ཐོག་མའི་བསམ་འདུན་ལ་བརྟེན་ནས་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱས།  
2022.10.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

           སྤྱིར་བཏང་མ་ཡིན་པའི་ལོ་ངོ་བཅུའི་མཚོ་སྔོན་གྱི་གྲུབ་འབྲས་ལྟ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཕོངས་སེལ་བ་དང་། དམངས་ཚིས་ལེགས་བཅོས།  རིམ་བཞིན་མཉམ་དུ་ཕྱུག་པོར་འགྱུར་བ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཡང་ཡིན་ཞེས་བསྟན་ཡོད། དབུལ་ཐར་མཁྲེགས་གཏོར་ནི་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཡོངས་ལ་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་གྱི་ལས་དོན་ཞིག་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་ སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་དང་མི་དམངས། ལོ་རྒྱུས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དབུལ་ཐར་མཁྲེགས་གཏོར་གྱི་གཅིག་སྡུད་དུང་བརྡ་བཏང་ཡོད།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཏང་གཤིས་སྦྱོང་བརྡར་བྱེད་པའི་ཁྲོ་ཐབ་ཆེན་པོ་དང་། སྤྱོད་ཚུལ་བསྒྱུར་བའི་འགག་གནད་སྒྲོལ་ས།  ཞིབ་བཤེར་ནུས་པའི་ཚད་གཞི་གསར་པ་བཅས་སུ་བརྩིས་ནས། དབུལ་ཐར་ཐུབ་པ་དང་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པའི་འབད་འཐབ་ཀྱི་ལེའུ་རེ་རེ་བརྩམས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གཉིས་ལ་གཟིགས་ཞིབ་མཛད་པར་ཕེབས་པ་དང་།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་བཅས་སུ་ཕེབས་ནས་དབུལ་ཐར་མཁྲེགས་གཏོར་ལས་དོན་གྱི་གནས་ཚུལ་ལ་གཟིགས་ཞིབ་མཛད་དེ། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྩལ་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་ལས་འགུལ་ཙམ་དང་འཚུབ་མ་ཙམ་མ་ཡིན་པར།  དངོས་གནས་དབུལ་སྐྱོར་དང་དངོས་སྐྱོར་དབུལ་ཐར། དབུལ་ཐར་ངོ་མ་ཞིག་ཏུ་བྱེད་དགོས་ལ།     མཁྲེགས་གཏོར་དམག་འཐབ་བྱེད་པར་མཁྲེགས་གཏོར་དམག་འཐབ་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱག་དགོས་པ་དང་། འགག་རྩ་ནི་གནད་ལ་འཁེལ་བ་དང་ཏན་ཏིག་ཡོང་བར་བྱ་རྒྱུ་དེ་གཉིས་ཡིན་ཞིང་།  ཕྱིར་འབུད་ཀྱི་འགག་སྒོ་ནན་སྲུང་བྱས་ནས་གྲངས་གཞིའི་དབུལ་ཐར་དང་དབུལ་ཐར་རྫུན་མ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།   ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱ་རྒྱུ་དེ་ཕྱོགས་སོ་སོར་འབྲེལ་བ་ཡོད་མོད། འོན་ཀྱང་ཞན་ཆ་གསབ་རྒྱུ་དེ་ནི་སྲ་ཞིང་བརྟན་པའི་ལས་འགན་ཞིག་ཡིན།  ཞན་ཆ་ནི་རྒྱུན་དུ་ཆེས་གཏིང་ཟབ་དང་ཆེས་དཀའ་ངལ་ཆེ་བའི་གནད་དོན་ཞིག་ཡིན་པས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ངེས་པར་དུ་ཞན་ཆ་གཅིག་བསྡུས་དང་གནད་འཁེལ་མཁྲེགས་གཏོར་བྱེད་དགོས།

མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དུས་སུ། ཁྱོན་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གཏིང་ཟབ་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ཁྲིད་དང་དེད་དཔོན་གནང་བར་ཐུག་ཡོད་ལ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་ཡོད།

