ནམ་མཁའ་སྔོ་ཞིང་ས་གཞི་ལྗང་ལ་ཆུ་མོ་དྭངས་པའི་མཛེས་སྡུག་གི་ཁྱིམ་གཞི་ཞིག་འཛུགས་སྐྲུན་བྱེད་དགོས།
2022.09.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

---ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དཔྱད་བརྗོད།

“ང་ཚོས་མི་དམངས་མང་ཚོགས་ཀྱི་སེམས་ལ་གང་བསམ་དང་། རེ་བ་གང་བྱེད། སེམས་ཁྲལ་གང་ཆེ་བཅས་ལ་ཡ་ལན་ཧུར་ཐག་བསློགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་མཁོ་སྤྲོད་བྱས་ཏེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་འཆད་མེད་པར་བསྐོང་དགོས།”

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་ཡོད་མ་མྱོང་བའི་ནུས་ཤུགས་བཀོལ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་བྱས་པས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཇེ་དྲག་ཏུ་ཕྱིན་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཆེན་པོ་སྤོས་ཤིང་། ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་ལ་ཆུ་མོ་དྭངས་པའི་མཚར་སྡུག་ལྡན་པའི་ཡུལ་ལྗོངས་གསར་བ་ཞིག་མངོན་ཡོད་པ་རེད།

“ཁོར་ཡུག་ནི་དམངས་ཚིས་ཡིན་ཞིང་། རི་ཀླུང་ནི་མཛེས་སྡུག་ལྡན་ལ། ཨ་སྔོན་ཡང་བདེ་སྐྱིད་ཡིན།”

རྒྱང་ནས་བལྟས་ཚེ་གཡུ་མདོག་རི་ཚོགས་མུ་འཁྱུད་བསྟར་ལ་བརྒྱུས། ཉེ་བར་བཅར་ཚེ་རླབས་ཕྲེང་སྔོན་མོའི་ཟིལ་བ་མཁའ་རུ་གཏོར། སྟོན་དུས་ཀྱི་ཏ་ལི་མཚོ་མོའི་མཛེས་ཉམས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་འཕྲོག་ངེས། ཏ་ལི་མཚོ་ལ་ཡུན་ནན་ཞིང་ཆེན་ཏ་ལི་པ་ཡིས“མ་ཡུམ་མཚོ་མོ”ཞེས་འབོད་ཅིང་། ཡུན་རིང་བོར་སྦགས་བཙོག་ཐེབས་པའི་རྐྱེན་གྱིས་མཚོ་ཆུའི་སྤུས་ཚད་མི་ལེགས་པར་གྱུར་ཡོད།

2015ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ཏ་ལི་མཚོ་འགྲམ་དུ་ཕེབས་ཏེ་སྐྱེ་ཁམས་དང་བརླན་སར་སྲུང་སྐྱོབ་བྱས་པའི་ཐད་ལ་ཐུགས་ཟབ་མོས་གཟིགས་ཞིབ་གནངས་ཤིང་། ཏ་ལི་མཚོར་སྲུང་སྐྱོབ་བྱས་པའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས། ངེས་པར་དུ་ཏ་ལི་མཚོ་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན་པ་དང་།“པིར་གྱིས་མ་བྲིས་རི་ཀླུང་མཛེས་པའི་རིས་སུ་སྣང་། ། རྒྱུད་མང་མ་དཀྲོལ་ཏ་ལི་མཚོ་མོའི་རླབས་སྒྲ་སྙན། །”ཞེས་པ་ལྟར་རང་བྱུང་གི་མཛེས་ལྗོངས་མི་ཡུལ་དུ་གཏན་དུ་གནས་ཐུབ་པར་གྱུར།

མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་པ་བརྒྱུད། ད་ལོའི་ལོ་སྟོད་དུ་ཏ་ལི་མཚོ་ཡི་དྭངས་ཚད་དེ་ལོ10རིང་གི་ཆེས་བཟང་པའི་ཆུ་ཚད་དུ་སླེབས་ཡོད། “མིག་མདུན་གྱི་ཏ་ལི་མཚོ་ཉིན་རེ་བཞིན་ཇེ་དྭངས་སུ་འགྲོ་བ་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ད་གཟོད་རྟོགས་བྱུང་།” ཏ་ལི་ཀུའུ་ཧྲིན་སྡེ་བའི་སྡེ་མི་ཧི་ལིས་ཁྲིན་གྱི་འགྲུལ་ཁང་རེ་ཞིག་སྒོ་གཏན་ནས་དག་ཐེར་རིམ་འཕར་བྱས་པ་དང་། ལས་གཉེར་སླར་གསོ་བྱས་རྗེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་བསུ་བཞིན་ཡོད།པར་འདི་ནི་ཡུན་ནན་ཏ་ལིའི་ཏ་ལི་མཚོ་དང་དེའི་ཉེ་འདབས་ཀྱི་སྡེ་བའི་མཛེས་ལྗོངས་རེད།

