​ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་དགོས།
2022.10.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་བྱ་བའི་དཔྱད་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2014ལོའི་ཟླ11པར་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་ཚོགས་འདུའི་སྟེང་། ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ཡོད་དགོས་ཞེས་གསལ་བོར་བསྟན།  2018ལོའི་ཟླ6པར་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་ཚོགས་འདུའི་སྟེང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ལས་འགན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གནས་སའི་ལོ་རྒྱུས་གནས་བབ་དང་རྒྱལ་སྤྱིའི་གནས་བབ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་བྱ་བར་སྣེ་ཁྲིད་དེ་མཁྲེགས་གཏོར་དཀའ་སེལ་དང་སྦྱོང་བརྡར་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད་ནས། “བརྒྱ་ལོ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།

གོ་ལ་ཧྲོལ་བོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ།

རྒྱལ་ཁབ་སོ་སོའི་ཁེ་ཕན་སྣོལ་མཚམས་རྒྱ་ཆེར་གཏོང་དགོས།

2022ལོའི་ཟླ9ཚེས15ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་ཝུའུ་ཙི་པེ་ཁུ་སི་ཐན་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ས་མར་ཧན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་སྐབས་སུ། ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་ཕྱོགས་གཉིས་མཉམ་འཛོམས་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བའི་ངེས་གནས་དེ་གནས་ཚུལ་གང་ལའང་མི་བལྟོས་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས། ཀྲུང་གོས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འཕེལ་རིམ་གསར་ཤོས་སུ་འགྱུར་བར་གཏན་འཁེལ་བྱས།

“འདོད་བློ་མཐུན་པ་ནི་གྲོགས་པོ་ཡིན། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའང་གྲོགས་པོ་ཡིན།”  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཕྱི་འབྲེལ་གྱི་བཀོད་པ་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་གོ་ལ་ཧྲིལ་བོའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་ཡོད།

གྲོས་མོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་གྲོགས་པོ་སྒྲིག་པ་རྒྱུན་འཁྱོངས་བྱེད་པ་ལས་མནའ་འབྲེལ་དུ་མི་ཞུགས་པ་བྱས་ནས། ལོ་བཅུའི་རིང་ཀྲུང་གོས་རྒྱལ་ཁབ་སོ་སོ་དང་གྲོགས་པོ་རྒྱ་ཁྱབ་ཏུ་བསྒྲིགས་པ་དང་མཉམ་ལས་ཟབ་མོ་བྱས་ཏེ། རྒྱལ་ཁབ་སོ་སོ་དང་ཁེ་ཕན་མཉམ་འདྲེས་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་པས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་ཕྱིན་ཡོད།

རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྤྱིའི་ཆ་ནས་བརྟན་འཇགས་དང་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྒྲོམ་གཞི་བཙུགས་པ་དང་།  ཉེ་དྲང་ཕན་བཟོད་ཀྱི་འདུ་ཤེས་དང་ཁྱིམ་མཚེས་ལ་ཕན་འདོགས་པ་དང་ཁྱིམ་མཚེས་གྲོགས་པོར་བརྩི་བའི་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ལྟར་མཐའ་འཁོར་རྒྱལ་ཁབ་ཁག་དང་འབྲེལ་བ་ཇེ་ཟབ་ཏུ་བཏང་བ་དང་། ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་དང་ཟོལ་མེད་བརྩེ་སེམས་ཀྱི་འདུ་ཤེས་བཅངས་ནས་རྒྱ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་པ་བཅས་ཀྱིས། དུས་རབས་གསར་པའི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བ་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་སྟེ། ཕྱོགས་མང་བ་དང་རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ཕྱི་ཕྱོགས་བྱ་བའི་རྣམ་པ་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

