--ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལ་གྲོས་བསྡུར་བྱས་པའི་གནས་ཚུལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས16ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྙན་ཞུ་ཕུལ། འཐུས་མི་ཚོས་བལྟས་ན། འདི་ནི་འདས་ཟིན་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་བདེན་འཚོལ་དངོས་སྒྲུབ་ལ་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་པའི་སྙན་ཞུ་ཞིག་ཡིན་པ་དང་། འདི་ནི་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་འོད་སྟོང་འཕྲོ་ཞིང་། ལོ་རྒྱུས་ཀྱི་མཐིལ་རྟོགས་ནུས་པ་ཟབ་མོ་ལྡན་པ། རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་ནུས་པ་གལ་ཆེན་ལྡན་པ། ལག་ལེན་གྱི་ཁྲིད་སྟོན་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་སྙན་ཞུ་ཞིག་རེད། འདི་ནི་མ་འོངས་པ་ཁྱོན་ཡོངས་ནས་འཆར་འགོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་གྱི་བསྐྱར་དར་འོད་སྟོང་མདུན་ལྗོངས་ལ་འཆར་འགོད་བྱེད་པའི་སྙན་ཞུ་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་ངེས།
དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་མོ་རབ་བཀྲམ་ལྔ་དང་ཁྲག་ཁྲིག་ཆེན་མོ་བཞི་ནས་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་གཅིག་ཁྲག་ཁྲིག་ཆེན་མོ་ལྔ་རུ་འཕར་བ་དང་། མི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་མོ་ཁྲི་གསུམ་དང་སྟོང་དགུ་བརྒྱད་བརྒྱ་ནས་སྒོར་མོ་ཁྲི་བརྒྱད་དང་སྟོང་གཅིག་ལ་འཕར་ཡོད། སྙན་ཞུའི་ཁྲོད་ཀྱི་དཔེ་བརྗོད་རེ་རེའི་གྲངས་ཀ་ཡིས་ཀོས་ཀྲིག་ཞིང་ཆེན་སི་ནན་རྫོང་ཐང་ཐིག་གྲོང་རྡལ་ཆིན་ཀང་པཱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་འཐུས་མི་ལིན་ཁྲའོ་ཀང་གི་སེམས་པ་དགའ་སྤྲོའི་ཁེངས་བཞིན“ཏང་གིས་ང་ཚོར་སྣེ་ཁྲིད་དེ་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྒྱལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ལམ་དུ་གཅིག་ཀྱང་ལུས་མི་རུང་”ཞེས་བཤད།
ལིན་ཀྲའོ་ཀང་གིས་བཤད་རྒྱུར། ཝུའུ་ལིན་ཧྲན་ས་ཁུལ་དུ་སྔོན་ཆད“བུད་མེད་རྣམས་ཆིན་ཀང་དུ་མནའ་མ་སྟེར་མཁན་མེད་པའི”བཤད་རྒྱུན་ཞིག་རྒྱ་ཁྱབ་ཏུ་དར་ཡོད། “ལོ་འདི་དག་གི་རིང་ལ། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོས་སྡེ་བའི་ནང་དུ་སྒོག་པ་དང་སུར་པན་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། བ་གླང་གསོ་སྤེལ་ར་བ་བཙུགས་ཤིང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བས། སྡེ་མིའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་ནས་སྒོར་མོ་ཁྲི་གཅིག་དང་སྟོང་དྲུག་ལས་བརྒལ་ཡོད་ཟེར།
མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་། ཤུགས་ཚད་ཆེས་དྲག་པའི་ཡང་བསྐྱར་དབུལ་བོར་མི་ལོག་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པ་ལས་ཕྱིར་དབུལ་བོར་མི་ལོག་པ་དང་། མི་དམངས་བླ་ན་མེད་པའི་དུས་རབས་གསར་པའི་རྡོ་རིང་ཞིག་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་ཀྲོང་ངེར་བསྒྲེངས་ཡོད།
ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས། --ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གི་གསུང་ཚིག་འདིས་ཧི་པེ་ཞིང་ཆེན་ཏིང་ཀྲིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲང་ཐའོ་ལ་མྱོང་ཚོར་ཟབ་མོར་ཐེབས།
ཁོས་བཤད་རྒྱུར། “ང་ཚོས་ཞིང་བའི་སྡོད་དམངས་ཀྱིས‘རྡོ་སོལ་གློག་རུ་བསྒྱུར་བ’དང་། རྡོ་སོལ་རང་བྱུང་སོལ་རླངས་སུ་བསྒྱུར’བ་ལག་བསྟར་བྱས་ཏེ། དག་གཙང་དྲོད་ལེན་དེ་ཁྱིམ་ཚང་མང་པོར་སྐྱོད་དེ། གནམ་སྔོན་པོ་དང་སྤྲིན་དཀའ་པོ་མཐོང་རྒྱུ་དེ་རིམ་གྱིས་རྒྱུན་ལྡན་ཞིག་ཏུ་གྱུར་ཟེར།
གྲོང་ཁྱེར་གྱི་སྡོད་དམངས་ཁྲི་ཕྲག་མང་པོས་དྭངས་གཙང་གི་འབྲི་ཆུ་མཐོང་ཐུབ་པར་གྱུར་པ་དང་། དེ་སྔོན་བཞུར་རྒྱུད་ཆད་པའི་གཙང་བོ་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན། རི་ཆུ་མཛེས་སྡུག་ལྡན་ལ། མང་ཚོགས་བདེ་ཞིང་སྐྱིད། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལས་ཆུང་དུས་གསོ་སྐྱོང་ཡོད་པ་དང་། སློབ་སྦྱོང་ལ་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་སྡོད་ལ་ཁང་བ་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པའི་རྒྱུན་མཐུད་ནུས་ཤུགས་མངོན་ཡོད། སྡེ་བ་དང་སྡེ་ཁུལ་ཚང་མའི་དམངས་ཚིས་འགྱུར་ལྡོག་གསར་པས་གཙང་བོའི་ལྷོ་བྱང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཅིག་ཏུ་བསྡུས་ཡོད།
“མང་ཚོགས་ཀྱི‘དོན་དག་ཚང་མ’ཇེ་བཟང་ནས་ཇེ་ལེགས་སུ་སོང་ཡོད།” ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲིན་ཆུས་ཐོན་ཧྲན་སྲང་ལམ་ཁྲང་ཧྲན་མེ་ཏོག་ལྡུམ་རའི་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོའམ་འཐུས་མི་བའོ་ཡ་ཆིན་གྱིས་བཤད་རྒྱུར། སྡོད་དམངས་ཀྱིས་སྡེ་ཁུལ་འཕྲོད་བསྟེན་ཁང་དུ“རིན་གོང་བདེ་བའི་སྨན”ལེན་ཐུབ་པ་དང་། སྒོར་བུད་མ་ཐག་གླིང་ཀ་ཆུང་ཆུང་ཡོད་པ། རྒན་པས་ད་དུང་ཟ་མ་ཟ་བ་དང་ཟ་མ་སྐྱེལ་བའི་ཞབས་ཞུ་ཉམས་སུ་མྱངས་ཆོག
འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་སྐྲུན་པ་ནི་ལས་སླ་མོར་ཐོབ་པ་ཞིག་མ་ཡིན། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་གང་ལེགས་དང་། སྔར་ལས་འགན་སྲུང་། སྔར་ལས་རྒྱུན་མཐུད་ཐུབ་པ་བྱུང་བ་ནི་རིན་ཐང་བྲལ་བ་ཞིག་རེད།
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཁོངས་གཏོགས་རིན་ཅེ་སྨན་ཁང་འབྱིན་རྔུབ་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པའམ་འཐུས་མི་ཁྲ་ཆུང་ཧྥང་གིས་བཤད་རྒྱུར། “རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་གི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་དྲ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ནད་གཞི་ཤེས་རྟོགས་དང་ཐག་གཅོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་སོང་བ། སྲོག་སྐྱོབ་སྨན་བཅོས་ཀྱི་ནུས་པ་མུ་མཐུད་དུ་མཐོར་འདེགས་བྱུང་ཡོད” ཟེར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏོད་སྐབས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། འགུལ་རྣམ་གཙང་སེལ་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་རྒོལ་གྱི་མི་དམངས་དམག་འཐབ་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ཀྱི་བྱ་བ་སྤེལ་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད།
