ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཚེ། མཚོ་སྔོན་ནི་སྔོན་ཆད་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ཁག་ཡོད་པའི་ས་ཁོངས་ཞིག་དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་ཁྱོན་ཡོངས་ལ་ཁྱབ་པའི་ཞིང་ཆེན་ཞིག་ཡིན་ཞིང་། དེ་རུ་ནུབ་རྒྱུད་ས་ཁུལ་དང་། མི་རིགས་ས་ཁུལ། མཐོ་སྒང་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་ཁྱད་ཆོས་ཡོངས་སུ་ལྡན།
བརྒྱུད་ཟིན་པའི་ལམ་བུ་ལ་ཕྱིར་མིག་ལྟོས་ཚེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་དང་པོ་དང་དམངས་ཚིས་བཟོ་སྐྲུན་ཨང་དང་པོར་བརྩིས་ནས། གནད་འཁེལ་དབུལ་སྐྱོར་གྱི་དབུལ་ཐར་བྱེད་ཕྱོགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམག་འཐབ་བརྒྱབ་པ་དང་། མཁྲེགས་གཏོར་དཀའ་སེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་པོ་རྫོང42ཀྱིས་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་སྡེ་བ1622ཚང་མ་དབུལ་པོ་ལས་ཐར་བ་དང་། དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གསུམ་སྟོང་དགུ་ཚང་མ་དབུལ་བོ་ལས་ཡོངས་སུ་ཐར་ཏེ། ཤིན་ཏུ་དབུལ་བོ་དང་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོ་ཡིན་པ་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱས་ནས་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པ་བྱུང་།
མདུན་ཕྱོགས་ཀྱི་ལམ་བུར་རྒྱང་ལྟ་བྱས་ཚེ། མཚོ་སྔོན་ཡང་བསྐྱར་སྐྱོད་ལམ་གསར་བའི་སྟེང་སྐྱོད་པར་ཡིད་ཆེས་བརྟན་པོས་ཁེངས་ཡོད་པ་སྟེ། གྲོང་གསེབ་མཛེས་པ་ནས་མང་ཚོགས་ཕྱུག་པོ་ཡིན་པ་དང་། ཐོན་ལས་དར་སྤེལ་ནས་གོམས་སྲོལ་གསར་བའི་བར། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་འབྲས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པར་བརྟན་འཇགས་སྒོས་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་ལམ་བུའི་ཐོག་བསྐྱོད་ཡོད།
དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
ཟླ8ཚེས31ཉིན་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི“ཀྲུང་གོའི་ལོ་ངོ་བཅུ·མཚོ་སྔོན” བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་བརྗོད་དོན་གཙོ་བོ་ཁྱབ་སྒྲོག་བྱེད་སྐབས།“དབུལ་པོའི་ཚད56%ཟིན་པའི་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བ་དེ་ལམ་བགྲོད་དཀའ་བ་དང་། ཆུ་འཐུང་དཀའ་བ། སྨན་པར་སྟོན་དཀའ་བ། སློབ་གྲྭར་འགྲོ་དཀའ་བ། ཞོར་ལས་གཉེར་དཀའ་བ། གཉེན་སློང་དཀའ་བ་སོགས་ཀྱི་དཀའ་ངལ་དང་ཁ་བྲལ་ཏེ། ད་ལྟ་སྡེ་བ་གསར་བ་དང་། རྣམ་པ་གསར་བ། འཚོ་བ་གསར་བར་གྱུར་ཡོད། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་སྡེ་བ་ནོར་ལུག་གི་ལྕི་བ་དང་རྡོ་སོལ་འབུད་པ་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ‘གནས་སྤོ་ཐུབ་པ་དང་། གཏན་སྡོད་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ’བྱུང་ཡོད། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་སྡེ་མིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་དེ་ཡང་རེ་རེ་བཞིན་མངོན་འགྱུར་བྱུང་ནས་སྡེ་མི་ཚོས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ས་ཚིགས་སྐྲུན་བཞིན་ཡོད།”
