ལོ་བརྒྱའི་ཏང་ཆེན་པོས་རང་ཉིད་གསར་བརྗེ་བྱེད་པར་རྣམ་པ་གསར་པ་བཏོད།
2022.10.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

—ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་གྲུབ་འབྲས་ཀྱི་རྒྱས་བཤད་སྐོར།

“ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཞིག་ཡིན་པ་དང་། ལོ་བརྒྱའི་ཏང་ཆེན་པོས་རང་ཉིད་གསར་བརྗེ་བྱེད་པར་རྣམ་པ་གསར་པ་བཏོད་ཡོད།”

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུར་སྐུལ་འདེད་བཏང་བས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་ཐོབ་ལ་ཁྱོན་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད།

ཆབ་སྲིད་ཀྱི་སྣེ་ཁྲིད།

“སྲུང་སྐྱོང་གཉིས”ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་བ།

ནམ་མཁའ་སྔོ་ཞིང་བསངས་ལ། མཁའ་དབུགས་དྭངས་ཤིང་གཙང་། མདོ་ལ་རིང་མོའི་ལྷོ་འདབས་སུ་གནས་པའི་མུ་རི་གཏེར་ཁུལ་དུ་སྐྱོད་སྐབས། དེ་སྔའི་རྡོ་སོལ་གྱི་ས་རྡུལ་གྱིས་ཁེངས་ཤིང་ས་དོང་མང་པོའི་རྣམ་པ་དེ་མཐོང་རྒྱུ་མེད་ལ་ད་ལྟ་གནས་དེ་རུ་སྔོ་ལྗང་གང་སར་ཁྱབ་ཡོད།

མུ་རི་གཏེར་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་ཐོབ་དོན་ནི། དང་ཐོག་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནས་ཞིབ་བཤེར་དང་སྐྱེ་ཁམས་གནད་དོན་རྒྱབ་ཀྱི་ཆབ་སྲིད་གནད་དོན་ལ་ཞིབ་བཤེར་མཐར་ཕྱིན་པ་བྱ་རྒྱུ་དེ་རེད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས“ཏང་གི་ཆབ་སྲིད་འཛུགས་སྐྲུན་ཏེ་གནས་བབ་ཨང་དང་པོར་འཇོག་དགོས།”“ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན”ཞེས་བསྟན་ཡོད།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཁག་ཐེག་བྱས་ཡོད། སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་གནས་གང་དུ་རྒྱུན་འཁྱོངས་བྱས་ན། ཆབ་སྲིད་ཀྱི་ལྟ་སྐུལ་དེ་གར་འཇོག་ཐུབ་པ་བྱས་ཏེ“སྲུང་སྐྱོང་གཉིས”ལག་བསྟར་བྱ་རྒྱུའི་སྣེ་ཁྲིད་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ལྟ་སྐུལ་འགན་སྲུང་ལག་བསྟར་དང་། འཕེལ་རྒྱས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

རུལ་སུངས་གནད་དོན་ནི་ངོ་བོའི་ཐོག་ཆབ་སྲིད་ཀྱི་ངོ་བོ་འགྱུར་བ་ཞིག་ཡིན་ཞིང་། རུལ་སུངས་གནད་དོན་གྱི་རྒྱབ་ཏུ་རྟག་པར་ཆབ་སྲིད་ཀྱི་གནད་དོན་གནས་ཡོད།

ཉེ་ལམ། སུང་ལི་ཅོན་གྱི་ཆབ་སྲིད་ཚོགས་པའི་གྱོད་གཞི་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་འདྲི་ཞིབ་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། སུང་ལི་ཅོན་གྱི་ཆབ་སྲིད་ཚོགས་པར་ཁྲིམས་ལྟར་ཆད་པ་ནན་མོ་བཅད་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་བཟོད་སྒོམ་གཏན་ནས་མི་གཏོང་བའི་རྣམ་འགྱུར་དང་། རུལ་སུངས་ལ་ཆད་གཅོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་གང་ལེགས་ཀྱིས་མངོན་ཡོད།

གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནས་དམ་པོ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིབ་བཤེར་བརྟག་དཔྱད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནས་ཞིབ་བཤེར་བྱེད་འགོ་བཙུགས་པ་སོགས་རིམ་པ་སོ་སོའི་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཞེས་པའི་ཆེས་རྩ་བ་དང་ཆེས་གལ་ཆེའི་སྒྲིག་ཁྲིམས་དེ་དམ་འཛིན་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་དང་ཞིབ་བཤེར་བརྟག་དཔྱད་མཉམ་འདྲེས་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གཟབ་ནན་དུ་གཏོང་རྒྱུ་དེ་ཞིབ་ཕྲའི་མི་དང་དོན་དག་ཐོག་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་གེགས་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ་དང་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

དེ་དང་ཆབས་ཅིག “གནད་འགག་ནི་ཉུང་ཤས”ཡིན་པ་དམ་པོར་དམིགས་ཏེ།《ཀྲུང་གུང་ཀྲུང་དབྱང་གི“འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་ནན་མོ་བྱས་ཏེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་། སྒྲིག་སྲོལ་ལྟར་ཁྲིམས་ལྟར་འགན་ནུས་དང་དབང་ཆ་སྤྱོད་པ། འགན་འཁུར་ཕོད་པ། སྤྱོད་གཙང་རང་གཅུན་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་དཔེ་གཞན་སྟོན་དང་འགན་འཁྲི་ཡག་པོ་འཁུར་བར་སྐུལ་འདེད་གཏོང་དགོས།

2020ལོའི་ལོ་འགོར། པྲོག་གསར་གློ་ཚད་ཀྱི་རིམས་ནད་མཆེད་པ་རེད། རིམས་ནད་བྱུང་མ་ཐག   ཏང་ཀྲུང་དབྱང་གིས《ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀག་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཁག་ཐེག་འདོན་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། འགན་འཁྲི་འཁུར་མི་ཕོད་པ་དང་། སྤྱོད་ཚུལ་ཏན་ཏིག་མིན་པ། དོན་འཁྱོལ་ནུས་ལྡན་མི་བྱེད་པ་བཅས་དང་། ཐ་ན་རྫུན་བཟོ་ཟོལ་བཅོས་དང་འགན་འཛོལ་རིགས་ལ་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས་པ་གསལ་བོ་བསྟན་ཡོད།

རང་ཉིད་ཉམས་སད་ཐེག་ཐུབ་རྗེས་གཞི་ནས་དམག་འཐབ་དྲག་པོ་བྱེད་ཐུབ། དབུལ་ཐར་མཁྲེགས་གཏོར་ནས་གྲོང་གསེབ་དར་སྤེལ་གཏོང་བའི་བར་དང་། དམག་འཐབ་ཆེན་མོ་དང་ཚོད་བགམ་ཆེན་མོ་རེ་རེའི་ཁྲོད། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་བཤེར་ཐོག་མཐའ་བར་གསུམ་དུ་ནུས་ལྡན་བྱུང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བསལ་ནས། ལས་ཡུལ་དང་པོ་རུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་བྱེད་དགོས།

འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་དུ་ཕྱུག་པོ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་རང་སྟོབས་རང་འཕེལ་ལ་སྐུལ་འདེད་གཏོང་བ། ཉེན་ཁ་ཚབས་ཆེན་དོགས་ཟོན་དང་ཐག་གཅོད་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། རིམ་པ་སོ་སོའི་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་། བློ་བརྟན་འགྱུར་མེད་དང་ནུས་ལྡན་གྱི་སྒོ་ནས་རང་འགན་གཙང་སྒྲུབ་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ནན་མོ་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་རྡོག་རྩ་གཅིག་སྒྲིལ་བྱེད་དགོས།

“རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན7799ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་ཉེར་དྲུག་ལ་སྐྱོན་བརྗོད་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས་པ། མི་སྟོང་བདུན་དང་བདུན་བརྒྱ་ང་གཉིས་ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།”

2022ལོའི་ཟླ9པའི་ཚེས26ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་བརྒྱད་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཕྱོགས་སྡོམ་ཁྱབ་བསྒྲགས་བྱས་པ་དང་། གཞི་གྲངས་ཏེ་བསྟུད་མར་ཟླ108ལ་ཁྱབ་བསྒྲགས་བྱས་པ་ཞིག་རེད།