ཧུའུ་པེ་ཡི་ཀྲུང་གོའི་མཁའ་སྐྱོད་ཚན་རིག་ལས་དོན་མཁའ་སྐྱོད་གཙང་གསུམ་ཅང་པེ་ཀུང་སིའི་ལག་རྩལ་བ་ཆེན་པོའམ་འཐུས་མི་ཡན་མིན་གྱིས་མྱོང་ཚོར་ཟབ་མོས་བཤད་རྒྱུར། ཕུ་ཐུང་བརྫེས་ནས་འབད་པས་སྒྲུབ་པ་དང་། ཆར་རླུང་འཚུབ་ཀྱང་འགོག་མེད་སྐྱོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང“རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྤྱི་འདོམས་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད”ཟེར།
ཅུང་མ་འགོར་བའི་སྔོན་དུ། ཁོ་དང་ལས་གྲོགས་ཚོས་མགྱོགས་གྲུ་ཨང་དང་པོ་རྟགས་ཅན་སྲ་གཟུགས་ཅཱ་ཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ“མདེལ་གཅིག་སྐར་གཉིས”རྒྱལ་ཁའི་ངང་གཏོང་འཕེན་བྱས་པས། ཀྲུང་གོའི་ཚོང་ལས་མཁའ་སྐྱོད་འཕེན་གཏོང་གི་ཟིན་ཐོ་མུ་མཐུད་དུ་བཏོད།
ཡན་མིན་གྱིས་བཤད་རྒྱུར། “མི་ཞུགས་མཁའ་སྐྱོད་ནས་ཟླ་བ་དང་མིག་དམར་བརྟག་འཇལ། དེ་ནས་འཁོར་སྐར་ཕྱོགས་སྟོན་སོགས་དུས་རབས་གསར་པའི་ཚན་རྩལ་གསར་སྐྲུན་གྱི་གྲུབ་འབྲས་ཆེན་མོ་མུ་མཐུད་དུ་བླངས་པས། ང་ཚོ་དེའི་ནང་ཞུགས་ཏེ་རླབས་ཆེན་མེས་རྒྱལ་གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པར་རོགས་འདེགས་བྱེད་ཐུབ་པ་ནི་ང་རྒྱལ་སྐྱེས་འོས་པ་ཞིག་རེད”ཟེར།
ལོ་བཅུའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་དང་། ལོ་བཅུའི་རིང་ལ་དཔྱིད་ཀྱི་དཔལ་ཡོན་ཤར་ནས་སྟོན་གྱི་འབྲས་བུ་སྨིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གསུངས་པ་ལྟར། དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་། མཉམ་དུ་སྒྲུབ་པ། འབད་འཐབ་བྱས་ནས་བྱུང་བ་ཞིག་རེད།
འཐུས་མི་ཚང་མས་གཅིག་གྱུར་གྱིས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ནུས་ལྡན་གྱིས་ཁ་གཏད་འཇལ་ཏེ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དུས་ཡུན་རིང་བོར་ཕན་པའི་དོན་དག་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་ཡོད་པ་རེད།
ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བའི་ཀྲུང་གོའི་གུང་ཁྲན་ཏང་ཉིད་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་སྔར་ལས་སྟོབས་དང་ལྡན་པར་གྱུར་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་དུ་གྱུར་ཡོད།
ཨན་ཧོས་མཱ་ཨན་ཧྲན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲང་ཡའོ་ཧྲན་གྱིས་བཤད་རྒྱུར། “དུས་རབས་གསར་པའི་ལོ་བཅུའི་གསོན་ཉམས་དོད་པའི་ལག་ལེན་ལས‘གཏན་འཁེལ་གཉིས’ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ལ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མུ་མཐུད་དུ་སྣེ་ཁྲིད་བྱས་ཏེ་རྒྱུན་ཆད་མེད་པར་མདུན་སྐྱོད་དང་མ་འོངས་པ་སྐྲུན་པའི་རྩ་བའི་ཁག་ཐེག་ཡིན་པ་རེད།”
རྣོ་ལྕགས་ལ་བརྟེན་ནས་དར་རྒྱས་སོང་བའི་ཐོན་ཁུངས་རྣམ་པའི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས་འབྲི་ཆུའི་འགྲམ་དུ་གནས་པའི་མཱ་ཨན་ཧྲན་གྲོང་ཁྱེར་གྱི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བ་རེད། 2020ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧོས་སུ་རྟོག་དཔྱོད་གནང་སྐབས། མཱ་ཨན་ཧྲན་ལ་འཕེལ་རྒྱས་ཀྱི་གནས་འཁེལ་གསར་པ་ཞིག་བཏོན་ཡོད།