ཟིལ་རླབས་དགུང་དུ་འཕྱུར་བ་ལྟ་བུའི་དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེའི་ལག་ལེན་ཁྲོད། ཞིང་ཆེན་ཡོངས་སུ་གྲུབ་འབྲས་གཟེངས་སུ་ཐོན་པ་དང་བྱས་རྗེས་ཀྱིས་མི་སེམས་འགུལ་བའི་སྔོན་ཐོན་དཔེ་བཟང་སྐོར་ཞིག་བྱུང་བ་སྟེ། སྔོན་ཐོན་མི་སྒེར45དང་། སྔོན་ཐོན་ཐུན་མོང་35ལ་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་གཟེངས་བསྟོད་བྱས་པ་དང་། ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བར“རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དཔེ་སྟོན་པ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ།
“རྩ་འཛུགས་སྟོབས་ལྡན་དང་། ཐོན་ལས་དར་རྒྱས། བཅོས་སྐྱོང་ལེགས་པོ། དར་སྤེལ་ལ་སྐུལ་འདེད།”
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གྱི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ཀྱི་འགན་སྲུང་གལ་ཆེན་དམ་འཛིན་དང་། ཏང་འཛུགས་དམ་འཛིན་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་རྩོད་ནུས་པའི་འབོད་སྐུལ་རྒྱུན་མི་ཆད་པར་ཇེ་དྲག་ཏུ་བཏང་ནས་རྩ་འཛུགས་དར་སྤེལ་ལ་ཤུགས་སྣོན་གསར་པ་ཐོབ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ4149ཡི་ཐུན་མོང་དཔལ་འབྱོར་ཁྱོན་ཡོངས་ནས་གོང་འཕེལ་བྱུང་བ་དང་། ཧྲུའུ་ཅི་དང་པོ་དང་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་མི་སྣ་ཁྲི་གཅིག་དང་སྟོང་བཞི་དགུ་བརྒྱ་ལྷག་བདམས་ནས་གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་རྣམས་དབུལ་ཐར་མཁྲེགས་གཏོར་ཁྲོད་མགྱོགས་མྱུར་སྒོས་འཚར་ལོངས་བྱུང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པའི་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་དུ་གཏོང་བ། ཏང་གིས་ཞིང་སྡེ་དང་འབྲོག་ཁུལ་དུ་སྲིད་འཛིན་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད།
“གཅིག་ཀྱང་ཆད་མི་རུང་ལ། གཅིག་ཀྱང་རྗེས་སུ་ལུས་མི་རུང་།”
དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་འགོ་བརྩམས་རྗེས། མཚོ་སྔོན་ཞིང་ཆེན་གྱིས“1+8+10”ཡི་སྲིད་ཇུས་མ་ལག་ཁྲིད་སྟོན་དུ་བྱས་ནས་གནད་འཁེལ་ཇུས་འདོན་དང་། དམག་འཐབ་ནང་ཧུར་ཐག་གིས་ཞུགས་ཏེ། ཞིང་སྡེའི་མི་རེར་ཆ་སྙོམས་ཀྱིས་བགོ་བཤའ་བརྒྱབ་ཆོག་པའི་ཡོང་སྒོ་བསྟུད་མར་འཕར་སྣོན་བྱུང་བ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་དེ2015ལོའི་སྒོར་མོ2196ནས2020ལོར་སྒོར་མོ10504བར་ཇེ་མང་དུ་སོང་ལ། ལོ་རེར་ཆ་སྙོམས་ཀྱིས36.8%འཕར་བ་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི 27.6གིས་མཐོ་བ་རེད། དབུལ་ཕོངས་མང་ཚོགས་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་སྐྱེ་ཁམས་ལྟ་སྲུང་པར་གྱུར་བ་དང་། མི་རེའི་ལོ་རེའི་ཆེས་མཐོ་བའི་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་སླེབས་ཅིང་། དེས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པར་མ་ཟད། ད་དུང་སྒོར་ཁུག་ཀྱང་མཐུག་པོར་གྱུར། ནོར་གནག་དང་། ནས། གྲོང་གསེབ་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་རྩལ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཕོངས་མང་ཚོགས་བརྟན་འཇགས་སྒོས་ལས་ཞུགས་བྱེད་པའི་གྲངས་ཀ་ལོ་རེར་རིམ་བཞིན་ཇེ་མང་དུ་སོང་བ་དང་། སློབ་མཚམས་མི་ཆད་པ་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་བྱ་བའི་ཉམས་མྱོང་དེ་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་བ་དང་། ཐུམ་འབུའི་ནད་དང་། གློ་གཅོང་གི་ནད་སོགས་ས་གནས་རང་བཞིན་གྱི་ནད་ལ་ཕན་འབྲས་ལྡན་པའི་སྒོ་ནས་བཀག་འགོག་བྱེད་ཐུབ་པ་བྱུང་ཞིང་། རོང་འབྲོག་མང་ཚོགས་འབུམ་གཉིས་དང་ཁྲི་ལྔ་ལྷག་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་དང་ཉེན་ཁང་སྒྱུར་བཀོད་སོགས་བྱས་ནས་སྡོད་ཁང་གི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཏེ།“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཁྱོན་ཡོངས་ནས་མངོན་འགྱུར་བྱས།
ད་ལྟ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་འཛིན་བྱེད་བཞིན་གྲོང་གསེབ་དར་སྤེལ་གྱི་འགོ་གསར་བ་རྩོམ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་བ།
“མཚོ་སྔོན་གྱི་བྲོ་བ”ལྡན་པའི་ཐུག་རིང་ཕོར་བ་གང་གིས་མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ཐད་བགྲོད་ལམ་གསལ་སྟོན་བྱས་པ་དང་། དེ་ནི་ས་དེའི་རིགས་སོ་སོའི་མང་ཚོགས་རྣམས་དབུལ་ཐར་བྱས་ནས་ཡོང་སྒོ་འཕར་སྣོན་གཏོང་བའི་ཁེ་ལས་གཙོ་བོར་འགྱུར་བར་སྣེ་ཁྲིད་བྱས། འོད་ནུས་པང་ལེབ་ཀྱི་བར་རྒྱུད་དུ་གཟན་རྩྭར་རོལ་བཞིན་པའི“འོད་ནུས་ལུག”གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་གི་སྐྱེ་ཁམས་འོད་ནུས་ར་བའི་སྤང་ཤུན་མགྱོགས་མྱུར་སྒོས་སླར་གསོ་བྱུང་བ་དང་། མཐའ་འཁོར་གྱི་སྡེ་མིའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ས་ཡ་གཉིས་ལ་སླེབས། “ཞབས་ཞུ་ཁུལ་དང་། ཡུལ་སྐོར། བཟའ་བཏུང་། རླངས་འཁོར་ཞབས་ཞུའི”རྣམ་པའི“ལམ་འགྲམ་དཔལ་འབྱོར”གྱིས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དུ“ལས་རིགས་གཅིག་གིས་སྐུལ་ཁྲིད་དང་། ལས་རིགས་མང་པོའི་འདེགས་སྐྱོར། མཉམ་འབྲེལ་སྒོས་ཤུགས་འདོན་པའི” སྣེ་མང་ཅན་གྱི་ཐོན་ལས་མ་ལག་ཅིག་གྲུབ་པ་དང་། གྲོང་གསེབ་དར་སྤེལ་གྱི་འཕར་རྩའི་ནུས་པ་འཕེལ་བར་བྱས་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་བསྡུས་རིས་ཤིག་རེད།
དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དེ་ནི་མཇུག་མཐའ་མིན་པར་འཚོ་བ་གསར་བ་དང་འབད་འཐབ་གསར་བའི་འགོ་རྩོམ་ས་རེད། དབུལ་ཕོངས་ཀྱི་རྩ་བ་གཅོད་པ་དང་། ཡང་བསྐྱར་དབུལ་བོར་མི་ལོག་པའི་ཆེད་དུ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་འབད་འཐབ་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་དུ་མུ་མཐུད་གྲུབ་འབྲས་གསར་བ་ལེན་དགོས།
དབུལ་ཕོངས་ཀྱི་རིགས་དང་རྒྱུ་རྐྱེན་ལ་ཁྱད་པར་སྣ་ཚོགས་ཡོད་པས། “སྨན་གྱི་སྡེབ་ཁ”འགྲིག་ན། ད་གཟོད“དབུལ་ཕོངས་རྩ་བ”ནས་མེད་པར་བཟོ་ཐུབ།