2021ལོའི་ཟླ12ཚེས31ཉིན་གྱི་དུས་ཚོད12སྟེང་། ནི་ཁ་ར་ཀྭ་ཡི་རྒྱལ་ས་མ་ན་ཀྭ་རུ་ཉི་འོད་རབ་ཏུ་འཚེར།   རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དང་མཉམ་དུ་ནི་ཁ་ར་ཀྭ་རུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེན་མོའི་སྒོ་རའི་མདུན་དཀྱིལ་དུ་སྐར་ལྔའི་དར་དམར་ཞིག་དལ་བུའི་ངང་ཡར་བསྒྲེངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། 2016ལོར་ཀང་པིས་ཡ་དང་ཧྲིན་ཏའོ་མེ་དང་ཕུའུ་ལེན་ཞི་པིས། 2017ལོར་ཕ་ན་མ། 2018ལོར་ཏོ་སྨི་ནི་ཀྭ་དང་པུའུ་ཅི་ན་ཧྥ་སོ། སའར་ཝ་ཏའོ། 2019ལོར་སུའོ་ལུའོ་མོན་གླིང་ཚོམ་དང་ཅིས་ལིས་པ་སི། 2021ལོར་ནི་ཁ་ར་ཀྭ་སོགས་རྒྱལ་ཁབ9ཡིས་སྔ་རྗེས་སུ་ཀྲུང་གོ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་དང་འབྲེལ་བ་སླར་གསོ་བྱས་པས་ཀྲུང་གོ་དང་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་རྒྱལ་ཁབ181ལ་སླེབས།

སུའེ་ཙེར“ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ”བཙུགས་པ་དང་། ཨུ་རུ་སུ་ལ“ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ”བཙུགས། ཧ་སག་སི་ཐན་ལ“ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ”འཕེལ་རྒྱས་སུ་བཏང་པ་དང་། རྒྱ་གར་ལ“ཀྲུང་གོ་དང་རྒྱ་གར་བར་གྱི་སྔར་ལས་ཟབ་པའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བར”རྒྱུན་མཐུད་ངང་སྐུལ་འདེད་བཏང་པས། ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་རྣམ་པ་དེ་སྔར་ལས་སྣ་མང་ཅན་དང་ནང་དོན་སྔར་ལས་ཕུན་སུམ་ཚོགས་ཤིང་ཆུ་ཚད་སྔར་ལས་མཐོ་རུ་སོང་ཡོད།

ཀྲུང་གོས་གྲོས་འགོ་བཏོན་པའི་རོགས་ཟླའི་འབྲེལ་བ་དང་གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་དང་རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་།  རྒྱལ་ཁ་ཐོབ་མཁན་གྱིས་ཕྱོགས་སོ་སོར་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཏེ། མཉམ་ལས་ལ་བརྟེན་ནས་ཐུན་མོང་གི་ཁེ་ཕན་ཆེན་པོ་དོན་གཉེར་གྱིས་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱས།

སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བར་སྟོང་ཆེན་པོ་གསར་གཏོད་བྱས།

2022ལོའི་ཟླ8ཚེས31ཉིན།  རླངས་འཁོར་གྱི་དུང་སྒྲ་གྲག་པ་དང་མཉམ་དུ་ཇ་དང་ལུད་རྫས་ཀྱི་མ་བཅོས་རྒྱུ་ཆ་སོགས་དངོས་རྫས་དྲུད་པའི་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ཞིག་ཧྥུའུ་ཀྲིག་ཅང་དབྱིན་གྲུ་ཁ་ནས་ལའོ་ཝའོ་ཕྱོགས་སུ་བསྐྱོད་པ་དེས་ཧྥུའུ་ཅན་དུ་ཀྲུང་གོ་དང་ལའོ་ཝའོ་བར་གྱི་ལྕགས་ལམ་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ཐོག་མ་ཤར་གཏོང་བྱས།