སྐྱེ་ཁམས་དར་ན་དཔལ་ཡོན་དར། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་བུའི་སྟེང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ངེས་པར་དུ་དྲིས་ལན་འདེབས་དགོས་པ་ཞིག་ཏུ་གྱུར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པའི་ནང་བཞག་སྟེ།“མཛེས་སྡུག་གི་ཀྲུང་གོ”དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རྒྱང་རིང་དམིགས་འབེན་ཞིག་ཏུ་གྱུར་བ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང“སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ”དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་གྱི་གྲས་གཅིག་ཏུ་བཞག་ཡོད།

སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་ཀུན་ཕན་གྱི་དམངས་ཚིས་བདེ་རྩ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁོར་ཡུག་ནི་དམངས་ཚིས་ཡིན་ཞིང་། རི་ཀླུང་ནི་མཛེས་སྡུག་ལྡན་ལ། ཨ་སྔོན་ཡང་བདེ་སྐྱིད་ཡིན”ཞེས་བསྟན་ཡོད།

རི་ཚོགས་ཀྱིས་ཀུན་ནས་བསྐོར་ཞིང་སྨུག་པ་ལ་ལུང་འཁྱིལ་བའི་ཧྥུའུ་ཅན་ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ལྟེ་བའི་ཐུང་མུའུ་སྡེ་བའི་མཛེས་ལྗོངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་ཤུགས་བཏོན་ཡོད།

ཐོན་ལས་རིམ་འཕར་དང་། ཐོར་ཟིང་བཙོག་གསུམ་གྱི་ཁེ་ལས་ལ་ཁྱོན་ཡོངས་ནས་དག་ཐེར་བྱེད་པ། ཐོན་ནུས་རྗེས་ལུས་ཅན་མེད་པར་བཟོ་བ་ཇེ་མགྱོགས་སུ་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། གྲོང་ཁྱེར་གྱི་བཙོག་ཆུའི་སྦུག་ལམ་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ལ་སྐུལ་འདེད་བཏང་ནས་བཙོག་ཆུ་ཐག་གཅོད་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་བ།  ནུས་ཁུངས་སྤོ་སྒྱུར་བྱེད་པ། དྭངས་གཙང་དྲོད་ལེན་སྒྱུར་བཀོད་བྱས་ནས་རྡོ་སོལ་གྱི་སྦགས་བཙོག་ཇེ་ཉུང་དུ་གཏོང་བ། སླར་སྐྱེ་ཐུབ་པའི་ནུས་ཁུངས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས།

སྔོན་ཆད་སྨུག་རྡུལ་གྱིས་གཡོགས་པའི་ནམ་མཁའ་རིམ་གྱིས་དྭངས་པར་གྱུར། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་རྡུལ་ཕྲན་གྱི་ཆ་སྙོམས་འདུས་ཚད་དེ2015ལོའི46ཝེ་ཁི/རྨིད་རྒྱ་དཔངས་གྲུ་བཞི་མ་ནས2021ལོར30ཝེ་ཁི/རྨིད་རྒྱ་དཔངས་གྲུ་བཞི་མ་བར་མར་ཆག་པ་དང་། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད87.5%སླེབས་ཡོད།

ཆུའི་ཁོར་ཡུག་གི་སྤུས་ཚད་ལ་དཀྱོག་མཚམས་རང་བཞིན་གྱིས་འགྱུར་ལྡོག་བྱུང་། 2021ལོར་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་ལེགས་པའི་ཆད་ངོས་ཀྱི་བསྡུར་གྲངས84.9%སླེབས་པ་དང་། དེ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་ལ་ཉེ་བ་རེད།