མཚོ་སྔོན་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་འཚམ་སར་ཞིང་ལས་དང་། ནགས་ལས་འཚམ་སར་ནགས་ལས། འབྲོག་ལས་འཚམ་སར་ཕྱུགས་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར་དར་སྤེལ་བཅས་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པར་ཞིབ་འཇུག་བྱས་ནས་བཏོན་པ་དང་། རྫོང་ལ་ཐོན་ལས་གླིང་ཡོད་པ་དང་། སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པ། ཁྱིམ་ཚང་ལ་ཡོང་སྒོ་འཕར་བའི་ལས་གཞི་ཡོད་པའི་ཐོན་ལས་རོགས་སྐྱོར་མ་ལག་ཅིག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། རྫོང་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་39དང་། དབུལ་སྐྱོར་འཁོར་ཁང་282མུ་མཐུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། 2022ལོའི་ལོ་སྟོད་དུ་དབུལ་ཐར་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་དུས་མཉམ་ལས7.8%འཕར་སྣོན་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་དེ་བརྒྱ་ཆའི2.2ལས་མཐོ་བ་རེད།
“ཐོན་ལས”ཀྱི་འགྱིག་རྡེའུ་ཡག་པོར་དེད་ནས“མཉམ་སྡེབ་དྲག་འཐབ”བཟང་པོར་རྒྱག་དགོས། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། “ལེགས་ལ་དམིགས་བསལ་ལྡན་པ་དང་། དམིགས་བསལ་ནས་ཞིབ་ཚགས་ཡིན་པའི” ཐོན་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། ནོར་གནག་དང་། བོད་ལུག ནས། འཕང་འབྲས། འཁྱག་ཉ། སྡེ་བ་རིམ་པའི་འོད་ནུས། གྲོང་གསེབ་དར་སྤེལ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། ཉེ་བའི་ལོ་འགའི་རིང་། ནོར་གནག་གི་ཤ་དང་། བོད་ལུག་གི་ཤ་ལོ་རེར་ཞིང་ཆེན་གཞན་ལ་ཕྱིར་འཚོང་བྱས་པའི་ཚད་རྒྱ་མ་ཏུན་འབུམ་གཅིག་ཙམ་ལ་སླེབས་པ་དང་། ནོར་གནག་དང་ལུག་ཤ་སྤྱིའི་ཐོན་ཚད་ཀྱི་བཞི་ཆའི་གཅིག་ཟིན་གྱིན་ཡོད། ཞིང་ཆེན་ཡོངས་སུ་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་སྟོང་བདུན་དང་བདུན་བརྒྱར་སླེབས་པ་དང་། ཐོན་ཚད་ཏུན་སྟོང་དྲུག་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་ཞིག་ཏུ་གྱུར། འོད་ནུས་དབུལ་སྐྱོར་བཟོ་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་རྫོང་39ལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་དང་། གློག་འདོན་ས་ཚིགས་བསྐྲུན་ནས་གློག་སྟོང་ཝ་འབུམ་བདུན་དང་ཁྲི་གསུམ་ལྷག་ལ་སླེབས་ཤིང་། ལོ་རེར་གློག་ཐོན་སྐྱེད་བྱས་པའི་རིན་ཐང་སྒོར་མོ་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་ལ་སླེབས་ཅིང་། སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་གྱི་ཕན་འབྲས་ཐོབ་པ་དང་། ཁྱིམ་ཚང་ཁྲི་བདུན་དང་སྟོང་བདུན་དང་།མི་གྲངས་ འབུམ་གཉིས་དང་ཁྲི་བརྒྱད་སྟོང་གསུམ་ལ་ཐད་ཀར་ཁེ་ཕན་ཐོབ་པར་མ་ཟད། རྒྱལ་ཁབ་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱད་སྟོབས་ཁུལ་ལྔ་དང་། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་བཞི། རྒྱལ་ཁབ་རིམ་པའི་ཐོན་ལས་གཅིག་བསྡུས་ཚོགས་པ་གསུམ།ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་ཉེར་དགུ་བཅས་འཛུགས་སྐྲུན་བྱས་ཏེ། ནོར་གནག་དང་། བོད་ལུག ནས། ལོག་དཀར་སོགས་ཁྱད་ལྡན་ཐོན་ལས་ཀྱི་གཅིག་བསྡུས་ཚོགས་པའི་རྣམ་པ་འཕེལ་རྒྱས་སུ་བཏང་།
ད་ལྟ་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་ལྡན་པའི་རི་མོ་དེ་དལ་བ་དལ་བུའི་ངང་སྤེལ་བཞིན་ཡོད་པ་དང་། མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཐོན་ལས་དར་སྤེལ་གྱིབགྲོད་ལམ་སྟེང་བསྐྱོད་འདོད་ན། ཁྱད་ལྡན་སྤུས་ལེགས་ཐོན་ལས་ལ་དམིགས་ཏེ་ལས་རྣམ་གསར་པ་སྐྱེད་སྲིང་དང་། སྒུལ་ནུས་གསར་པ་འཕར་སྣོན། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