ཁོས་མུ་མཐུད་དུ་བཤད་རྒྱུར།“ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་མེད་ན‘ཐུན་མོང་ཐོག་སྲུང་སྐྱོབ་ཆེན་པོ་འཛིན་པ་དང་གསར་སྤེལ་ཆེན་པོ་མི་བྱེད་པའི’འབྲི་ཆུའི་དཔལ་འབྱོར་ཁུལ་མེད་པ་རེད”ཟེར། མཱ་ཨན་ཧྲན་གྱིས་པེན་ཅང་ས་ཁུལ་གྱི་ཐོན་ལས་སྤོ་སྒྱུར་རིམ་སྤར་བྱ་རྒྱུའི་སེམས་ཐག་བཅད་པ་དང་། རིམ་བཞིན་ནང་སྙིང་ཅན་དང་། ལེགས་བསྡུས་ཞིབ་གཉེར་ཅན། ལྗང་མདོག་ཅན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། འབྲི་ཆུའི་མ་ཡུམ་གཙང་པོར་སྐྱེ་སྟོབས་གསར་པ་རྒྱས་སུ་བཅུག
མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་བ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་སྐྲུན་པའི་བར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བར། ཧྥུའུ་ཅན་ཞིང་ཆེན་ཅིན་ཅང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲང་བུན་ཞན་གྱིས་སྙན་ཞུའི་ནང་གི་གསུང་ཚིག་རེ་རེར་གོ་བ་ཟབ་མོ་བླངས་རྗེས། ཁོས་བཤད་རྒྱུར།“ཏང་ཡོངས་ལ་གཏན་འཁེལ་གྱི་ཁ་ཕྱོགས་ཡོད་པ་དང་། མི་དམངས་ལ་སེམས་བརྟེན་ས་ཡོད་པ། རྒྱལ་ཁབ་ལ་སྒུལ་ཤུགས་གསར་པ་ཡོད་པ་རེད”ཟེར།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ངམ་འཐུས་མི་ཁྲིན་ཀྲིས་ཞིག་གིས་བཤད་རྒྱུར། “སེམས་ནང་དུ་མང་ཚོགས་བཅངས་ཡོད་པ་དང་། ལག་ཏུ་བདེན་དོན་ཡོད་ལ། རྐང་པ་གཉིས་དྲང་བདེན་གྱི་ལམ་དུ་སྤོས་ཡོད”ཟེར། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་སྤོས་པ་དང་། ང་ཚོའི་ཏང་གིས་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་རེད།
གནས་བབ་རྟོགས་ན་བློ་དང་ལྡན། ། དབང་སྒྱུར་མཁས་ན་རྒྱལ་བར་བྱེད། ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་གི་མདུན་དུ་ལྷགས་པའི་གནས་བབ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ཕྲག་སྟེང་གི་ལས་འགན་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལྡན་པས། འཛམ་གླིང་སྟེང་མཐོང་དཀོན་པ་དང་ལོ་རྒྱུས་སྟེང་མཐོང་དཀོན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། ང་ཚོས་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོར་བརྟེན་ནས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱས་པ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བ་དང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་བསྐྱར་བཟོ། ཁྱོན་ཡོངས་རང་བཞིན་སྒྲིག་བཟོ་བྱེད་པ་མངོན་འགྱུར་བྱུང་བ་དང་། རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་གཏན་འཁེལ་བྱུང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།
ཉེན་ཁ་དང་བར་ཆད་གང་ལའང་མི་སྐྲག ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ནི་ཏང་གི་དུས་སྐབས་གལ་ཆེན་ནང་གི་ཐུན་མོང་ངོས་ཟིན་གཅིག་བསྡུས་དང་བློ་ཐག་ཆོད་པོས་གདམ་ག་བྱེད་པའི་གནད་འགག་ཡིན་ལ། དེ་ནི་ཏང་གི་མཐུན་སྒྲིལ་གཅིག་གྱུར་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་པ་རེད།