“རི་ཆུ་ནགས་ཞིང་དང་མཚེའུ་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན”པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རི་ཆུ་ནགས་ཞིང་དང་མཚེའུ་ལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དང་། གཅིག་གྱུར་སྒོས་ཉམས་གསོ་བྱ་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད”ཅེས་གསུང་པ་དང་།  དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅིས་ཡང་བསྐྱར“རྩྭ་ཐང”དང“བྱེ་མ”གཉིས་དེའི་ནང་བཞག་སྟེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོར་འདེགས་གཏོང་དགོས།

པར་འདི་ནི་ཧི་པེ་པའེ་དབྱང་ཏེན་ཏེན་ཆུའུ་ནས་བླངས་པའི་བྱ་གག་བག་ལ་རྩེན་པའི་རྣམ་པ་རེད།

ད་ལྟ། རང་རྒྱལ་གྱི་རྒྱལ་ཁབ་ས་ཁོངས་རྒྱ་ཁྱོན་གྱི25%ལྷག་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ཏུ་ཚུད་དེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་ཀྱི་སྐོར་ཐེངས་དང་པོའི་རྒྱལ་ཁབ་སྤྱི་གླིང་5བཙུགས་ནས། སྐམ་སའི་སྐྱེ་ཁམས་མ་ལག་རིགས90%དང་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གཙོ་བོར་བྱེད་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་ཁྱུ་ཚོགས74%ལ་ཕན་འབྲས་ལྡན་པའི་སྲུང་སྐྱོབ་འདོན་སྤྲོད་བྱས་ཡོད། རྒྱལ་ཡོངས་སུ་ནགས་ཀྱི་ཁེབས་ཚད24.02%ལ་རིམ་འཕར་བྱུང་བ་དང་། ས་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་གཞིའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་ནས་ཡོད་ཚད་ལྗང་མདོག་གིས་རི་ཀླུང་བརྒྱན་ཡོད།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཁོངས་ཀྱི་རྣམ་སྲས་གྲོག་རོང་ཆེན་མོ་རུ་རྫ་ཆུ་བཞུར་བཞིན་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་མཛེས་པ་ཞིག་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད།

“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”

སྨྱུག་མའི་ནགས་ཀློང་རྒྱས། ། པད་མའི་དྲི་ངད་ལྡང་། ། གང་སར་མཛེས་པ་མངོན། ། འདི་ནི་ཡུལ་སྐོར་བས་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཡུས་སྡེ་བ་ནས་མཐོང་བའི་མཛེས་ལྗོངས་རེད།

མཁའ་དབྱིངས་ནས་ཀྲེ་ཅང་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་ཡུས་སྡེ་བ་པར་བླངས་པའི་རྣམ་པ།

“རི་སྔོ་ཆུ་དྭངས་ནི་ང་ཚོའི་གནས་འདི་རུ་གསེར་རི་དངུལ་རིར་གྱུར་ཡོད་ལ། ང་ཚོའི་དོན་དངོས་ཀྱི་བདེ་སྐྱིད་ཅིག་ཏུའང་གྱུར་ཡོད” ཅེས་ཁྲུང་ལིན་རི་གྲོང་ཞིང་བའི་སྤྲོ་ཁྱིམ་ཁང་གི་སྦྱིན་བདག་ཕན་ཁྲུང་ལིན་གྱིས་དེ་ལྟར་བཤད།

“འཕེལ་རྒྱས”གཏོང་དགོས་སམ་ཡང་ན“སྲུང་སྐྱོབ”བྱེད་དགོས། དེ་ནི་སྔོན་ཆད་ཐེ་ཚོམ་གྱི་གནས་སུ་ལྷུང་བའི་ཡུས་སྡེ་བའི་མི་རྣམས་ལ་འཕྲད་པའི་དཀའ་གནད་ཅིག་རེད། 2005ལོའི་ཟླ8པར། སྐབས་དེར་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་ཡུས་སྡེ་བར་རྟོག་དཔྱོད་དུ་ཕེབས་ཤིང་། ཁོས་ཆེས་ཐོག་མར“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ཆོད་གཏམ་གལ་ཆེན་འདི་བཏོན་པ་རེད།

ཡུས་སྡེ་བས་ལྗང་མདོག་སླར་གསོ་དང་གཏེར་རི་བཅོས་སྐྱོང་། བཙོག་ཆུ་དང་གད་སྙིགས་གཙང་སེལ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས། ཇ་དཀར་པོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་སུ་བཏང་སྟེ། “རྡོ་འཚོང་བ”ནས“ཡུལ་ལྗོངས་ངོམས་བའི”བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

