ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་འགོ་བརྩམས་པའི་ཟུར་བྲིས།
ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས།
ལོ་བརྒྱའི་འབད་འཐབ་བརྒྱུད་པའི་ཀྲུང་གོའི་གུང་ཁྲན་ཏང་དང་བསྐྱར་དར་བྱ་གཞག་གི་དམ་བཅའ་བཞག་པའི་ཀྲུང་ཧྭ་མི་རིགས་ཀྱིས་སླར་ཡང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་བསུས་ཡོང་།
སྔ་དྲོའི་དུས་ཚོད་དགུའི་སྟེང་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི2300ལྷག་དང་གདན་ཞུས་འཐུས་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ས་པེ་ཅིན་གྱི་སྡོད་གནས་ཁག་ནས་འཕྲོ་རིམ་འཕྲོར་ཡོང་བ་རེད།
ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་གི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་མི་དམངས་དུང་ཕྱུར14ལྷག་གི་རེ་སྒུག་ཆེན་པོ་ཡིད་ལ་བཅངས་ནས་འཐུས་མི་ཚོས་གོ་རིམ་བཞིན་སྒོ་ཐེམ་རེ་རེ་བཞིན་བརྒྱུད་ལ། གོམ་སྟབས་བརྟན་ཞིང་བཞིན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ཁོ་ཚོའི་མིག་ལམ་དུ་ཡིད་ཆེས་བརྟན་པོ་དང་། རང་ཚུགས་ཐུབ་པ། རང་སྟོབས་འཕེལ་བ་བཅས་ཀྱིས་ཁེངས་ཡོད་ལ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་གྲུབ་འབྲས་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད་པས།དེ་ནི་ལས་སླ་པོ་ཞིག་མིན་ལ་ཆེས་བརྗིད་ཉམས་ལྡན་པ་ཞིག་ག་ལ་མིན།
ཁོ་ཚོའི་སེམས་སུ་ཞུམ་མེད་ཀྱི་བློ་སྟོབས་དང་། ངེས་ཤུགས།གཏིང་ཤུགས་བཅས་ཀྱིས་ཁེངས་ནས་མདུན་ཕྱོགས་ལ་རྒྱང་ལྟ་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་པ་སྤོས་པ་དང་། རླབས་ཆེན་བསྐྱར་དར་གྱི་འཆར་འགོད་དེ་བརྗིད་ཉམས་ལྡན་པ་ཞིག་དང་བརྗིད་ཆགས་པ་ཞིག་ག་ལ་མིན།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རླབས་ཕྲེང་འཇགས་ཐབས་བྲལ་ཞིང་དམིགས་སར་སླེབས་པའི་དུས་ཡུན་ཉེ་སར་ཕྱིན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་འདི་ལྟ་བུའི་འགག་རྩའི་ལོ་རྒྱུས་ཀྱི་འགག་རྩར་གནས་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་ཐོག་སྐྱོད་པའི་འགག་རྩའི་དུས་སྐབས་སུ། ཚོགས་ཆེན་གྱིས་མ་འོངས་བའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ལ་ཚན་རིག་དང་མཐུན་པར་ཇུས་འགོད་བྱ་རྒྱུ་ཡིན་པ་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་པ་རེད།
ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དངོས་སུ་འབྱོར་བ་དེའི་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་སླར་ཡང་རྡོག་ཐོན་བྱས་པ་མཚོན་གྱི་ཡོད།
འཐུས་མི15“ཏང་གི་འཐུས་མིའི་བགྲོད་ལམ”ཐོག་བསྐྱོད་དེ། དུས་རབས་གསར་པར་བྱས་རྗེས་འཇོག་པ་དང་སྐྱོད་ལམ་གསར་པར་འབད་འཐབ་ཀྱིས་བསྐྱོད་པའི་བསམ་པའི་བརྒྱུད་ལམ་རྒྱས་བཤད་དང་དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཉམས་འགྱུར་དང་འགན་འཁྲི་མཚོན་པར་བྱས།
མི་ཁྲིའི་ཚོམས་ཁང་ཆེན་མོའི་ནང་བརྗིད་ཉམས་ལྡན་ཞིང་དགའ་སྤྲོས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཐོག་གསེར་མདོག་གི་ཏང་རྟགས་དང་དམར་མདངས་བཀྲ་བའི་དར་དམར་ཕན་ཚུན་འོད་མདངས་ཆེམ་ཆེམ་འཕྲོ་བ་དང་མིག་དབང་འཕྲོག་པའི་བཀྲག་མདངས་འཚེར་ཡོད།