སྤྱིར་བཏང་མིན་པའི་ལོ་བཅུའི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཞིར་བཟུང་སྟེ། སུ་ལ་རོགས་སྐྱོར་བྱེད་པ་དང་སུས་རོགས་སྐྱོར་བྱེད་པ། ཇི་ལྟར་རོགས་སྐྱོར་བྱེད་པ། ཇི་ལྟར་ཕྱིར་འཐེན་བྱེད་པ་སོགས་རྩ་བའི་རང་བཞིན་གྱི་གནད་དོན་ལ་དམ་པོར་དམིགས་པ་དང་།  སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་བཅས་ལ་དམིགས་པ།  ལོ་བཞིའི་ནང་གཅིག་སྡུད་མཁྲེགས་གཏོར་དང་ལོ་གཅིག་གི་ནང་སྲ་བརྟན་མཐོར་གཏོང་གི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ནས། དམག་འཐབ་ནུས་ལྡན་དང་མཁྲེགས་གཏོར་དཀའ་སེལ་བྱས་པ་དང་། དབུལ་ཕོངས་ལས་རྣམ་པར་རྒྱལ་བ་དང་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་པ་བརྟན་པོས་བསྐྱོད་ཡོད།

མཚོ་སྔོན་ཞིང་ཆེན་ནི་ལིག་ཕན་ཧྲན་ཡུག་ཁུལ་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་ལ་ཡོངས་སུ་ཁེབས་པའི་ས་ཁུལ་ཞིག་ཡིན་པ་དང་དབུལ་པོའི་གཞི་ཁྱོན་ཆེ་བ་དང་དབུལ་པོའི་ཚད་གཞི་གཏིང་ཟབ་པས་མཁྲེགས་གཏོར་གྱི་ལས་འགན་ཧ་ཅང་ལྕི་བ་རེད།  2013ལོའི་ལོ་མཇུག་ཏུ་དབུལ་པོར་འགྱུར་ཚད19.1%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་ཐིག8.9ཡིས་མཐོ་བ་རེད། 2017ལོར་དབུལ་ནག་རྫོང་བཅོ་ལྔ་དང་དབུལ་ནག་ཞང་གྲོང་བརྒྱ་དང་ཉེར་དགུ་གཏན་འཁེལ་བྱས་པ་རེད།  ལོ་ངོ་བརྒྱད་ཀྱི་རིང་མཁྲེགས་གཏོར་དཀའ་སེལ་བྱས་ཏེ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་།  ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག མཚོ་སྔོན་གྱིས་གཞི་གྲངས་རེ་རེའི་ཐོག་ནས་རྒྱུགས་ལན་མཐོན་པོ་ཞིག་སྤྲད་པ་དང་། གནད་སྨིན་ཇུས་འདོན་དང་མཁྲེགས་གཏོར་དཀའ་སེལ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་ལོ་གཅིག་སྔ་སྣུར་སྒོས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ཞེ་གཉིས་ཀྱི་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་སྡེ་བ་ཆིག་སྟོང་དྲུག་བརྒྱ་ཉེར་གཉིས་དབུལ་ཕོངས་ལས་ཐར་བ།  ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་འབུམ་ལྔ་ཁྲི་གཉིས་དབུལ་ཕོངས་ལས་ཐར་བ་བཅས་ཀྱི་མཁྲེགས་གཏོར་དམིགས་འབེན་མངོན་འགྱུར་བྱུང་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་གི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པས། ང་ཚོའི་ཏང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་ནི་ལས་སླ་པོ་ཞིག་མིན་པ་དང་།  སྲིད་དབང་བརྩོན་ལེན་བྱ་རྒྱུའང་ལས་སླ་པོ་ཞིག་མིན་ལ།  ཀྲུང་གོ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་དེ་བས་ཀྱང་ལས་སླ་པོ་ཞིག་མིན་ཞེས་གསུངས་པ་རེད། མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་ཁོང་རུས་པའི་སྟེང་ནས་གོང་བཀུར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་རིགས་ཁག་ལ་བདེ་སྐྱིད་བསྐྲུན་པས་རེད།