2020ལོའི་ཟླ3ཚེས30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་ཡུས་སྡེ་བར་འཚམས་འདྲིར་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས“དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་གཏོར་བརླག་གི་རིན་དོད་བྱེད་མི་རུང་བ་དང་། སྐྱེ་ཁམས་ཉིད་མ་གཞི་ནས་དཔལ་འབྱོར་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བ་ཡིན་པར་ལག་ལེན་ཁྲོད་ནས་ར་སྤྲོད་བྱས་ཡོད”ཅེས་ནན་གྱིས་བསྟན་པ་རེད།

རི་གྲོང་གི་སྡེ་བ་ཆུང་ཆུང་ཞིག་འདི་ལྟར་ཡིན་ལ་རྒྱལ་ཁབ་ཅིག་ཀྱང་དེ་ལྟར་ཡིན།

སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་དངོས་རྫས་མེད་པས། བེད་སྤྱོད་བྱེད་སྐབས་ཚོར་ཐབས་བྲལ་ཡང་། ཤོར་བའི་དུས་ན་ཉར་དཀའ་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད་པས། ས་གནས་སོ་སོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་དང་སྲུང་སྐྱོབ་མཐུན་སྦྱོར་མཉམ་གནས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

གཙང་པོ་དྭངས་ཤིང་འགྲམ་གཉིས་ལྗང་མདོག་ཏུ་སྣང་། མཛེས་སྡུག་ལྡན་པའི་ཀོས་ལིན་རི་ཆུ་ནི་རང་བྱུང་ཁམས་ཆེན་མོས་ཀྲུང་ཧྭ་མི་རིགས་ལ་བསྩལ་བའི་གནས་མཆོག་ཅིག་ཡིན།

པར་འདི་ནི2021ལོའི་ཟླ4ཚེས25ཉིན་བླངས་པའི་ལི་གཙང་བོའི་ཀོང་ཤིས་དབྱང་ཧྲོ་ཡི་དུམ་མཚམས་ཞིག་ཡིན།

2021ལོའི་ཟླ4པར།  ཏག་ཏག་ཀོང་ཞི་རུ་རྟོག་དཔྱོད་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལི་གཙང་བོའི་འགྲམ་དུ་ས་གནས་དེ་གའི་འགན་འཁུར་བློ་མཐུན་ཚོར“ངས་ཐེངས་འདིར་ཆེས་དོ་ཁུར་བྱེད་བཞིན་པ་ནི་གནམ་འོག་ན་འགྲན་ཟླ་བྲལ་བའི་ཁྱེད་ཅག་གི་རི་ཆུ་རེད། གང་ཞིག་གིས་གནས་འདིའི་སྐྱེ་ཁམས་ལེགས་པོའི་དོ་ཟླ་བྱེད་ཐུབ་བམ། ཀོས་ལིན་གྱི་རི་ཆུར་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་ནི་ཁྱེད་ཚོའི་འགན་འཁྲི་ཨང་དང་པོ་རེད”ཅེས་གསུངས།

ཀོས་ལིན་གྱི་རི་ཆུ་ལ་ཡང་སྔོན་ཆད་ཁྲིམས་འགལ་གྱི་སྒོ་ནས་བྱེ་ཟེགས་སོགས་སྔོག་འདོན་བྱས་པ་ལས་སྐྱེ་ཁམས་ཉམས་ཉེན་དུ་གྱུར་བ་དང་། ཉེ་བའི་ལོ་འགའི་རིང་ལ། ཀོས་ལིན་གྲོང་ཁྱེར་གྱིས་ལི་གཙང་པོ་ཤུགས་ཆེན་པོས་བཅོས་སྐྱོང་བྱས་པས། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཐོབ་ཡོད།

རི་སྔོ་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་དང་། སྐྱེ་ཁམས་ཀྱི་རྒྱུ་ནོར་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་རྒྱུ་ནོར་དང་དཔལ་འབྱོར་གྱི་རྒྱུ་ནོར་ཞིག་ཀྱང་ཡིན། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་ཇི་ལྟར་འཕེལ་བར་བྱེད་དགོས་སམ།