ཅང་ཞི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་འཐུས་མི་ཝེ་ཞའོ་ཁོས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“རྒྱུགས་སྤྲོད་པའི”ཀླད་པ་གསལ་བོ་དང་བློ་རྩ་བརྟན་པོས་རྙོག་འཛིང་གི་ཁྲོད་ནས་ཡང་དག་པའི་ཁ་ཕྱོགས་བརྟན་པོར་བཟུང་བ་དང་། ཉེན་ཁ་དང་འགྲན་སློང་གི་མདུན་དུ་བློ་སྤོབས་ཆེར་སྐྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་པ་དང་། ཟང་ཟིང་དང་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་བར་བྱེད་པའི་རང་ངོས་གསར་བརྗེ་ཡི་ལན་གཉིས་པ་རྙེད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འབད་འཐབ་ཀྱི་ཡིད་ཆེས་དང་སྒུལ་ཤུགས་འཕེལ་བར་བྱས་ཡོད།
“གནད་འགག་སྲོག་ཤིང་ལག་རྩལ་ནི་སློང་མི་ཐུབ་པ་དང་། ཉོ་མི་ཐུབ་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་གསར་སྐྲུན་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པར་བསྟན་པ་དེ་ཀོང་ཏུང་ཞིན་ཧོས་མེ་ཏ་ཅིན་ལུན་ཚད་ཡོད་ཀུང་སིའི་དབུ་བཞུགས་བཟོ་བཀོད་པའམ་འཐུས་མི་ཁྲིན་ཞིན་གྱིས་བློ་ལ་བརྟན་པོར་ངེས་ཡོད།
ཁྲིན་ཞིན་གྱིས་བཤད་རྒྱུར། “གནད་འགག་ལག་རྩལ་མུ་མཐུད་དུ་འགག་སྒྲོལ་བྱེད་པ་བརྒྱུད། ང་ཚོས་མ་བཅོས་རྒྱུ་ཆ་དང་བཟོ་རྩལ་ལག་རྩལ་ནས་ལྟེ་བའི་སྒྲིག་ཆས་ཀྱི་ནང་འདྲེན་ཚབ་བྱེད་མངོན་འགྱུར་བྱུང་བ་དང་ཆེད་ལས་ཤེས་ལྡན་པ་ཡང་གསོ་སྐྱོང་བྱས་ཡོད། མ་འོངས་པར་ད་དུང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་ཐོན་ལས་རྩེར་སོན་ཅན་དང་། ལྗང་མདོག་ཅན། རིག་ནུས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་ལས་རིགས་ཧྲིལ་པོའི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན”ཟེར།
དུས་རབས་གསར་པའི་ལོ་ངོ་བཅུར་ཕྱོགས་བསྡོམས་བྱས་ན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ནི་གཟབ་ནན་ལྡན་པ་ཞིག་ཡིན་པ་སྟེ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ཏན་ཏིག་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་སྤྱི་ཡོངས་བཀོད་འདོམས་དང་ཕྱོགས་ཡོངས་མཐུན་སྦྱོར་གྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ། ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་གིས་ང་ཚོའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འདི་ཉིད་སྔར་ལས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་བྱས།
དུས་རིམ་གསར་པ་དང་སྐྱོད་ལམ་གསར་པར་རྒྱང་ལྟ་བྱས་ན། ཏང་གི་འཐུས་མིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་སེམས་འདུན་གཅིག་གྱུར་ཡིན་པ་སྟེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ན། ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་དང་། འཕེལ་རྒྱས་ཀྱི་ཡིད་རྟོན་ཡོད་པར་འགན་ལེན་ཏན་ཏིག་བྱེད་ཐུབ་པ་དང་། བདེན་སྲུང་གསར་སྐྲུན་དང་དཀའ་ངལ་ཁྱད་བསད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ན། མདུན་སྐྱོད་ལམ་བུའི་སྟེང་གི་དཀའ་ངལ་དང་ཉེན་ཁ་གང་ཞིག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ང་ཚོས་སྒྲུབ་འདོད་པའི་བྱ་བ་གང་ཞིག་ཡིན་རུང་ལེགས་འགྲུབ་བྱེད་ཐུབ་ངེས་རེད།
ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་ལས་ཆེ་རུ་ཕྱིན་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་ཆེ་རུ་ཕྱིན་ཞིང་། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་སོང་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པ་ལྟར་ན། ད་ལྟ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་བཏང་།