མཚོ་སྔོན་ཞིང་ཆེན་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ཞིང་། དབུལ་ཕོངས་མི་གྲངས་མང་ཞིང་ཁྱབ་རྒྱ་ཆེ་ལ།   དབུལ་པོའི་རྒྱུ་རྐྱེན་རྙོག་འཛིང་ཆེ་བ་བཅས་ཡིན་པས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ནི་དབུལ་ཐར་མཁྲེགས་གཏོར་བྱེད་རྒྱུ་དེ་ཡིན་པ་དང་། མངོན་གསལ་དོད་པའི་ཞན་ཆ་ནི་ད་དུང་མང་ཚོགས་མང་པོ་ཞིག་དབུལ་ཕོངས་ལས་ཐར་ཐུབ་མེད་པ་དེ་རེད།

བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་སྐབས་སུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་ཕྱོགས་བཏོན་པ་ནས་བཟུང་། མཚོ་སྔོན་གྱི་གོང་འོག་ཚང་མས་འབད་འཐབ་དམིགས་འབེན་དེ་དམ་པོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་གོ་གནས་མཐོ་ཤོས་སུ་བཞག་ཏེ། གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་གྱིས་ཚད་གཞི་མཐོ་བའི་བླང་བྱ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་བརྟེན་ནས་རྒྱལ་ཁ་ཕུ་ཐག་ཆོད་པའི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཡོད།

གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། གནད་དོན་ལ་གདོང་གཏོད་ཕོད་པ་དང་འགན་འཁུར་ཕོད་པ། གནད་དོན་ལ་དམིགས་ཏེ་ཐག་གཅོད་དང་གནད་དོན་དམ་འཛིན་གྱིས་ལེགས་བཅོས་བཅས་བྱས་ཏེ། གནད་དོན་དངོས་སུ་ཐག་གཅོད་བྱ་རྒྱུ་དེ་བྱ་བའི་དམིགས་འབེན་དུ་བཟུང་བ་རེད། ཏང་ཀྲུང་དབྱང་གི་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་དང་ཚད་གཞིར་དམ་པོར་དམིགས་ཏེ།   དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བྱས་ཤིང་། རོགས་སྐྱོར་བྱ་ཡུལ་དང་། རྣམ་གྲངས་བཀོད་སྒྲིག མ་དངུལ་བཀོལ་སྤྱོད། བྱེད་ཐབས་དངོས་འབེབས།  སྡེ་བར་བསྟུན་ནས་མི་མངག་པ།  དབུལ་ཐར་ཕན་འབྲས་བཅས་གནད་འཁེལ་དྲུག་ལག་བསྟར་བྱས་པ་དང་། ཐོན་སྐྱེད་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོ།  སྐྱེ་ཁམས་ཁ་གསབ།  སློབ་གསོ་འཕེལ་རྒྱས།  སྤྱི་ཚོགས་འགན་སྲུང་བཅས་མཐའ་སྐྱོང་གི་སྐོར་གཅིག་ཅན་ལྔ་ལག་བསྟར་བྱས་བ། རིམ་པ་ལྔའི་ཧྲུའུ་ཅིས་དབུལ་ཐར་དམ་འཛིན་དང་དཔྱད་ཞིབ་གདེང་འཇོག་དང་ཕྱིར་འཐེན་གྱི་གོ་རིམ་ནན་ཤོས་རྒྱུན་འཁྱོངས་བྱས་ཏེ།  སུ་ལ་རོགས་སྐྱོར་བྱེད་པ་དང་སུས་རོགས་སྐྱོར་བྱེད་པ།   ཇི་ལྟར་རོགས་སྐྱོར་བྱེད་པ།  ཇི་ལྟར་ཕྱིར་འཐེན་བྱེད་པ་བཅས་ཀྱི ཐོག་མའི་སྤྱི་ལེ་གཅིག་དང་མཐའ་མའི་སྤྱི་ལེ་གཅིག་ལས་སྒྲོལ་ཐུབ་པར་བྱས་ནས།  ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་མི་གཅིག་ཀྱང་ལུས་མི་རུང་བར་ཁག་ཐེག་བྱས།

རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ།  ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་ཚང་མ་དབུལ་ཕོངས་ལས་ཐར་བ་སོགས་མཚོ་སྔོན་གྱིས་མི་དམངས་དང་། མཚན་སྙན།  ཕུགས་འདུན་བཅས་ཀྱི་ཆེད་དུ་འབད་འཐབ་བྱས་ཡོད།

མཚོ་སྔོན་གྱིས་སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུའི་བདེ་འཇགས་འགན་སྲུང་སོགས་ཀྱི་ཞན་ཆ་ཚང་མ་གསབ་ནས་སྤྱི་ཚོགས་འགན་སྲུང་གི་མཐའ་སྐྱོང་སྔར་ལས་འཐུས་ཚང་དུ་གྱུར་བ་སོགས་ཀྱི་གྲུབ་འབྲས་དེ་རྒྱ་ཆེའི་རོང་འབྲོག་ཁུལ་གྱི་འཕོ་འགྱུར་ཆེན་པོའི་ཁྲོད་དང་རོང་འབྲོག་མང་ཚོགས་ཀྱི་འཛུམ་མདངས་ཁྲོད་མངོན་པར་བྱས་ཡོད།

དབུལ་ཐར་མཁྲེགས་གཏོར་དམག་འཐབ་བརྒྱབ་པ་ནས་བཟུང་གནད་འཁེལ་དབུལ་སྐྱོར་དང་། གནད་འཁེལ་དབུལ་ཐར། ཡུལ་བབ་དང་བསྟུན་པ།  མིའི་བབ་དང་བསྟུན་པ། བྱེད་ཐབས་སྣ་ཚོགས་སྤྱོད་པ་སོགས་དབུལ་ཐར་གསར་སྐྲུན་གྱི་ལག་ལེན་རབ་དང་རིམ་པ་མཚོ་སྔོན་གྱི་ས་གནས་ཁག་ཏུ་ལག་བསྟར་བྱས་ཡོད།

ལིག་ཕན་ཧྲན་ཡུག་ཁུལ་ལ་དམིགས་ནས《མཚོ་སྔོན་ཞིང་ཆེན་གྱི་ལིག་ཕན་ཧྲན་ཡུག་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ལག་བསྟར་འཆར་གཞི》བཟོས་ནས་ཡུག་ཁུལ་གྱི་རྫོང་བདུན་དང་།   དབུལ་ཕོངས་སྡེ་བ་བརྒྱད་བརྒྱ་དང་བཞི། དབུལ་ཕོངས་མི་གྲངས་འབུམ་གཉིས་ལྷག་བཅས་ལ་དམིགས་ཏེ་ཤུགས་ཆེན་པོས་མཁྲེགས་གཏོར་བྱས་པ་རེད།

བོད་འབྲེལ་ཁུལ་དྲུག་ལ་དམིགས་ནས་རྫོང་དབུལ་པོ་སུམ་ཅུ་དང་།  སྡེ་བ་དབུལ་པོ658།  མི་གྲངས་དབུལ་པོ་འབུམ་གཉིས་ཁྲི་བདུན་བཅས་ལ་དམིགས་ཏེ། ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་གྱི61%དང་གཙོ་གནད་ལས་རིགས་སྡེ་ཁག་གི་དབུལ་སྐྱོར་མ་དངུལ་གྱི73%བོད་འབྲེལ་ཁུལ་དང་རྫོང་གི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་སྤྱད་དེ། དབུལ་སྐྱོར་རྣམ་གྲངས་སྣ་ཚོགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་ཡོད་པ་རེད།