ཐོག་བརྩེགས་གཉིས་པ་དང་གསུམ་པར་རྒྱང་ལྟ་བྱས་ཏེ།“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།” “རླབས་ཆེ་བ་དང་། གཟི་བརྗིད་ལྡན་པ། ཡང་དག་པ་བཅས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག” ཅེས་བྲིས་ཡོད་པའི་འཕྲེད་དར་ཆེན་པོ་དེ་ནི་བབ་བརླིང་མངོན་གསལ་དང་མི་སེམས་ལ་གཡོ་འགུལ་ཐེབས་པ་ཞིག་རེད།
སྔ་དྲོའི་དུས་ཚོད་བཅུའི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུ་གྲགས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་གཟབ་རྒྱས་ངང་འཚོགས།
སྤྲོ་སེམས་འཁོལ་བའི་ཐལ་མོས་རྡེབ་སྒྲའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གོམ་སྟབས་བརྟན་པོའི་ངང་སྙན་ཞུའི་སྟེགས་བུའི་སྟེང་ཕེབས་ཏེ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ་བ་རེད།
མི་ཁྲིའི་ཚོམས་ཁང་ཆེན་མོའི་ནང་བརྗིད་ཉམས་ལྡན་པའི་གསུང་སྐད་ཀྱིས་ཡོངས་སུ་ཁེངས་བ་དང་། བརྙན་འཕྲིན་དང་དྲ་བ་བརྒྱུད་ནས་གསུང་སྐད་དེ་ཕྱོགས་བཞི་མཚམས་བརྒྱད་དང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ།
ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་ཞིག་དང་སྤྱིར་བཏང་གཏན་ནས་མིན་པ་ཞིག་རེད།
“ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ཕྲག་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་སྟེ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཀྱི་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ལོ་ལྔའི་རིང་ནས་དུས་རབས་གསར་པའི་ཚུན་གྱི་ལོ་བཅུའི་རིང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། སྔར་ལས་སྤོབས་སེམས་ཀྱིས་ཁེངས་ཡོད།
“ལོ་བཅུའི་རིང་ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། གསུམ་ནི་དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བཅས་བྱས་ནས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དེ་རེད”།
“ང་ཚོ་ཚང་མ་ནི་དོན་ཆེན་དེ་གསུམ་དངོས་སུ་བརྒྱུད་མྱོང་མཁན་དང་འབད་འཐབ་བྱེད་མཁན་ཡིན”། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ནས་ཡོང་བའི་ཏུའུ་ལུང་རིགས་ཀྱི་དབུལ་ཐར“སྣེ་ཁྲིད་པ”འཐུས་མི་ཀའོ་ཏི་རུང་གིས་དགའ་སྤྲོ་ཆེན་པོས་བཤད་རྒྱུར། “དུས་རབས་གསར་པར་སླེབས་སྐབས་ཏུའུ་ལུང་རིགས་ཚང་མ་དབུལ་ཐར་མངོན་འགྱུར་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མེད་ཚེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཐུབ་པའི་མི་ཡུལ་གྱི་ངོ་མཚར་བསྐྲུན་ག་ལ་ཐུབ།
ལོ་རྒྱུས་ཀྱི་འཕེལ་འགྱུར་ནི་བརྗིད་རྔམ་ལྡན་པའི་མཉམ་སྒྲོག་རོལ་དབྱངས་ཤིག་དང་མཚུངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཚུན་གྱི་ལོ་ངོ་བཅུ་ནི་དེའི་ཁྲོད་ཀྱི་བརྗིད་ཆེའི་ལེའུ་ཞིག་ཡིན་པ་སྨོས་ཅི་དགོས།
འདི་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་སྤྱིར་བཏང་མིན་པའི་ལོ་ངོ་བཅུ་རེད།