འབྱོར་འབྲིང་ལམ་དུ་ཤུགས་ཀྱིས་བསྐྱོད།
དབུལ་ཕོངས་མང་ཚོགས་ཁྲི30.2ཡི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་བྱུང་བ་དང་། ཆ་རྐྱེན་འཛོམས་པའི་སྲིད་འཛིན་སྡེ་བའི་གཞུང་ལམ་སྲ་འགྱུར་བྱེད་ཚད་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་ཚད། འོད་སྐུད་དྲ་བ་འཐེན་ཚད100%ལ་སླེབས་ཤིང་། དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ཡི་འོད་ནུས་དབུལ་སྐྱོར་གློག་འདོན་ས་ཚིགས་ཚང་མར་དྲ་སྦྲེལ་གློག་གཏོང་བྱས་ཡོད་པ་དང་། གློག་དྲ་ཆེན་མོ་ཁྱབ་པ་དང་འོད་ནུས་རྐྱང་མ་ཡིས་དབུལ་ཐར་མང་ཚོགས་ཀྱི་གློག་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་བཞིན་ཡོད་ལ། རླུང་འཕྲིན་ལ་ཉན་མཁན་དང་བརྙན་འཕྲིན་ལ་ལྟ་མཁན་གྱི་ཕྱོགས་བསྡུས་མི་གྲངས་ཁྱབ་ཚད98.8%སླེབས་ཅིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་སོ་ཕག་གི་ཁང་པའི་ནང་འདུག་ཐུབ་པ་བྱུང་བ་དང་། སེམས་བདེ་མོའི་ཆུ་འཐུང་ཐུབ་པ། འབྱོར་འབྲིང་གི་ལམ་དུ་བགྲོད་ཐུབ་པ་བྱུང་བས་གྲོང་གསེབ་ཀྱི་རྣམ་པར་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་ཡོད།
མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་བགྲོད་པ་ན། གྲོང་གསེབ་དར་སྤེལ་གྱི་མཛེས་པའི་རི་མོ་རེ་རེ་མིག་མདུན་དུ་མངོན་ཡོང་། སྡོད་ཁང་གསར་པ་དང་། འཐུང་ཆུ་གཙང་མ། ཡངས་པའི་སྡེ་ལམ་སོགས་ཀྱིས་དབུལ་ཐར་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བགྲོད་ཐུབ་པ་བྱུང་བ་དང་། མཛེས་པའི་གྲོང་གསེབ་དར་སྤེལ་གྱི་ལམ་ཆེན་དུ་བགྲོད་ཐུབ་པ་བྱུང་།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ནི་ལས་སླ་མོར་ཐོབ་པ་ཞིག་མིན་པ་དང་། སྲུང་འཛིན་བྱས་པ་ཡོད་ལ་འགྲན་སློང་ཡང་གནས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་འགོ་ཁྲིད་ཀྱི་མཐོ་ཚད་ནས་སྐུལ་འདེད་བྱེད་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཤུགས་རྒྱག་པའི་རྣམ་པ་ཞིག་ཆགས་ཡོད་པ་དང་། སྒྲིག་སྲོལ་འཐུས་ཚང་དང་སྐུལ་འདེད་གཏོང་བ་བརྒྱུད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེས་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་བྱ་བར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས་ཡོད། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་མཉམ་འབྲེལ་གྱིས་སྐུལ་འདེད་བཏང་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་གནད་གཅིག་ནས་ཁྱོན་ཡོངས་འགྲུབ་པར་བྱས་ཏེ། མཉམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་ཆགས་ཡོད།