ཀྲུང་གོ་ནི་ལའོ་ཝའོ་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་མཁན་ཡིན་ཞིང་། ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་བར་དུ་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ལའོ་ཝའོ་རྒྱལ་ཁབ་དེ“སྐམ་ས་དང་འབྲེལ་བ་བཅད་པའི་རྒྱལ་ཁབ”ཅིག་ནས“སྐམ་ས་དང་མཉམ་འབྲེལ་བྱེད་པའི་རྒྱལ་ཁབ”ཅིག་ཏུ་འགྱུར་རྒྱུའི་ཕུགས་འདུན་མངོན་འགྱུར་བྱུང་བར་མ་ཟད།   ཀྲུང་གོའི་ནང་ཁུལ་ནས་ལའོ་ཝའོ་ལ་ཐད་ཀར་དུ་འགྲོ་ཐུབ་པ་དང་དེ་མིན་ཨེ་ཤེ་ཡ་ཤར་ལྷོའི་སྐམ་སའི་སྟབས་བདེའི་ལམ་བུ་ཞིག་ཀྱང་བསྐྲུན་པ་རེད།

2013ལོའི་སྟོན་ཀར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་འཚམས་འདྲི་གནང་སྐབས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་མགོ་གལ་ཆེན་བཏོན་ཡོད་པ་རེད།   མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་།  ཀྲུང་གོས་“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་པ་དང་། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱིས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ནས། ཁྱབ་ཁོངས་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་ཆགས་པར་བྱས་ཏེ།  གཉིས་ཕན་མཉམ་རྒྱལ་དང་སྣ་མང་དོ་མཉམ།  བདེ་འཇགས་དང་ལས་ཆོད་ཆེ་བ་བཅས་ཀྱི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱས།

ལོ་དགུའི་རིང་རྒྱལ་ཁབ140ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས30ལྷག་ཙམ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ200ལྷག་ཙམ་ལ་མིང་རྟགས་བཀོད་པ་དང་། 2013ལོ་ནས2021ལོའི་བར་ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་དངོས་ཟོག་ཉོ་ཚོང་བྱེད་ཚད་ཨ་སྒོར་རབ་བཀྲམ་གཅིག་དང་ཁྲག་ཁྲིག་གཅིག་ཙམ་ཟིན་པ་དང་ཕྱོགས་གཉིས་པོའི་མ་འཇོག་བྱེད་ཚད་ཨ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་འབུམ་ཆེན་པོ་གསུམ་ལས་བརྒལ། 2021ལོའི་ལོ་མཇུག་བར་ཀྲུང་གོས་ལམ་རྒྱུད་ཀྱི་རྒྱལ་ཁབ24རུ་དཔལ་འབྱོར་ཉོ་འཚོང་བརྗེ་རེས་ཁུལ་དོན་དགུ་འཛུགས་སྐྲུན་བྱས་པ་དང་།  རིམ་རྩིས་བྱས་ན་མ་དངུལ་སྒོར་མོ་ཐེར་འབུམ་ཆེན་པོ་བཞི་དང་ཐེར་འབུམ་དྲུག་བཏང་སྟེ་ས་གནས་དེ་དག་ཏུ་ལས་ཞུགས་ལས་གནས་འབུམ་གསུམ་དང་ཁྲི་བཞི་སྟོང་དྲུག་བསྐྲུན་ཡོད།  ས་ཁོངས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ།   དཔལ་ཡོན་མི་འདྲ་བ་བཅས་ཀྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་རྒྱལ་ཁབ་སོ་སོ་མཉམ་དུ་ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་གོ་སྐབས་ཀྱི་ལམ་བུ་ཞིག་བསྐྲུན་ཡོད།

ཀྲུང་གོས་གར་སྟེགས་བསྐྲུན་ཞིང་འཛམ་གླིང་གིས་མཉམ་གཞས་བླངས།

2022ལོའི་ཟླ9པར།   ཧྲང་ཧེ་རུ་སྐབས་ལྔ་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་སྟོན་ཚོགས་འདུ་མགོ་ཚུགས་པར་ཉིན50ཡོད་པའི་སྐབས་སུ།  ཁེ་ལས་དང་སྒྲིག་གཞི་མང་པོ་ཞིག་གིས་སྐབས་དྲུག་པའི་འགྲེམས་སྟོན་ཚོགས་འདུའི་འགྲེམས་ཡུལ་སྔ་སྣུར་གྱིས་གཏན་འཁེལ་བྱས་པ་རེད། རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི“འགྲེམས་སྟོན་ཚོགས་འདུའི་ནང་ཞུགས་པའི་གཏམ་རྒྱུད”ཀྱི་ཐོག་ནས།  ཕྱོགས་སོ་སོ་ཞུགས་པའི་སྤྲོ་སེམས་ཆེན་པོ་མངོན་པར་མ་ཟད།  དེ་ལས་ཀྱང་ཀྲུང་གོའི“སྒོ་འབྱེད་ཀྱི་སྒོ་ཆེན་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཆེ་རུ་འགྲོ་བའི”བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱེད་པའི་ལྷག་བསམ་ཟབ་མོ་མཚོན་ཡོད།