དབུལ་པོ་དབུལ་ནག་ལ་དམིགས་ནས།  དབུལ་ནག་རྫོང15དང་།  དབུལ་ནག་ཞང་གྲོང129།   དབུལ་ནག་མི་གྲངས་འབུམ་གཉིས་ཁྲི་བཞི་ལྷག་བཅས་གཟབ་ནན་ངང་གཏན་འཁེལ་བྱས་པར་མ་ཟད་མཁྲེགས་གཏོར་སྲིད་ཇུས་མ་ལག་རབ་དང་རིམ་པ་ཞིབ་འཇུག་གཏན་འབེབས་བྱས། མིག་སྔའི་བར་རིམ་རྩིས་བྱས་ན་མ་དངུལ་སྣ་ཚོགས་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་ལྔ་ལྷག་བཏང་སྟེ།   《མཚོ་སྔོན་གྱི་དབུལ་ནག་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ལོ་གསུམ་བྱ་སྤྱོད་ཇུས་གཞིའི》མ་དངུལ་བསྡོམས་འབོར་གྱི137.3%ཡོངས་འགྲུབ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཚོ་སྔོན་གྱི་བྱ་སྤྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས《རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་མཚོ་སྔོན་གྱི2020ལོའི་བྱ་སྤྱོད་ཇུས་གཞི》གཏན་འཁེལ་བྱས་པ་དང་། རིགས་ཆེ་གྲས7གྱི་གཙོ་གནད་ལས་འགན32གསལ་བོ་བཟོས་པ་དང་ཆབས་ཅིག   མངོན་འགྱུར་བཞིའི་གཅིག་སྡུད་མཁྲེགས་གཏོར་རྩིས་ཐོ160ལེགས་སྒྲིག་བྱས་པ་རེད།

2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་60%ཡན་ཁྱད་ལྡན་འདེབས་གསོའི་ལས་རིགས་དང་། དེང་རབས་ཞབས་ཞུའི་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གསར་པའི་ཐོན་ལས་སོགས་མཐོ་སྒང་གི་ལྗང་མདོག་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཐད་སྤྱད་པ་རེད། སྔ་རྗེས་སུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་961བཙུགས་པ་དང་།  ནགས་སྐྲུན་ཆེད་ལས་མཉམ་ལས་ཁང་སུམ་བརྒྱ་དང་ཞེ་ལྔ་སྐྱེད་སྲིང་དང་རོགས་སྐྱོར་བྱས་ནས། རོང་འབྲོག་མང་ཚོགས་ཁྲི་བརྒྱད་སྟོང་གཉིས་ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཡོད།

ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་དང་གྲོང་གསེབ་ཡུལ་སྐོར། སྒོ་རའི་དཔལ་འབྱོར། གློག་རྡུལ་ཚོང་དོན། འོད་ཤུགས་ཐོན་ལས་སོགས་ཀྱིས་དབུལ་ཕོངས་ཁྱིམ་ཚང་དཀའ་ངལ་ལས་ཐར་བར་ནུས་པ་འདོན་ཆེད།  རང་བརྟེན་གྱི་ནུས་པ་ཆེ་རུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས་ཧུར་ཐག་གིས་ཐོན་ལས་དབུལ་སྐྱོར་ཐད་གསར་སྐྲུན་འཚོལ་ཞིབ་དང་ཚད་བརྒལ་ཡོང་ཐབས་བྱས་པ་དང་། སྔ་རྗེས་སུ་ཁྱད་ལྡན་ཐོན་ལས་དབུལ་སྐྱོར་བྱེད་སྟངས་སྣ་ཚོགས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ཞིང་། ཞིང་ལས་གྲུབ་ཆ་ལེགས་སྒྲིག་དང་། ཞིང་སྡེ་བཅོས་སྒྱུར།  སྐྱེ་ཁམས་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱས་ནས། མི་དང་ཁྱིམ་ཚང་། སྡེ་བ་བཅས་དང་བསྟུན་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་རེད།

པྲོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་ཤུགས་རྐྱེན་ཐེབས་ཚད་ནུས་ལྡན་ངང་ཁྱད་བསད་བྱས་ཏེ། བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་། བྱེད་ཐབས་གསར་སྐྲུན། གནད་སྨིན་ཇུས་འདོན་བཅས་བྱས་ནས། དཔལ་འབྱོར་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཁྲོད་ཀྱི་གོ་སྐབས་སྔོག་འདོན་གང་ལེགས་བྱས། ཐོན་ལས་རོགས་སྐྱོར་མ་དངུལ་གྱིས་གསར་དར་གཉེར་སྐྱོང་གི་གྲུབ་ཆ་གཙོ་བོས་ཁྱིམ་ཚང་དབུལ་པོ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས། ཐོན་ལས་རོགས་སྐྱོར་མ་དངུལ་གཏོང་རྒྱུ་དེ་ཐོན་སྐྱེད་གོ་རིམ་ནས་ཐོན་སྐྱེད་དང་། ལས་སྣོན། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།

ཞང་སྡེའི་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས208ལག་བསྟར་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ཁྲི་གཅིག་སྟོང་ལྔ་ལྷག་གི་མི་གྲངས་ཁྲི་ལྔ་སྟོང་ལྔ་བཞི་བརྒྱར་སྐུལ་ཁྲིད་བྱས་བ་དང་། འོད་ཤུགས་དབུལ་སྐྱོར་གྱི་དམིགས་ཚད་ཀྲའོ་ཝ733ལྷག་དོན་འཁྱོལ་བྱས་པ་དང་ཁྱིམ་ཚང་ཁྲི་བདུན་སྟོང་བརྒྱད་བདུན་བརྒྱ་ཡི་མི་གྲངས་དབུལ་པོ་འབུམ་གཉིས་ཁྲི་བརྒྱད་ལྷག་གི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ཡོད། དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་སྣ་ཚོགས་ཁྲི་བརྒྱད་སྟོང་གཅིག་སུམ་བརྒྱ་བཀོད་སྒྲིག་བྱས་ཤིང་། དེའི་ནང་མང་ཚོགས་དབུལ་པོ་ཁྲི་བཞི་སྟོང་དགུ་ལྷག་སྐྱེ་ཁམས་ལྟ་སྲུང་ལས་དོན་ཁྲོད་ཞུགས་པས། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི34%ཟིན་པ་དང་།  ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་འཕར་ཡོད།

མཚོ་སྔོན་གྱི་འཐེན་ཐུག་ཟ་ཁང་གཉེར་མཁན་གྱིས་པེ་ཅིན་དང་ཀོང་ཀྲིག་སོགས་གྲོང་ཁྱེར270ལྷག་དང་། མ་ལེ་ཞི་ཡ་དང་ཁ་ན་ཏ་སོགས་རྒྱལ་ཁབ10ལྷག་ཏུ་འཐེན་ཐུག་ཟ་ཁང་ཁྲི་གསུམ་སྟོང་གསུམ་བཙུགས་ནས་མི་འབུམ་གཉིས་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་།  ལོ་རེའི་གཉེར་སྐྱོང་ཡོང་འབབ་སྒོར་ཐེར་ཆེན་གཉིས་ཟིན་ཡོད་པ་རེད།

དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་ཚིས་ལས་གཞི་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་ཇུས་གཞི་དོན་འཁྱོལ་ནན་མོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་མཁྲེགས་གཏོར་དཀའ་སེལ་བྱས་པས། མཚོ་སྔོན་གྱི་ས་གཞི་ཆེ་མོར་ལོ་ངོ་བརྒྱ་སྟོང་རིང་གི་ དབུལ་པོ་དབུལ་ནག་གི་གནད་དོན་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ལ་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། དེ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་གཟི་བརྗིད་ཆེན་པོ་ཞིག་དང་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཞིག་ཡིན་པས། མཚོ་སྔོན་གྱི་ས་གཞི་ཆེ་མོར་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་སྟེང་འབད་འབུངས་ཡར་བརྩོན་གྱི་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།