འདས་པའི་ལོ་གཅིག་གི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་དབུལ་པོར་ལོག་པ་དང་སྤུས་ཚད་མཐོར་འདེགས་གཏོང་བ་གཉིས་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ་དང་། སྲིད་ཇུས་བརྟན་པོ་དང་རྐྱེན་སྲོལ་འཛུགས་པ་གཉིས་དུས་གཅིག་ཏུ་ལག་བསྟར་བྱེད་པ། སྲ་བརྟན་ལ་སྐུལ་འདེད་དང་འབྲེལ་མཐུད་དམ་འཛིན་བྱེད་པ་གཉིས་མངོན་འགྱུར་བྱས་ཏེ། “1+5+7+N”ཡི་ཕན་འབྲས་ལྡན་པའི་འབྲེལ་མཐུད་སྲིད་ཇུས་ཀྱི་སྒྲིག་སྲོལ་མ་ལག་ཅིག་བཟོས་ནས“2411”གི་ཡང་བསྐྱར་དབུལ་བོར་ལོག་པ་འགོག་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་སྒྲིག་སྲོལ་འཐུས་ཚང་ཞིག་བཙུགས་པ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཇེ་དྲག་ཏུ་བཏང་སྟེ། 80%ཡན་གྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་ཡང་བསྐྱར་དབུལ་བོར་ལོག་པའི་ཉེན་ཁ་བརྟན་པོའི་ངང་སེལ་བ་རེད། དབུལ་ཐར་ས་ཁུལ་གྱི་མང་ཚོགས་དང་དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་བསྟུད་མར་འཕར་སྣོན་བྱུང་བ་དང་། 2021ལོར་དབུལ་ཐར་མང་ཚོགས་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་མོ11801ལ་སླེབས་པ་དེ་ལོ་སྔོན་མ་དང་བསྡུར་ན12.3%འཕར་ཞིང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་ཚད་དེ་བརྒྱ་ཆའི2.1གིས་མཐོ་བ་རེད།
རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ནས་ཧན་ཧའེ་བྱེ་ཐང་བར་དང་། མཚོ་སྐོར་འབབ་རྒྱུད་ནས་རྨ་ཙོང་ས་ཆའི་བར་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་མངོན་འགྱུར་བྱེད་པའི་ཐད་དམངས་ཚིས་བདེ་སྐྱིད་གོང་འཕེལ་བྱུང་བ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་བརྒྱུད་རིམ་གལ་ཆེན་ཞིག་རེད།
རྒྱལ་ཡོངས་སུ་སྔོན་ལ“བསམ་བློའི་སྟེང་དབུལ་ཐར”བྱེད་པའི་བྱེད་སྒོ་སྤེལ་ཏེ། བློ་སྟོབས་དང་རིག་སྟོབས་གཉིས་ཀྱི་ཆ་ནས་རོགས་སྐྱོར་བྱེད་པ་བརྒྱུད་དེ། དབུལ་ཐར་མང་ཚོགས་རྣམས་རང་འགུལ་གྱིས་དབུལ་ཐར་བྱས་ནས་ཡོང་སྒོ་འཕར་བར་བརྩོན་པའི་འདུ་ཤེས་དེ་མངོན་གསལ་གྱིས་ཇེ་ཆེར་སོང་ཡོད། རི་སྐྱེས་སྲོག་ཆགས་རྩ་ཆེན་གསོད་མི་ཆོག་པ་དང་ཕྱིར་འཚོང་བྱེད་མི་ཆོག་པ། གཉེན་སློང་རྟེན་མང་པོ་ལེན་པ། གཉོར་སྐྱོང་ལེགས་པོ་མི་བྱེད་པ་དང་འདས་མཆོད་རྒྱ་ཆེར་སྒྲུབ་པ་སོགས་ཀྱི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་བྱེད་པ་དམ་འཛིན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་མུ་མཐུད་ཟབ་མོར་སྤེལ་ནས་དབུལ་ཐར་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བཞིན་ཡོད།
2020ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགན2100བཀོད་སྒྲིག་དང་ལག་བསྟར་བྱས་པ་དང་། དུས་མཚུངས་སུ2021ལོ་དང་2022ལོར་མུ་མཐུད་དུ་ལོ་རེར་མཛེས་པའི་གྲོང་གསེབ300འཛུགས་སྐྲུན་བྱེད་པ་ལག་བསྟར་བྱས་ནས་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་དང་། གཅིག་གྱུར་འཆར་འགོད་བྱས་ནས་ཁོར་ཡུག་ལེགས་སྒྲིག་ལ་སྐུལ་འདེད་དང་། སྡེ་བའི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་།
ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གཅིག་ཀྱང་ལུས་མི་རུང་། མཚོ་སྔོན་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་རེ་སྨོན་བྱེད་པ་ནམ་ཡང་མཚམས་ཆད་མ་མྱོང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འཕེལ་རིམ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་སྔར་ལས་འཐུས་ཚང་དང་། སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་ཞིག་སྒོ་ཀུན་ནས་བརྩམས་ཡོད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།