བསྟུད་མར་ལོ་རེ་རེ་བཞིན་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་སྟོན་ཚོགས་འདུ་དང་ཀྲུང་གོའི་ཉོ་འཚོང་ཞབས་ཞུ་བརྗེ་རེས་ཚོགས་འདུ། ཀྲུང་གོའི་ཕྱི་འདྲེན་ཚོང་རྫས་བརྗེ་རེས་ཚོགས་འདུ། ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཚོང་རྫས་འགྲེམས་སྟོན་ཚོགས་འདུ་བཅས་གཉེར་བ་ནས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ21འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བའི་བར་དང་།  སྤུས་ཚད་དང་ཚད་གཞི་མཐོ་བའི་སྒོ་ནས་ཧེ་ནན་རང་མོས་ཉོ་འཚོང་གྲུ་ཁ་བསྐྲུན་པའི་བར། 《ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག》དངོས་སུ་གོ་ཆོད་པར་ཧུར་ཐག་གིས་སྐུལ་འདེད་བཏང་བ་ནས《ཁྱོན་ཡོངས་དང་ཡར་རྒྱས་ཀྱིས་ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་རྒྱུའི་རེ་ཞུ་དངོས་སུ་ཕུལ་བ་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་ལས་སྒོ་འབྱེད་དང་ཁོང་ཡངས།    ཀུན་ཕན།    དོ་མཉམ།  གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བའི་བར་དུ་སྐུལ་འདེད་བཏང་།   དུས་རབས་གསར་པའི་ཀྲུང་གོས་འཛམ་གླིང་ལ་སྒོ་མོ་ཕྱེས་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་བསྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ།  ཀྲུང་གོས་འཛམ་གླིང་དང་མཉམ་དུ་སྒོ་འབྱེད་མཉམ་འདྲེས་ངང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ།

དམངས་ཀྱི་དོན་དུ་ཕྱི་འབྲེལ་འདུ་ཤེས་བཟུང་ནས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁྲིམས་མིའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས།

2021ལོའི་ཟླ9ཚེས25ཉིན་གྱི་དགོང་མོ། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཁ་ན་ཏའི་ཕྱོགས་ཀྱིས་ཁྲིམས་འགལ་ངང་ཉིན་ཆིག་སྟོང་ལྷག་ཙམ་ལ་བཀག་ཉར་བྱས་པའི་མིན་ཝན་ཀྲིག་མཇུག་མཐར་བདེ་འཇགས་ངང་མེས་རྒྱལ་དུ་ཕྱིར་ལོག་ཐུབ་པ་བྱུང་ཞིང་། “གལ་ཏེ་དད་སེམས་ལ་ཚོས་མདོག་ཅིག་ཡོད་ཚེ་ངེས་པར་དུ་ཀྲུང་གོ་དམར”ཞེས་པའི་སྐད་ཆ་གཅིག་གིས་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ཡི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཀྲུང་གོའི་ཕྱི་འབྲེལ་གྱིས་དམངས་ཀྱི་ཆེད་དུ་ཕྱི་འབྲེལ་གྱི་འདུ་ཤེས་ལག་བསྟར་བྱས་ནས་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།