“ང་ཚོས་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་མངོན་འགྱུར་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་སྟེ་ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ཐུབ་པ་བྱུང་ཡོད”།
འདི་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོད་བརྒལ་ཆེན་པོ་བྱུང་བའི་སྤྱིར་བཏང་མིན་པའི་ལོ་ངོ་བཅུ་རེད།
“རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང”སྟེ། “བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་ཕྱི་དངུལ་གསོག་འཇོག་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་གནས་པ”དང་། “མི་ཞུགས་མཁའ་སྐྱོད་དང་། ཟླ་བ་དང་མིག་དམར་བརྟག་འཇལ། མཚོ་གཏིང་ས་གཏིང་བརྟག་འཇལ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། རྡུལ་གློག་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་གསར་གཏོད་ཅན་གྱི་རྒྱལ་ཁབ་གྲས་སུ་ཚུད་ཡོད།”
འདི་ནི་མི་དམངས་མང་ཚོགས་ཀྱིས་སྔར་ལས་མང་བའི་དམངས་ཚིས་བདེ་སྐྱིད་ལོངས་སྤྱོད་བྱེད་པའི་སྤྱིར་བཏང་མིན་པའི་ལོ་ངོ་བཅུ་ཡིན།
“ཆུང་དུས་གསོ་སྐྱོང་ཡོད་པ་དང་། སློབ་སྦྱོང་ལ་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་སྡོད་ལ་ཁང་པ་ཡོད་པ། ཉམས་ཆུང་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་བརྒྱབ་པ་དང་། “འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས”ཡོད།
མཁའ་སྐྱོད་པའི་འཐུས་མི་ཝང་ཡ་ཕེན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར།
“2013ལོར་ང་རང་ལྷ་གྲུ་བཅུ་པ་དང་མཉམ་དུ་མཁའ་དབྱིངས་སུ་ཉིན15བསྐྱོད་པ་ཡིན། ན་ནིང་ནས་ད་ལོའི་བར་ང་རང་ལྷ་གྲུ་བཅུ་གསུམ་པར་བསྡད་ནས་འཁོར་ལམ་ཐོག་ཉིན183བསྡད་པ་ཡིན། ཉིན15ནས་ཉིན183བར་ཀྲུང་གོའི་མཁའ་སྐྱོད་ཀྱི་འཕུར་མཆོང་ཆེན་པོ་དེ་ངས་བརྒྱུད་མྱོང་བའི་དུས་རབས་གསར་པའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་ཡིན”།
ཧི་ནན་ལན་ཁའོ་རྫོང་གི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ལིས་མེན་ཅུན་གྱིས་བློ་བརྟན་འགྱུར་མེད་ངང་བཤད་རྒྱུར། “ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བར་གྱུར་པའི་རྒྱུ་རྐྱེན་ཞིག་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་བའི་ཕྱོགས་སྟོན་སྣེད་ཁྲིད་ཡོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་སྟོན་བྱས་པས་རེད”།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས2022ལོར་སླེབས་སྐབས་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་བྱུང་བ་དང་། འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དུ་ཕྱིན་པ་དང་། རང་རྒྱལ་གྱིས་ཁ་གཏད་གཅོག་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། ཐག་གཅོད་བྱེད་དགོས་པའི་འགལ་བ་དང་གནད་དོན་དེ་སྔོན་ལས་སྣེ་མང་རྙོག་འཛིང་དུ་གྱུར་ཡོད། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་མཁན་ཀྲུང་གོའི་གུང་ཁྲན་ཏང་མིས་མི་རིགས་བསྐྱར་དར་དང་ལོ་བརྒྱའི་འཕོ་འགྱུར་གྱི་མཐོ་ས་ནས་ཇི་ལྟར་བྱས་ཏེ་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། གོ་སྐབས་གསར་བ་གསོ་སྐྱོང་། རྣམ་པ་གསར་བ་གསར་གཏོད་བྱེད་དགོས་པ་སྟེ།
“ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་གཏན་འཁེལ་གསལ་བོ་བྱས་ཡོད།
2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་བཏོན་ནས། མ་འོངས་བའི་ལོ་ལྔའི་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་གཙོ་བོ་གསལ་སྟོན་བྱས་ཡོད།
“དུས་རབས་ཀྱིས་ང་ཚོར་འབོད་སྐུལ་གཏོང་ཀྱིན་ཡོད་ལ། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་ཀྱིན་ཡོད་པས། བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་ན། གཞི་ནས་དུས་རབས་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་སྤྲོད་ཐུབ།
མི་དམངས་ཚོམས་ཁང་ཆེན་མོའི་ནང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
སྟེགས་བུའི་གོང་འོག་ཏུ་རྒྱལ་ཁབ་ཀྱི་ཕུགས་འདུན་གཅིག་ཏུ་འབྲེལ་ཞིང་། ཚོམས་ཁང་ཕྱི་ནང་དུ་ཏང་སེམས་དང་དམངས་སེམས་མཉམ་དུ་འདྲེས་ཡོད།
ཐལ་མོའི་རྡེབ་སྒྲ་ལས་གཅིག་གྱུར་གྱི་འདོད་བློ་མངོན་གསལ་དུ་མཚོན་པ་སྟེ། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཚེ་ང་ཚོར་དེ་བས་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་ཐོབ་ངེས་རེད།
ཐལ་མོའི་རྡེབ་སྒྲ་དེས་ཡིད་ཆེས་བརྟན་པོ་མཚོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ང་ཚོ་ཡང་དག་པའི་བགྲོད་ལམ་སྟེང་བསྐྱོད་པར་ཁྲིད་སྟོན་བྱས་ཡོད།
ཐལ་མོའི་རྡེབ་སྒྲ་དེས་ཡིད་ཆེས་བརྟན་པོ་བརྒྱུད་སྤྲོད་བྱས་ཡོད་པ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཚེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ།
“ཏང་གིས་རླབས་ཆེན་གྱི་འབད་འཐབ་ལ་བརྟེན་ནས་ལོ་བརྒྱའི་རླབས་ཆེན་གྱི་བྱ་གཞག་གསར་བཏོད་བྱས་ཡོད་ལ། རླབས་ཆེན་གྱི་འབད་འཐབ་གསར་པར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གཏོད་ཐུབ་ངེས་རེད”། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་གསལ་བསྒྲགས་གནང་བ་དེ་མི་ཁྲིའི་ཚོམས་ཁང་ཆེན་མོར་ཡང་ཡང་གྲགས་ཤིང་། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ལྷག་གི་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་14ལྷག་གི་སེམས་སུ་ཡང་ཡང་གྲགས་ཡོང་།
དུས་ཚོད་11དང་སྐར་མ་50སྟེང་མགོ་རྩོམ་ཚོགས་ཆེན་དེ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཇུག་རྫོགས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོར་རྒྱང་ལྟ་བྱས་ནས་ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་བརྗིད་ཆེའི་རྣམ་པ་མཚོན་པར་བྱས་ཡོད། མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་ཕུགས་འདུན་ཕྱོགས་སུ་དཔུང་འཇུག་བྱེད་པར་ཀྲུང་ཧྭའི་བུ་ཕྲུག་གིས་མིའི་རིགས་ཀྱི་རླབས་ཆེན་དུས་ཡུན་གྱི་ལོ་རྒྱུས་ཁྲོད་དུ་མུ་མཐུད་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་དུས་ཡུན་གསར་གཏོད་བྱེད་ངེས་རེད།