གཏན་འཁེལ་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད།

2012ལོའི་ཟླ12པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འཁེལ་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལ་བརྟེན་ནས་འགག་གནད་སྒྲོལ་བ་དང་། བཟང་བསྟོད་ངན་སྨད་ཀྱི་སྤྱོད་ཚུལ་ལ་འགྱུར་ལྡོག་ཕྱིན་ནས་ཀྲུང་གོའི་ས་གཞི་ཆེན་པོར་ཁྱབ་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་ནན་མོར་གཏོང་རྒྱུའི་ཐད་བཀོད་སྒྲིག་གསར་པ་བྱས་པ་དང་བླང་བྱ་གསར་པ་བཏོན། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ལ། ཏང་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ལྷོད་གཡེང་མི་གཏོང་བ་དང་གོམ་སྟབས་རྒྱུན་མི་ཆད་པ། མུ་མཐུད་དུ་མདུན་སྐྱོད་བྱེད་པ་བཅས་བྱས་ཡོད།

ཟས་རིགས་ཀྱི་ཆུད་ཟོས་བཀག་འགོག་བྱེད་པ་ནས་འཁོར་ལོའི་རིགས་ཀྱི་རུལ་སུངས་ལ་བཀག་འགོག་བྱེད་པའི་བར་དང་། དེ་ནས་རོལ་རྩེད་ཁང་སོགས་ཀྱི་སྤྱོད་ངན་དག་ཐེར་བྱེད་པ། བྱེད་ཐབས་སྣ་མང་སྤྱད་དེ“རིན་གོང་མཐོ་བའི་ཟླ་མཆོད་བག་ལེབ”དང“རིན་གོང་མཐོ་བའི་ཐ་མག་དང་ཆང་རག”བཀག་འགོག་བྱས་པ་ནས། གྲོན་ཆུང་བྱས་ཏེ་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དེ་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་པ་དང་། དེ་ནས་གཉེན་སྒྲིག་དང་འདས་མཆོད་སྟབས་བདེར་བཏང་བ་དེ་མི་མང་པོ་ཞིག་གིས་དང་ལེན་བྱེད་ཀྱིན་ཡོད། ཏང་སྲོལ་སྲིད་སྲོལ་གྱིས་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱས་པས། མི་དམངས་མང་ཚོགས་རྣམས་སྤྱོད་ཚུལ་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཏུ་གྱུར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་ད་ལོའི་ཟླ་བཞི་པའི་བར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན་བསྡོམས་པས་འབུམ་བདུན་དང་ཁྲི་གཉིས་སྟོང་གསུམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་མཁན་མི་འབུམ་དྲུག་དང་ཁྲི་བཞི་སྟོང་བཞི་ཟིན་ཡོད་ལ། མི་དམངས་མང་ཚོགས་ཀྱིས་འཁོན་འཛིན་བྱེད་པའི་བྱ་ངན་སྤྱོད་ངན་བཀག་འགོག་ནུས་ལྡན་བྱེད་ཐུབ་ཡོད།

གཟེར་བརྡབ་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་སུ་གྱུར་པའི་རིགས་ལ་ཁྲིམས་གཅོད་མཐའ་གཅིག་ཏུ་བྱ་དགོས།

མི་རྣམས་ཀྱིས་གསལ་བོ་ཤེས་པ་ནི། 2014ལོའི་ཟླ12པའི་ཚེས13ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཀྲིན་ཅང་དུ་རྟོག་ཞིབ་གནང་སྐབས། ལོ74ལ་སླེབས་པའི་རྒན་པོ་ཚོས་རུང་ཧའེ་མི་ཚོགས་ཀྱི་མདུན་དུ་སླེབས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ལ་དམ་པོར་འཇུས་ཏེ། “ཁྱེད་ནི་རུལ་སུངས་པ་མེད་པར་གཏོང་མཁན་ཡིན་པས། འདི་ནི་རྒྱལ་ཡོངས་མི་དམངས་ཀྱི་བསོད་ནམས་ཤིག་རེད”ཅེས་བཤད།

སེམས་གཏིང་གི་བསྔགས་བརྗོད་དེ་ལས་མི་དམངས་མང་ཚོགས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སེམས་གཏིང་ནས་བརྩི་བཀུར་བྱེད་བཞིན་པ་མཚོན་གྱིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྲིམས་ལྗིད་མོས་ཟང་ཟིང་བཅོས་པའི་ཆོད་སེམས་དང་། དཔའ་བོས་རང་ལག་གཅོད་ཕོད་པའི་བློ་སྟོབས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ཡོད།

“སྟག་རྡུང་པར”བཀག་སྡོམ་ཁུལ་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། འབྲིང་རིམ་དོ་དམ་ལས་བྱེད་པ་ལྔ་བརྒྱ་ལྷག་ཙམ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་དང་བརྟག་དཔྱད་བྱས་ཡོད།

