ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་འགོ་རྩོམ་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས་སྤེལ་བའི་དཔྱད་གཏམ།
རྒྱལ་ཡོངས་ཀྱིས་དོ་ཁུར་དང་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དེ་རིང་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ཐོག་ཏང་གིས་སྐྱོད་ལམ་གསར་པའི་ཐོག་དར་ཆ་གང་འདྲ་ཞིག་བསྒྲེང་རྒྱུ་དང་། ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་རྒྱུ། བསམ་བློའི་གནས་སྟངས་གང་འདྲ་ཞིག་ལ་བརྟེན་རྒྱུ། དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱ་རྒྱུ་བཅས་གསལ་པོར་བསྒྲགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་ཏེ། མ་འོངས་བའི་ལོ་5དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན། སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱས། ཐེངས་འདིའི་ཚོགས་ཆེན་འདི་ཡག་པོ་འཚོགས་པ་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བཅས་དང་འབྲེལ་བ་ཡོད་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་འགོ་བརྩམས་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ལོ་ངོ་བཅུའི་རིང་ལ་ཏང་གི་མདུན་དུ་ལྷགས་པའི་གནས་བབ་དང་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ཕྲག་ཏུ་བབས་པའི་ལས་འགན་ལྕི་བའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་འཛམ་གླིང་ཐོག་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། ལྷག་པར་དུ་ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་དུས་སྐབས་ཤིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རིམ་དུ་ཧ་ཅང་རྒྱུན་ལྡན་མིན་པ་དང་། ཧ་ཅང་སྤྱིར་བཏང་མིན་པ་ཞིག་རེད། ལོ་བཅུ་པོ་འདིའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དང་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་ནས། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས་ཡོད། ང་ཚོས་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་འཕོ་འགྱུར་གྱི་རང་བཞིན་ལྡན་པའི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས། མཁྲེགས་གཏོར་རང་བཞིན་ལྡན་པའི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་དང་། མཚོན་རྟགས་རང་བཞིན་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། ཕུགས་ཡུན་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་གལ་ཆེའི་ལས་དོན་མང་པོ་བསྒྲུབས་པ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉམས་ཉེན་དང་འགྲན་སློང་གི་ཉམས་སད་ཐེག་པ་བཅས་བྱས་ཡོད། དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་བ་དང་། འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱུང་བ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་བདེ་བླག་ངང་བཏོད་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་གྱི་འཕོ་འགྱུར་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
ལོ་ངོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཞིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་དུ་རྒྱལ་ཁའི་ངང་ཞུགས་ཏེ། མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་བ་ཞིག་གསར་སྐྲུན་བྱས་པ་དང་། མིའི་རིགས་ཀྱི་སྔར་ལས་ལེགས་པའི་སྤྱི་ཚོགས་ལམ་ལུགས་ཞིག་འཚོལ་ཞིབ་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ་དེས།ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་ཉེར་གཅིག་པའི་ཀྲུང་གོ་རུ་སྟོབས་དང་ལྡན་པའི་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་བ་དང་། འཛམ་གླིང་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་བ་དང་རིན་དོད་ཆེན་པོ་ཕུལ་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་ཤིག་དང་། མི་དམངས་ལ་མཛེས་སྡུག་འཚོ་བ་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། སྐྱོད་ལམ་གསར་བའི་སྟེང་། ང་ཚོར་འགྱུར་མེད་ཀྱི་བློ་རྩ་བརྟན་པོ་དང་བགྲོད་ལམ་མི་འགྱུར་བའི་ཆོད་སེམས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་ན། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་ངེས་ཡིན།
ལོ་ངོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད། ལོ་ངོ་བཅུ་པོ་འདིའི་ནང་། ང་ཚོ་ཉེན་ཁ་དང་འགྲན་སློང་མང་པོར་འཕྲད་ཡོད་ལ། སྐབས་འགར་ཐ་ན་རྦ་རླབས་འཇིགས་སུ་རུང་བར་ཡང་འཕྲད་སྲིད། ང་ཚོས་ཡིད་ཆེས་བརྟན་པོ་བྱེད་པ་དང་དཀའ་ངལ་གདོང་གིས་བསུས་པ་དང་། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། རྡོག་རྩ་གཅིག་ཏུ་སྒྲིལ་བ། སྟོབས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་ཚད་ཆེས་མཐོན་པོའི་སྒོ་ནས་མཉམ་དུ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཡོད། ད་ལྟ། ཀྲུང་གོའི་མི་དམངས་ཀྱིས་སྔར་ལས་ཡིད་ཆེས་དང་། རང་ཚུགས། རང་ཉིད་སྟོབས་ལྡན་དུ་གཏོང་བཞིན་ཡོད་པ་དང་། ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྔར་ལས་སྐུལ་སློང་བྱས་ཏེ། བློ་སྤོབས་དང་། ལ་རྒྱ། སྟོབས་ཤུགས་བཅས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཀྱི་ངར་སེམས་འཕེལ་བ། ལོ་རྒྱུས་འཕེལ་རིམ་ཁྲོད་གསོག་འཇོག་བྱས་པའི་སྟོབས་ཤུགས་ཆེན་པོའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་། ལོ་རྒྱུས་ཀྱི་གསར་སྐྲུན་སྙིང་སྟོབས་འཕེལ་བར་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་རླབས་ཆེན་ལོ་རྒྱུས་ཤིག་ཡིད་ཆེས་ཆེན་པོའི་སྒོ་ནས་འབྲི་བཞེངས་བྱེད་བཞིན་ཡོད།