ཧི་ནན་ཞིང་ཆེན་གྱིས་རི་སྔོ་ཆུ་དྭངས་ཀྱི་ཁེ་ཕན་ཉམས་སུ་མྱོང་ཐུབ་པ་བྱུང་། ད་ལོའི་ཟླ7པའི་ཟླ་འགོར། ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཧི་ནན་ཞིང་ཆེན་ལ་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་མོ་དུང་ཕྱུར1.26བཏང་བ་ཁྱབ་བསྒྲགས་བྱས། ཧྲན་ཏུང་དང་ཧི་ནན་ཞིང་ཆེན་གཉིས་ཀྱིས་ན་ནིང་ལོར་ཞིང་ཆེན་བར་དུ་འཕྲེད་ངོས་ཀྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་བཙུགས་པ་ནས་བཟུང་། རྨ་ཆུ་ཧི་ནན་ནས་ཧྲན་ཏུང་དུ་བཞུར་བའི་ཆུ་སྤུས་དེ་ཐོག་མཐའ་བར་གསུམ་དུ་རིགསIIཡན་སྲུང་འཛིན་བྱས་ཡོད། ཧྲན་ཏུང་ཞིང་ཆེན་ནི་ཁེ་ཕན་ཐོབ་མཁན་ཕྱོགས་གཅིག་ཡིན་པའི་ངོས་ནས་སྟོད་རྒྱུད་ཀྱི་ཧི་ནན་ཞིང་ཆེན་ལ་སྐྱེ་ཁམས་ཁ་གསབ་མ་དངུལ་དེ་སྤྲད་པ་རེད།

ཉེ་བའི་ལོ་འགའི་རིང་། ཨན་ཧོས་དང་། ཀྲེ་ཅང་སོགས་ཞིང་ཆེན18ཀྱིས་ཞིང་ཆེན་བརྒལ་བའི་བཞུར་རྒྱུད་ཀྱི་སྟོད་སྨད་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་འཚོལ་ཞིབ་བྱེད་སྒོ་སྤེལ། མི་རྣམས་ཀྱིས་རི་ཆུ་བཟང་པོ་དང་སྐྱེ་ཁམས་བཟང་པོ་ཡང་“རིན་ཐང་ལྡན་པའི་ནོར་བུ”ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

རི་སྔོ་ཆུ་དྭངས་སྲུང་དགོས་ལ། ད་དུང་མཐའ་ཚད་ཀྱི་དམར་ཐིག་ཀྱང་གཏན་འཁེལ་གསལ་བོ་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་དོན་རྐྱེན་འགའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་དང་། དམ་འཛིན་ལྷོད་མེད་བྱེད་པ། དམ་འཛིན་མཐར་ཕྱིན་བྱེད་པ། ཐག་གཅོད་མཐར་ཕྱིན་པ་མ་བྱས་ན་ནམ་ཡང་ལྷོད་མི་རུང་བའི་བླང་བྱ་བཏོན།པར་འདི་ནི2021ལོའི་ཟླ8ཚེས11ཉིན་བླངས་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁུལ་གྱི་མཛེས་ལྗོངས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་གནང་བ་དང་། སྐུ་དངོས་སུ་བཀོད་སྒྲིག་གནང་བ། སྐུ་དངོས་སུ་སྐུལ་འདེད་བཏང་བའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་སྐོར་ཞིག་ཐག་གཅོད་བྱས་པ་སྟེ། ཆིན་ལིན་གི་བྱང་འདབས་སུ“གོ་རིམ་མེད་པར་གསར་སྤེལ”བྱེད་པ་ནས“གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པའི”བར་དང་། མདོ་ལ་རི་བོ་སྔོན་ཆད་ཀྱི“ཁུང་བརྒྱ་མིག་སྟོང་”ལྟ་བུ་ནས་རི་བོ་སྔོ་ལྗང་དུ་གྱུར་ཞིང་། རྨ་ཆུའི་ཡན་ལག་ཆུ་བོ་གཉིས་པ་ཧྥིན་ཧི་ལ་བཙོག་སྐྱོན་ཚབས་ཆེན་ཐེབས་པ་ནས“ཧྥིན་ཧི་ཡི་མཚམས་སྤྲིན་ལ་རོལ་བའི”མཛེས་ལྗོངས་ཡང་བསྐྱར་མངོན་ཡོད།ཧྲན་ཞི་ཧྲིན་མུའུ་གྲོང་ཁྱེར་ཏ་ལིག་ཐ་གྲོང་རྡལ་མེ་ཧའེ་སད་ཧན་པཱ་ལྟེ་གནས་སྤྱི་གླིང་། གནས་འདི་དེ་སྔོན་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་ས་ནུབ་པའི་ཁུལ་ཞིག་ཡིན་ཞིང་། ད་ལྟ་ཆུ་སྲུང་སྐྱེ་ཁམས་འཛུགས་སྐྲུན་གཙོ་བོར་བྱེད་པ་དང་། ལྗང་བསྒྱུར་དང་མཛེས་བཟོ་ཟུང་འབྲེལ་བྱས་ཏེ་སྤྲོ་གསེང་དང་། རོལ་རྩེད། ཚན་རིག་སློབ་གསོ་བཅས་གཞི་གཅིག་ཅན་གྱི་རྡོ་སོལ་སྔོག་འདོན་བྱེད་ས་མར་ནུབ་པའི་བཅོས་སྐྱོང་གི་དཔེ་མཚོན་ཞིག་ཆེས་ཐོག་མར་གྲུབ་པ་དང་། སྤྱི་གླིང་ནང་དུ་སྤང་ཤུན་གྱིས་ཁེབས་པ་དང་། ཚོན་མདངས་རྣམ་པར་བཀྲ་བ། རྨང་གཞིའི་སྒྲིག་ཆས་ཀྱི་བྱེད་ནུས་ཆ་ཚང་ཡིན་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་ལྗང་མདོག་འཕེལ་རྒྱས་དང་། འཁོར་བསྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྔར་ལས་རང་རྟོགས་སྒོས་སྐུལ་འདེད་བཏང་བ་དང་། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པའི་དཔལ་ཡོན་འཕེལ་རྒྱས་བཅས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པས། ལྗང་མདོག་དེ་མཛེས་པའི་ཀྲུང་གོ་སྔར་ལས་བརྟན་པོ་དང་། སྔར་ལས་གཏིང་ཟབ་པ། སྔར་ལས་མཛེས་པའི་ཁ་དོག་ཞིག་ཏུ་འགྱུར་བར་བྱེད་དགོས།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞི་བསྐྲུན་དགོས།