“སྦྲང་གསོད་པར”སྙིང་རྗེ་མེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ནས་ད་ལོའི་ཟླ་བཞི་པའི་བར། རྒྱལ་ཡོངས་སུ་དམངས་ཚིས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་འབུམ་བཞི་དང་ཁྲི་དགུ་སྟོང་དྲུག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་མཁན་མི་འབུམ་བཞི་དང་ཁྲི་ལྔ་སྟོང་དྲུག་ཟིན་ཡོད།

“ཝ་རྔོན”མཚམས་མི་འཇོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། “གནམ་རྒྱའི་འགུལ་སྐྱོད”ཀྱིས་ཕྱི་རྒྱལ་དུ་བྲོས་པའི་མི་སྟོང་དྲུག་དང་དགུ་བརྒྱ་བདའ་འདེད་བྱས་པ་དང་། ལྐོག་རྔན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་དྲུག་འདེད་ལེན་བྱས་ལ། “འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་བསྡོམས་པས་མི་རེ་གཅིག་ཁྲིམས་ལ་སྦྱར་ཡོད།

རུལ་སུངས་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ“བབ་བསྟུན་གྱི་རྣམ་པ་ཞིག་ཏུ་གྱུར་པ”ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ“ཟིལ་གྱིས་གནོན་པའི་རྣམ་པ་ཞིག་ཆགས་ཟིན་པའི”བར་དང་། “ཟིལ་གྱིས་གནོན་པའི་རང་བཞིན་ལ་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་བའི”བར་གྱི་ལོ་བཅུའི་རིང་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

དོན་དངོས་ལ་གཞིགས་ནས་གྱོད་གཞི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ“མཇུག་གི་བྱ་བ”ཡག་པོ་སྒྲུབ་དགོས། དངོས་གནས་བསམ་བློ་ཆབ་སྲིད་སློབ་གསོའི“ཐབས་མཆོག”གི་ནུས་པ་འདོན་སྤེལ་བྱས་ཏེ། དེ་ཉིད་རྒྱུན་ལྡན་གྱི་ལྟ་སྐུལ་དང་སྒྲིག་ལམ་ལག་བསྟར། ཁྲིམས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། སྤྱོད་གཙང་གི་རིག་གནས་དྲང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། དྲང་ཕྱོགས་ཀྱི་སྣེ་ཁྲིད་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་ཟུང་འབྲེལ་གང་ལེགས་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རུལ་སུངས་བྱེད་མི་ནུས་པའི་དྲ་རྒྱ་མུ་མཐུད་ཇེ་བརྟན་དུ་བཏང་བ། རུལ་སུངས་བྱེད་མི་འདོད་པའི་ཆུ་རགས་ཉིན་བཞིན་ཇེ་བརྟན་དུ་བཏང་བ་བཅས་བྱས་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ“ལྕགས་ལ་འཇུས་ན་རྗེས་ཤུལ་ཡོད་པ་དང་རྡོ་ལ་སྤོས་ན་རྐང་རྗེས་ཡོད་པའི”དངོས་འབྲེལ་བྱུང་ཡོད།

བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ།

2018ལོའི་ཟླ3པའི་ཚེས23ཉིན། པེ་ཅིང་ཕིང་ཨན་ལི་ནུབ་གྱི་སྲང་ལམ་དུ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང”གི་སྒོ་བྱང་ཐོག་གི་དར་གོས་དམར་པོ་ཕྱེ་བ་དང་ཆབས་ཅིག རྒྱལ་ཁབ་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ལས་ཁུངས་གསར་རྐྱང་ཞིག་ལ་དངོས་སུ་སྒོ་བྱང་བཀལ་བ་རེད།

ཚོད་ལྟའི་བྱ་བ་སྤེལ་བ་ནས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བའི་བར། རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སྔ་རྗེས་སུ་བཙུགས་པ་ནས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་དངོས་སུ་བཀལ་བའི་བར་དང་། ལྟ་ཞིབ་བཅའ་ཁྲིམས་བཟོས་པ་ནས་གཞུང་གི་ལས་བྱེད་པའི་སྲིད་དོན་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་དང་། ལྟ་ཞིབ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག ལྟ་ཞིབ་དཔོན་གྱི་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས་རབ་དང་རིམ་པ་བཟོས་ནས་བཏོན་པ་རེད།

རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་གྱི་གོམ་སྟབས་མགྱོགས་ལ་བརྟན་པ་དང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་མ་ཟད། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ཚད་གཞི་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

དེ་དང་ཆབས་ཅིག “རྣམ་པ་རིགས་བཞི”བེད་སྤྱོད་ནུས་ལྡན་བྱས་ཏེ། གདོང་མདོག་དམར་པོར་བསྒྱུར་བ་དང་རྔུལ་ཆུ་ཐོན་པ་དེ་རྒྱུན་རྣམ་དུ་འགྱུར་བ་དང་། སྔ་ཙམ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན། ཆུང་ས་ནས་སྔོན་འགོག་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དེ“ཆེས་ཉུང་ཤས་ལ་ཆད་གཅོད”བྱེད་པ་ནས“ཆེས་མང་ཆེ་བ་དོ་དམ”བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།

གཞི་གྲངས་ལས་མངོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་ད་ལོའི་ཟླ་བཞི་པའི་བར། རྒྱལ་ཡོངས་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས“རྣམ་པ་རིགས་བཞིར”བརྟེན་ནས་སྐྱོན་བརྗོད་སློབ་གསོའི་ཐད་རོགས་རམ་བྱས་པ་དང་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གསུམ་ཁྲི་བཞི་སྟོང་བཞི་ཐག་གཅོད་བྱས་པ་རེད། དེའི་ཁྲོད། རྣམ་པ་དང་པོ་དང་གཉིས་པ་སྤྱད་ནས་ཐག་གཅོད་བྱས་པའི་མི་གྲངས་བསྡོམས་འབོར་90%ལས་བརྒལ་ཡོད། དེའི་ཐོག་ནས་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ཐད་ཐོབ་པའི་ཕན་འབྲས་གང་ལེགས་ཀྱིས་མངོན་ཡོད།

2022ལོའི་ཟླ་བདུན་པར། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དགུ་པའི་སྐོར་ཞིབ་ཚན་ཆུང་གི་ཚུར་ལན་བྱ་བ་ཚང་མ་ལེགས་སྒྲུབ་བྱས་པ་རེད། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་སྤུས་ཚད་མཐོན་པོས་ཁྱོན་ཡོངས་ལ་ཁྱབ་པའི་ལས་འགན་ལེགས་སྒྲུབ་བྱས།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཆེད་དོན་སྐོར་གཟིགས་འཚོལ་ཞིབ་བྱས་ནས་སྤེལ་བ་དང་། “སྐབས་བསྟུན་རྣམ་པའི”སྐོར་ཞིབ་བྱས་པ། “ཕྱིར་མིག་ལྟ་བའི”བྱེད་སྒོ་ཐེངས་དང་པོ་སྤེལ་བ་བཅས་ཀྱི་རྗེས་སུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་བྱ་བ་སླར་ཡང་འགོ་བཙུགས་ཏེ་ཆབ་སྲིད་སྐོར་ཞིབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ཆེ་བའི་འབུར་ཐོན་གནད་དོན་ལ་དམ་པོར་དམིགས་ནས། རལ་གྲི་རྣོན་པོ་མཐོན་པོར་བཏེགས་པ་དང་ཟིལ་ཤུགས་རྒྱུན་ལྡན་གྱི་མངོན་གསལ་བརྡ་རྟགས་རྒྱུན་ཆད་མེད་པར་བཏང་བ་རེད།

སྒྲིག་ཁྲིམས་ལྟ་སྐུལ་དང་ལྟ་ཞིབ་ལྟ་སྐུལ། མངགས་གཏོང་ལྟ་སྐུལ། སྐོར་སྐྱོད་ལྟ་སྐུལ་བཅས“ལྟ་སྐུལ་ཁག་བཞི”སྤྱི་འདོམས་འབྲེལ་མཐུད་དང་ཁྱོན་ཡོངས་ནས་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱིས་གཙོ་ཁྲིད་བྱས་ཏེ། ལྟ་སྐུལ་སྣ་ཚོགས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་བརྟེན་ནས་ཏང་གི་སྔོན་ཐོན་དྭངས་གཙང་དང་། མཐུན་སྒྲིལ་དང་གཅིག་གྱུར་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རླབས་ཆེན་གྱི་རྒྱལ་ཁ་གསར་པ་རྒྱུན་མི་ཆད་པར་ལེན་ངེས་ཡིན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།