ཁྲིམས་འདྲི་རྟོག་ལ་ལན་འདེབས་བཞིན་པ།(2021ལོའི་ཟླ8པའི་ཚེས7ཉིན།) པད་མ་རྫོང་ནི་མཐོ་སྒང་དུ་གནས་ཤིང་། རི་མཐོ་ལུང་ཟབ་ཡིན་ལ་མང་ཚོགས་ཀྱི་སྡོད་གནས་ཐར་འཐོར་ཡིན། ཉེ་བའི་ལོ་འགའི་རིང་ལ། པད་མ་རྫོང་མི་དམངས་ཁྲིམས་ཁང་ཡུལ་ཚོ་དང་གྲོང་རྡལ་སོ་སོར་བསྐྱོད་དེ་སྐོར་སྐྱོད་ཁྲིམས་ར་ནགས་ཚལ་དང་རྩྭ་ཐང་དུ་སྤོས་པ་དང་། འབྲོག་པའི་སྒོ་འགྲམ་དུ་གཏུག་བཤེར་གྱི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། ད་དུང་གྱོད་གཞི་བཤད་པ་དང་འདྲ་བཟོས་ཁྲིམས་ར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བཅའ་ཁྲིམས་བློ་འདྲི་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད།

བཅོས་སྒྱུར་བྱེད་ཐབས་མུ་འབྲེལ་ནས་ཡོད་པ་དང་། གོམ་སྟབས་སྔར་ལས་ཇེ་མགྱོགས་དང་ནུས་ཤུགས་སྔར་ལས་ཇེ་ཆེར་སོང་ཞིང་། དྲང་སྙོམས་དྲང་བདེན་གྱི་འགོག་སྲུང་འཛིང་རགས་མཐའ་མ་སྲུང་སྐྱོབ་ལེགས་པོ་བྱ་དགོས། ཁྲིམས་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་བཅའ་ཁྲིམས་མ་ལག་ནས་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་རིམ་པ་སོ་སོ་འདུས་པའི་ཁྲིམས་སྐྱོང་མ་ལག་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ཡོད།

“མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་མི་འཆད་པར་ཆེ་རུ་གཏོང་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་རེ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས”ཞེས་བསྟན་ཡོད།

ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་ཞིང་། འདི་ནི་ཁྲིམས་སྐྱོང་ཀྲུང་གོའི་དམིགས་འབེན་དང་ཁྲིད་སྟོན་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་འགན་སྲུང་བཅས་བྱས་ཏེ་མི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་དད་སེམས་གཅིག་ཏུ་འགྲིལ་ཡོད།

2021ལོའི་ཟླ10པའི་ཉིན་ཞིག ཧྲང་ཧའེ་རུ་ལོ་མང་པོའི་རིང་བྱ་བ་སྒྲུབ་མཁན་ཧོང་ཧོས་ཧ་ཅང་དགའ་པོ་བྱུང་ཡོད། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཁྲང་ཉིན་ཡན་ལག་ཅུའུ་ཅང་སུའུ་ལམ་མངགས་གཏོང་ཁང་དུ། ཁོ་མོས་ཁྱིམ་ཐོ་ས་ཆ་གཞན་དུ་ཡོད་པའི་བྱིས་པར་ཐོབ་ཐང་ལག་ཁྱེར་བླངས་ཡོད།

ཧྲང་ཧའེ་ཡིས་བཏོན་པའི“ཞིང་ཆེན་བརྒལ་ནས་ཐད་ཀར་གཉེར་བའི”རྣམ་གྲངས་ཀྱིས་འབྲི་ཆུའི་ཟུར་གསུམ་ས་ཁོངས་ནང་གི་ཁྱིམ་ཐོའི་གྲོང་མིའི་ཡུལ་གཞན་དུ་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་སྔར་ལས་སྟབས་བདེ་བའི་ཞབས་ཞུ་མཁོ་འདོན་བྱས་ཡོད།

ཁྲིམས་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྦྱིན་ནས“ཀྲུང་གོའི་བཅོས་སྐྱོང”སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

“ཡ་མཚན་ཆེ་བའི་དཔང་རྟགས”ལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་ཏེ་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། ཁྲིམས་འཛིན་ཚད་ལྡན་ནན་མོ་བཟོས་ནས་དབང་ཆར་སླར་ཡང“རང་འདོད”མི་བྱེད་པ། སྲིད་འཛིན་ཐབས་ཇུས་ཀྱི་གོ་རིམ་གལ་ཆེན་དོན་འཁྱོལ་བྱེད་པ། སྲིད་འཛིན་ཐབས་ཇུས་ལག་བསྟར་དང་དཔྱད་འཇོག་ལ་ཤུགས་སྣོན་རྒྱག་པ་སོགས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་དེ་རིམ་སོ་སོའི་སྲིད་གཞུང་གི་མཚོན་རྟགས་མངོན་གསལ་ཞིག་ཏུ་གྱུར་ཡོད།

དེ་སྔོན“སྒོ་འཛུལ་དཀའ་བ”དང“བྱ་བ་བསྒྲུབ་དཀའ་བའི”གནས་ཚུལ་ཡོད་པས། མང་ཚོགས་ཀྱིས་ཁྲིམས་འཛིན་ལས་ཁུངས་ལ་ཕྱིར་བཤོལ་བྱས་ཚེ་ཇི་ལྟར་བྱེད་དགོས་སམ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུན་འཁྱོངས་དང་། ཁྲིམས་འཛིན་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སྤྲོ་སེམས་འཁོལ་བའི་ངང་ཞབས་འདེགས་ཞུ་བ་བཅས་བྱས་ནས། མང་ཚོགས་ཀྱིས་གཏུག་བཤེར་རྒྱག་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་པ་དང་། ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་གསལ་པོར་བསྟན་ཡོད།