ད་ལོའི་ཟླ4ཚེས21ཉིན་དབྱིན་ཇིའི་ཧྥོ་ལང་ཞི་སི•ཧོ་ལན་ཏི་སློབ་གྲྭའི་སློབ་ཆུང་སློབ་མ་ཚོར་རྩ་ཆེ་བའི་ལག་སྐྱེས་ཤིག་འབྱོར་བ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཚོར་ཡིག་ལན་སྤྲིངས་པ་དེ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་“སའི་གོ་ལ་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་། མིའི་རིགས་ནི་གཅིག་མཐུན་ཚོགས་པ་ཞིག་ཡིན་ལ། ནམ་ཟླའི་འགྱུར་ལྡོག་ནི་མིའི་རིགས་ཡོངས་གདོང་གཏོད་དགོས་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས། མིའི་རིགས་ཀྱིས་མཉམ་ལས་བྱས་ནས་ཁ་གཏད་གཅོག་དགོས”ཅེས་གསུངས་ཡོད།

སའི་གོ་ལའི་ཁྱིམ་གཞི་མཉམ་དུ་འཛུགས་སྐྲུན་བྱེད་པར་རང་འགུལ་གྱིས་ཀྲུང་གོའི་བྱས་རྗེས་འཇོག་པ་དང་། ཀྲུང་གོའི་འགན་ཁུར་འཁུར་ཡོད།

“ང་ཚོས་རང་བྱུང་ཁམས་བླ་རུ་བཀུར་དགོས་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞི་ཞིག་བསྐྲུན་དགོས།” 2021ལོའི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་གི་གསུང་བཤད་གཙོ་བོར་ཚོགས་ཞུགས་ཕྱོགས་ཁག་སོ་སོའི་ཁྲོད་ཐུན་མོང་གི་ངོས་ཟིན་རྒྱ་ཆེར་ཐོབ།