ལམ་བར་དུ་དཀའ་ངལ་ཁྱད་བསད་ཀྱིས་རྒྱལ་ཁའི་གླུ་དབྱངས་བླངས་ནས་མདུན་དུ་སྐྱོད། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གིས་མཛུབ་སྟོན་བྱས་པ་ཞིག་རེད། “ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གོ་གནས་གཏན་འཁེལ་བྱས་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།” དེ་ནི་ཏང་གི་ལོ་བརྒྱའི་འབད་འཐབ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་གྱི་རླབས་ཆེའི་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ལས་ཐོབ་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་གལ་ཆེན་ཞིག་དང་། དེ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་ཡིན་པ་དང་། མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པའི་ཆབ་སྲིད་ཀྱི་བརྡར་གཅོད་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་གྱི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་ལྟར་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་བཏབ་ཡོད་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་བསམ་ཕྱོགས་གསར་པ་བཏོད་ཡོད་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བསམ་བློའི་ཁྲིད་སྟོན་དང་བྱ་སྤྱོད་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱས་ཡོད།
ད་ལྟ། ཀྲུང་ཧྭ་མི་རིགས་ཡར་ལངས་ཐུབ་པ་དང་ཕྱུག་པོ་གྱུར་བ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་དང་། ལོ་ངོ་བརྒྱ་ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་བརྒྱུད་མྱོང་བའི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་སྟེང་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་ལྡོག་ཐབས་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་བཞིན་ཡོད། དེང་སྐབས། འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཐག་ཉེ་བ་དང་། སྔར་ལས་ཡིད་ཆེས་ཡོད་པ། ནུས་པ་བཅས་ལྡན་པ་དང་། དུས་མཚུངས་སུ། དཀའ་ཚེགས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་ཀྱང་ངེས་པར་དུ་བྱ་དགོས། ཚོགས་ཆེན་ཐོག་དེང་སྐབས་ཀྱི་འཛམ་གླིང་དང་དེང་རབས་ཀྱི་ཀྲུང་གོའི་འཕེལ་ཕྱོགས་ཆེན་པོ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་ལྟ་བྱས་ཡོད་པ་ང་ཚོས་རེ་སྒུག་བྱས་ཡོད། ང་ཚོའི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་ཚན་རིག་དང་མཐུན་པར་ཁོང་དུ་ཆུད་པ་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ལ་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོ་སྔར་བྱུང་མྱོང་མེད་པའི་བཅོས་སྒྱུར་གྱི་དུས་རབས་སུ་གནས་པ་དང་། སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་ལས་དོན་སྒྲུབ་བཞིན་ཡོད”ཅེས་ནན་བཤད་གནང་བ་རེད། སེམས་སུ་མང་ཚོགས་བཅངས་ཡོད་པ་དང་། ལག་ཏུ་བདེན་དོན་བཟུང་བ། འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ་བཅས་བྱས་ཡོད་པས། ང་ཚོར་ཡིད་ཆེས་ཀྱིས་ཁེངས་ལ་སྟོབས་ཤུགས་ཀྱང་ཆེན་པོ་ལྡན་ཡོད། རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་། དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་འགྲན་སློང་ཇི་ལྟར་ཛ་དྲག་ཏུ་སོང་ཡང་། ང་ཚོས་རླབས་ཆེན་གྱི་ཏང་འཛུགས་སྐྲུན་སྙིང་སྟོབས་དར་སྤེལ་བཏང་སྟེ། ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་། རྒྱུན་དུ་ཕུགས་བསམ་དང་བདེ་སྡོད་ཉེན་བསམ་བྱས་ནས།“རྒྱུགས་སྤྲོད་པའི”རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ནམ་ཡང་གནས་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས། བརྩོན་པའི་རྒྱུན་མ་ལྷོད་པར་ནུས་ཤུགས་ཡོད་རྒུས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས། “མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་འབད་འཐབ་ཀྱིས་མ་འོངས་པ་བསྐྲུན་དགོས།” ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གཏིང་ཟབ་སྒོས་ཁོང་དུ་ཆུད་པ་བྱས་ནས།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ནས། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཞིག་ཧུར་ཐག་གིས་བརྩམས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱས་ནས། རྒྱུགས་ལེན་གྱི་ལམ་བུའི་སྟེང་མི་རྣམས་ཀྱིས་མིག་དབང་འཕྲོག་པའི་བྱས་རྗེས་གསར་པ་མུ་མཐུད་དུ་བསྐྲུན་དགོས།
ཚོགས་ཆེན་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད། ཚེ་རིང་སྒྲོལ་མ། ཤ་བོ་རིན་མཚོ།