ཕྱི་རྒྱལ་གྱི་དམངས་འཚོའི་བཟོ་སྐྲུན་གསར་སྐྲུན་བྱེད་པ་དང་ཀྲུང་གོའི་ཕྱི་འབྲེལ་གྱིས་ཕྱིར་སྐྱོད་པའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ལ་བདེ་འཇགས་དྲ་བ་བརྟན་པོ་བཟོས་པ་དང་།  ཕྱི་རྒྱལ་གྱི་ཀྲུང་གོའི་ཡུལ་སྐོར་བར་སྔར་ལས་བདེ་འཇགས་ཡིན་པའི་ཡུལ་སྐོར་ཁོར་ཡུག་འདོན་སྤྲོད་བྱས།  ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ཀྲུང་གོའི་སློབ་མར་སློབ་སྦྱོང་གི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་ཆེད་དང་ཀྲུང་གོའི་ཚོང་པར་མཛའ་བརྩེ་འཆམ་མཐུན་གྱི་ཁོར་ཡུག་བསྐྲུན་པ། ཀྲུང་གོའི་ཕྱིར་སྡོད་སྤུན་ཟླར་དྲོད་སྐྱིད་ལྡན་པའི་ཐུགས་ཁུར་གནང་བ། ཀྲུང་གོའི་ཚོང་རྫས་ལ་སྔར་ལས་རྒྱ་ཆེ་བའི་ཁྲོམ་ར་འཚོལ་བ།  ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ངལ་རྩོལ་པར་སྔར་ལས་ལེགས་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་བསྐྲུན་པ་བཅས་བྱས་ནས་ཁོ་ཚོའི་ཕུགས་འདུན་མངོན་འགྱུར་འབྱུང་བར་རམ་འདེགས་བྱས།

2012ལོ་ནས2017ལོའི་ཟླ5བའི་བར། ཀྲུང་གོས་རྒྱལ་ཕྱིའི་སྤྱི་དམངས་ཕྱིར་འཐེན་བྱ་སྤྱོད་ཐེངས9ལ་བདེ་བླག་ངང་རྩ་འཛུགས་བྱས་པ་དང་། ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་བཙན་ཁྲིད་བྱས་པ་དང་ཡང་ན་འཇབ་རྒོལ་གྱི་གྱོད་གཞི100ལྷག་ཙམ་ཐག་གཅོད་བྱས་ནས་ཁེ་སྐྱོང་སྲུང་སྐྱོང་གི་རོགས་སྐྱོབ་གྱོད་གཞི་སྣ་ཚོགས་འབུམ་གསུམ་ཙམ་བདག་སྤྲོད་བྱས་ཡོད།

2020ལོར།  པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་རྒྱ་ཁྱབ་ཏུ་མཆེད་དུས། ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་སྡུག་ལ་སེམས་ཁྲལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་དང་ལས་ཀའི་འཚོ་བ་འགན་ལེན་བྱས་ནས། དངོས་གནས་དཀའ་ངལ་ཡོད་པའི་ཀྲུང་གོའི་སྤྱི་དམངས་གོ་རིམ་ལྡན་པའི་ངང་རྒྱལ་ནང་དུ་ལོག་རྒྱུར་གཞོགས་འདེགས་བྱས་པ་དང་། “དཔྱིད་མྱུག་འགུལ་སྤྱོད་”སྤེལ་ནས།  ཧུར་ཐག་སྒོས་ཕྱི་རྒྱལ་གྱི་ཀྲུང་གོའི་སྤྱི་དམངས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུར་བརྩོན་ལེན་དང་གཞོགས་འདེགས་བྱས་ཏེ།  རྒྱལ་མཚམས་བརྒལ་བ་ནས་བཟུང་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱབ་ཕྱོགས་སུ་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གྱི་སྲུང་སྐྱོང་ཡོད་པར་བྱས།

གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་བཏང་སྟེ་རང་རྒྱལ་གྱི་འཕེལ་རྒྱས་དང་འཛམ་གླིང་གི་ཞི་བདེ་ལ་སྔར་ལས་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན།