ལོ10རིང་། རྒྱལ་ཡོངས་ལས་ཁུངས་ཀྱིསGDPདབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་བྱས་ཚད34.4མར་ཆག་པ་དང་། རྡོ་སོལ་གྱིས་ཐེངས་གཅིག་གི་ནུས་ཁུངས་འཛད་སྤྱོད་ཁྲོད་ཟིན་པའི་བསྡུར་གྲངས་དེ68.5%ནས56%བར་མར་ཆག་ཡོད་པ་རེད། སླར་སྐྱེ་ཐུབ་པའི་ནུས་ཁུངས་གསར་སྤེལ་བཀོལ་སྤྱོད་ཀྱི་གཞི་ཁྱོན་དང་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་གི་ཚད་ཚང་མ་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།ཧྲན་ཏུང་ཀའོ་ཆིན་རྫོང་ཧུའུ་ཏུང་སྡེ་བའི་མཐའ་འཁོར་དུ་འཛུགས་སྐྲུན་བྱས་པའི་མུའུ་ཆིག་སྟོང་ལྷག་གི་ཉ་འོད་གསབ་རེས་གསོ་སྤེལ་ར་བ།

རང་རྒྱལ་ནི་ནུས་ཤུགས་ཟད་གྲོན་ཆེན་མོ་ཇེ་དམའ་རུ་གཏོང་ཚད་ཆེས་མགྱོགས་པོའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་བ་ཆེས་མང་པའི་རྒྱལ་ཁབ་ཅིག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དམིགས་ཚད་ལག་བསྟར་བྱས་པའི་གནས་ཚུལ་གོ་ལ་ཧྲིལ་བོའི་ཆ་སྙོམས་ཆུ་ཚད་ལས་ལེགས་པ་དང་། ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཏིང་ཟབ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་འདེགས་གཏོང་བར་རོགས་རམ་བྱས། ཉེ་བའི་ལོ་འགའི་རིང་། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་མཁན་དང་། བྱས་རྗེས་འཇོག་མཁན། སྣེ་ཁྲིད་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད།

2020ལོའི་ཟླ9ཚེས22ཉིན། ཀྲུང་གོས་འཛམ་གླིང་ལ་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་དེ2030ལོའི་སྔོན་དུ་ཐྰན་རྩེར་སོན་དུ་བསླེབ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་པ་དང་། 2060ལོའི་སྔོན་ལ་ཐྰན་སྙོམས་སྦྱོར་མངོན་འགྱུར་ཡོང་རྒྱུར་ཤུགས་ཆེན་པོས་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“‘ཐཱན་གཉིས’དམིགས་འབེན་མངོན་འགྱུར་ཡོང་རྒྱུ་དེ་གཞན་གྱིས་ང་ཚོར་སྒྲུབ་ཏུ་བཅུག་པ་མ་ཡིན་པར་དེ་ནི་ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད”ཅེས་ནན་གྱིས་བསྟན།

ཀྲུང་གོས་ཐཱན་རྩེར་སོན་ནས་ཐཱན་སྙོམས་སྦྱོར་མངོན་འགྱུར་ཡོང་བར་ཁས་ལེན་བྱས་པའི་དུས་ཚོད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྤྲད་པའི་དུས་ཚོད་ལས་ཧ་ཅང་ཐུང་བས། དཀའ་སྤྱད་འབད་བརྩོན་བྱ་དགོས་པ་རེད།