ཧྥུའུ་ཀྲིག་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་དམངས་ཕན་ཞབས་ཞུའི་སྐར་ཁུང་དུ་རླངས་འཁོར་བོགས་གཏོང་ཁེ་ལས་ཀྱི་འཐུས་མིས་ལས་སྒོ་གཉེར་བཞིན་པ།(2019ལོའི་ཟླ8པའི་ཚེས26ཉིན།)

མང་ཚོགས་ཀྱི“དཀའ་ཉེན་དང་རེ་སྒུག”ལ་དམིགས་ཏེ། ཁྲིམས་འཛིན་བཅོས་སྒྱུར་གྱི་བྱེད་ཐབས་རེ་རེ་འབེན་ལ་ཕོག་དགོས།

གྱོད་ཐོ་འགོད་པའི་ལམ་ལུགས་བཅོས་སྒྱུར་བྱས་ནས་མང་ཚོགས་ཀྱི“གྱོད་ཐོ་འགོད་དཀའ་བ”སེལ་ཐབས་བྱས་པ་དང་། ད་ལོའི་ཟླ6པའི་བར་དུ། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་སྔ་རྗེས་སུ་ཐོ་འགོད་བྱས་པའི་གྱོད་གཞི་ཁྲི13837.17ཟིན་ཞིང་། ཆ་སྙོམས་བྱས་ན་རང་སར་གྱོད་ཐོ་འགོད་ཚད་བརྒྱ་ཆའི95.7ཟིན་ཡོད། 2017ལོའི་ཟླ7པ་ནས2022ལོའི་ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྲི་67ལྷག་ཙམ་ཐོ་འགོད་བྱས་པ་རེད།

མི་དམངས་ཁྲིམས་ཁང་གིས“ལག་བསྟར་བྱེད་དཀའ་བ་གཞི་རྩའི་ཆ་ནས་ཐག་གཅོད་བྱ་རྒྱུ”ཁྱབ་བསྒྲགས་བྱས་ནས། ཁྲིམས་ལྟར་ཞུ་གཏུག་ལས་རྒྱལ་ཁ་ཐོབ་པའི་དོ་བདག་གི་ཁེ་དབང་དུས་ཐོག་ཏུ་མངོན་འགྱུར་ཡོང་བར་འགན་སྲུང་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་གྱིས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་དང་མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བ་སྲུང་སྐྱོབ་བྱས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་གཞུང་དྲང་དང་ཡ་རབས་ངང་ཁྲིམས་འཛིན་ནན་མོ་བྱས་ནས་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོས། “མི་ཚང་མས་ལོངས་སྤྱོད་ཐུབ་པའི”དེང་རབས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཞབས་ཞུ་དོ་སྙོམས་ཅན་དང་སྣེ་མང་ཅན། ཆེད་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཁྲིམས་འཛིན་ཁྲིམས་སྐྱོང་ལས་ཁུངས་ཀྱིས་འཕྲལ་མར་བཅོས་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་དད་མོས་དང་ཁྲིམས་སྐྱོང་ལ་ཡིད་ཆེས་བྱེད་ཤུགས་རྒྱུན་འཆད་མེད་པར་ཆེ་རུ་བཏང་ཡོད།

ཨན་ཧོས་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ས་ཁུལ་གྱི་མིན་ཀྲུའུ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པས་མིན་ཀྲུའུ་སློབ་ཆུང་གི་སློབ་མ་ཚོར་རྩ་ཁྲིམས་ཤེས་བྱ་འགྲེལ་བཤད་བྱེད་བཞིན་པ།(2018ལོའི་ཟླ་12པའི་ཚེས3ཉིན།)

“གཤམ་སྤྲོད་དང་དོ་དམ། ཞབས་ཞུ”བཅས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ར་སྤྲོད་དོན་ཚན་ཁག་ཁྲི2.1ལྷག་གཙང་བཤེར་བྱེད་པར་སྐུལ་འདེད་བཏང་ཞིང་། “ཡ་མཚན་ཆེ་བའི་བདེན་དབང”དང“བསྐྱར་ཟློས་བདེན་དབང”སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

ཧི་པེ་ཧིན་ཧྲོས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ལིག་ཞའོ་མིན་གྱིས་ཧིན་ཧྲོས་སློབ་འབྲིང་དུ་སློབ་མ་ཚོར་རྩ་ཁྲིམས་ཤེས་བྱ་འགྲེལ་བཤད་བྱེད་བཞིན་པ།(2020ལོའི་ཟླ12པའི་ཚེས4ཉིན།)

“སུ་ཞིག་གིས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྩ་གནད་གཏན་འབེབས་བྱེད་པ། ཞིང་སྡེའི“བཅའ་ཁྲིམས་ཤེས་མཁན”གསོ་སྐྱོང་བཟོ་སྐྲུན་ལག་བསྟར་བཅས་བྱས་ཏེ། “བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་བདེ་བླག་ཏུ་འགྲུབ་པ་དང་། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མངོན་གསལ་སྒོས་མཐོ་རུ་འགྲོ་བར་བྱ་དགོས།

ཁྲིམས་སྐྱོང་དར་ན་མི་རིགས་དར། ཁྲིམས་སྐྱོང་སྟོབས་ན་རྒྱལ་ཁབ་སྟོབས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲིམས་སྐྱོང་ཀྲུང་གོ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་རུ་ཕྱིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།