2016ལོའི་ཟླ9པར།  རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་མི་སྣ་ཀྲིག་ཅང་ཧང་ཀྲིག་ཏུ་འཛོམས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད། ཀྲུང་གོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ལྟ་བ་སྟེ་འདྲ་མཉམ་རྨང་གཞིར་བྱེད་པ་དང་སྒོ་འབྱེད་ཁྲིད་སྟོན་དུ་བྱེད་པ། མཉམ་ལས་སྒུལ་ཤུགས་སུ་བྱེད་པ། མཉམ་སྤྱོད་དམིགས་ཚད་དུ་བྱེད་པ་བཅས་ཕྱོགས་ཡོངས་ནས་རྒྱས་བཤད་གནང་། མཐོ་རིམ་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དུས་ཐུང་གི་སྲིད་ཇུས་ནས་དུས་ཡུན་རིང་འབྲིང་གི་སྲིད་ཇུས་ཕྱོགས་སུ་བསྒྱུར་བ་དང་ཉམས་ཉེན་ལ་ཁ་གཏད་གཅོག་པ་ནས་ཡུན་ཕན་བཅོས་སྐྱོང་གི་ལམ་སྲོལ་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད།

རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་འཕེལ་འགྲིབ་དང་གོ་ལ་ཧྲིལ་བོའི་འགྲན་སློང་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང་མཉམ་དུ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་ཀྱི་འཁོར་ཕྱོགས་སུ་གྱུར་ཡོད།

མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་དར་སྤེལ་བཏང་བ་དང་། ཐུན་མོང་དང་ཕྱོགས་བསྡུས།  མཉམ་ལས།  རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ།   རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཕྱོགས་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ། དགེ་མཚན་ལྡན་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་བཅོས་སྐྱོང་བྱེད་པར་ཞུགས་ནས།  གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་སྐུལ་འདེད་བཏང་པ་དང་། ཨེ་ཤ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་གསར་སྤེལ་དངུལ་ཁང་གསར་པ་འཛུགས་རྒྱུའི་གྲོས་མགོ་བཏོན་ནས།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་མགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་སོགས་འདུ་ཤེས་གསར་པ་དང་། འདོད་ཚུལ་གསར་པ།             ཏན་ཏན་ཏིག་ཏིག་གི་ཇུས་གཞི་དང་བྱ་སྤྱོད་བཅས་རབ་དང་རིམ་པ་བཏོན་ནས་མིའི་རིགས་ལ་འཕྲད་པའི་དཀའ་གནད་སྣ་ཚོགས་ཐག་གཅོད་བྱེད་ཆེད།  ཀྲུང་གོའི་བློ་གྲོས་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཕུལ་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱས།

“འཛམ་གླིང་གི་གནད་དོན་ཧ་ཅང་མང་ལ་ཧ་ཅང་ཆེན་པོ་ཡིན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས་གྲོས་མོལ་དང་མཉམ་ལས་བྱས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད།  རྒྱལ་སྤྱིའི་སྟེང་གི་བྱ་བ་ཚང་མ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད།  ཕྱར་བ་གྲུ་འདེགས་བྱེད་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ75འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ལས་ཀྲུང་གོའི་མགོ་ཁྲིད་པས་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བར་བསམ་གཞིག་ཟབ་མོ་གནང་བ་མཚོན་ཡོད།

མ་འོངས་པར་ཁ་ཕྱོགས་ཏེ།   ཀྲུང་གོས་རང་ཉིད་ཀྱི་འཕེལ་རྒྱས་དེ་མིའི་རིགས་འཕེལ་རྒྱས་སུ་འགྲོ་བའི་གནས་ཚད་ཆེན་པོའི་ཁྲོད་དུ་བཞག་སྟེ།  ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན།  རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན།  སྤྱི་པའི་ཐོན་རྫས་མཁོ་འདོན་མཁན་བཅས་བྱས་ཏེ།  རྒྱལ་ཁབ་སོ་སོའི་མི་དམངས་དང་དཔུང་པ་མཉམ་གཤིབ་དང་ཕན་ཚུན་རོགས་རེས་བྱས་ཏེ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འཚོགས་པ་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱེད་བཞིན་ཡོད།

                                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།