རང་རྒྱལ་གྱིས་ཐཱན་རྩེར་སོན་དང་། ཐཱན་སྙོམས་སྦྱོར་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་བཞག་ཏེ། སྔ་རྗེས་སུ“ཐཱན་གཉིས”དམིགས་འབེན་འོག་གི“1+N”སྲིད་ཇུས་ཁྱབ་བསྒྲགས་བྱས་པ་དང་། རླུང་དང་། གློག འོད་ནུས་སོགས་ནུས་ཁུངས་གསར་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་བཏང་ནས་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་འཚོ་བའི་རྣམ་པ་དེ་སྤྱི་ཚོགས་ཡོངས་ཀྱི་རང་འགུལ་དོན་གཉེར་ཞིག་ཏུ་འགྱུར་བར་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་དགོས།ཤིན་ཅང་དབྱི་ཝུའུ་རྫོང་ནོད་མའོ་ཧུའུ་གྲོང་རྡལ་ནས་པར་བླངས་པའི་ཧ་མུས་ཡི་ཀྲའོ་ཝ50ཅན་གྱི་ཚྭ་བཞུ་མཆོད་རྟེན་རྣམ་པའི་འོད་ནུས་གློག་འདོན་ས་ཚིགས། ཤིན་ཅང་གི་འོད་ནུས་གློག་འདོན་ས་ཚིགས་ཨང་དང་པོ་ཡིན་པའི་ཆ་ནས་ཧ་མུས་ཡི་ཀྲའོ་ཝ50ཅན་གྱི་ཚྭ་བཞུ་མཆོད་རྟེན་རྣམ་པའི་འོད་ནུས་གློག་འདོན་ས་ཚིགས་ཀྱིས་སྦགས་བཙོག་ཕྱིར་གཏོང་བྱེད་བཞིན་མེད་པར་མ་ཟད། ད་དུང་ཚ་ནུས་གསོག་འཇོག་བྱས་པ་བརྒྱུད་ཆུ་ཚོད24རིང་བསྟུད་མར་གློག་འདོན་བཞིན་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་མི་སེམས་ལ་ཟུག་ཡོད། སྤྱི་སྤྱོད་རླངས་འཁོར་དང། ས་འོག་ལྕགས་ལམ་གཙོ་བོ་ཡིན་པའི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སྟེང་ཉིན་རེར་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར2ལས་བརྒལ་བ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར297རུ་གད་སྙིགས་རིགས་དབྱེ་ལག་བསྟར་བྱས་པ་དང་། དེ་ཡང་ཁྱིམ་ཚང་དུང་ཕྱུར1.5ལ་ཁྱབ་ཡོད། “ཟས་ལྷག་མི་འཇོག་པའི་བྱ་སྤྱོད”དང་། ཆུར་གྲོན་ཆུང་དང་ཤོག་བུར་གྲོན་ཆུང་བྱེད་པ། གློག་གྲོན་ཆུང་དང་ནུས་ཁུངས་གྲོན་ཆུང་བྱེད་པ་ནས་ཁོར་ཡུག་སྲུང་སྐྱོབ་རྣམ་པའི་ཁང་པ་མཛེས་བཟོ་དང་། ཚད་ལས་བརྒལ་ནས་ཐུམ་མི་རྒྱག་པ། ཐེངས་གཅིག་རང་བཞིན་གྱི་བཀོལ་ཆས་མི་བཀོལ་བའི་བར། “ལྗང་མདོག་ཐཱན་ཉུང་དང་གྲོན་ཆུང་གི་བྱ་སྤྱོད”ཁྱིམ་ཚང་ཁྲི་སྟོང་མང་པོར་དར་སྤེལ་བཏང་སྟེ། སྟབས་བདེ་ཚད་དང་རན་པ། ལྗང་མདོག་ཐཱན་ཉུང་། དཔལ་ཡོན་བདེ་ཐང་གི་འཚོ་བའི་རྣམ་པ་དེ་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

འཕེལ་རྒྱས་ཀྱི་དུས་རིམ་གསར་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཉུང་གཏོང་བྱ་རྒྱུ་འཐབ་ཕྱོགས་གཙོ་བོའི་ཁ་ཕྱོགས་དང་། བཙོག་ཉུང་ཐཱན་ཉུང་གིས་མཉམ་དུ་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་གཏོང་རྒྱུ་དེ་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་སྟེང་འགྱུར་ལྡོག་འགྲོ་བ་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཞིག་ཏུ་སླེབས་ཡོད།

2022ལོའི་ཟླ1ཚེས17ཉིན། 2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་རིས་གྲོས་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ནུས་ཤུགས་ཡོད་རྒུ”གསུམ་བཏོན་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཆོད་སེམས་དང་བྱ་སྤྱོད་ཡང་བསྐྱར་གསལ་བསྒྲགས་བྱས་པ་སྟེ།

“ཀྲུང་གོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱེད་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། ནུས་ཤུགས་ཡོད་རྒུས་བཙོག་སྐྱོན་འགོག་བཅོས་ལ་ཤུགས་སྣོན་པ། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན།”

མི་ཡིས་རི་ཀླུང་ལ་གཏོར་བརླག་མ་བཏང་ན། རི་ཀླུང་གིས་མི་ལ་གནོད་པ་བཟོ་མི་སྲིད།

སྐྱོད་ལམ་གསར་བའི་སྟེང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག ང་ཚོས་ལག་གདང་སྦྲེལ་ནས་འབད་འཐབ་ལྷོད་མེད་བྱས་ན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་བའི་ལེའུ་གསར་པ་ཞིག་རྩོམ་ཐུབ་པ་ཁོ་ཐག་ཡིན།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།