ཀྲེ་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཛུགས་སྐྲུན་ཐུན་མོང་ཕྱུག་འགྱུར་དཔེ་སྟོན་ཁུལ་དཔེ་སྟོན་སྡེ་བའི་ཉིང་པའོ་གྲོང་ཁྱེར་ཧྥིན་ཧྭ་ཆུས་ཐིན་ཐིག་སྡེ་བའི་ཏང་ཨུ་ཧྲུའུ་ཅི་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནམ་འཐུས་མི་ཧྥུའུ་ཕེན་ཅོན་གྱིས་བཤད་རྒྱུར། “སྡེ་བ་གཅིག་ཕྱུག་པོར་ཆགས་ན་དེ་ལ་ཕྱུག་པོར་གྱུར་བ་མི་ཟེར་བ་དང་། སྡེ་བ་ཚང་མ་ཕྱུགས་པོར་ཆགས་ན་ད་གཟོད་ཕྱུག་པོ་ངོ་མ་ཡིན་པར་བརྗོད་ཆོག ང་ཚོས་འཛུགས་སྐྲུན་བྱེད་བཞིན་པའི་ཐུན་མོང་ཕྱུག་འགྱུར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེས་ལེགས་པའི་འགྲེལ་བཤད་ཡིན”ཟེར།
ཐིན་ཐིག་སྡེ་བ་ནི་ས་དེ་ན་སྐད་གྲགས་ཆོད་པའི“སྡེ་བ་མིང་གྲགས”ཞིག་ཡིན་པ་དང་། 2021ལོར་སྡེ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་མོ་ཁྲི་བདུན་དང་སྟོང་ལྔ་ལ་སླེབས་ཡོད། ཧྥུའུ་ཕེན་ཅོན་གྱིས་བཤད་རྒྱུར། “མིག་སྔར་ང་ཚོས་ཏང་འཛུགས་སྐྲུན་གྱི་མཉམ་འབྲེལ་རྐྱེན་སྲོལ་ལ་གཞི་བཅོལ་ནས་ཉེ་འཁོར་གྱི་སྡེ་བ་དང་མཉམ་དུ་ཏང་འཛུགས་མཉམ་སྐྲུན་དང་། ལས་གཞི་མཉམ་དུ་དམ་འཛིན། བཅོས་སྐྱོང་ལ་མཉམ་དུ་དོ་དམ། ཚོགས་པ་བསྒྲིགས་ནས་འཕེལ་རྒྱས་གཏོང་བཞིན་ཡོད”ཟེར།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཉམས་ཆེ་བའི་འཆར་གཞི་འཆར་འགོད་བྱས་ཏེ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།
“མིག་སྔར། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱེད་ཐེངས་གསར་པ་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད།” ཀྲུང་གོའི་ཀྲུང་གོ་ལྕགས་ལམ་གྱི་ཏང་ཨུའི་ཧྲུའུ་ཅི་དང་སྤྱིའི་འགན་འཛིན་པ། འཐུས་མི་ཁྲིན་ཡོན་གྱིས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ཏེ། མདུན་ཕྱོགས་ཀྱི་ལག་རྩལ་ཁག་གཅིག་མགྱོགས་མྱུར་ཚད་བརྒལ་བྱེད་པ་དང་། ལག་རྩལ་བཟང་པོ་ཁག་གཅིག་མགྱོགས་མྱུར་སྒོས་བསྐྲུན་པ། སྟོབས་ཤུགས་གཅིག་སྡུད་བྱས་ནས་གནད་འགག་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཚད་བརྒལ་ཡོང་བ་བཅས་བྱས་ཏེ། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཟེར།
“མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་རེད།” ལན་ཀྲིག་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། འཐུས་མི་མཱ་ཞའོ་ཅེ་ཡིས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག རྩ་འཛུགས་ཀྱི་ནུས་པ། ཏང་ཡོན་གྱི་འགན་འཁུར་བ་བཅས་དང་ཟུང་འབྲེལ་བྱེད་ས་སྔར་ལས་ཡང་དག་བཙལ་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་བ། ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པ་སོགས་ལ་ལེགས་སྐྱེས་འབུལ་དགོས་ཟེར།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་བསྐྲུན་གྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱ་དགོས།
“ང་ཚོས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱས་ནས། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་རྒུ་འདོན་དགོས།” ནང་སོག་ཧུའུ་ལོན་པེ་ཨར་གྲོང་ཁྱེར་མོ་ལིས་ཏ་ཝ་ཏ་ཧན་ཨར་རིགས་རང་སྐྱོང་ཆུས་ཝུའུ་ལན་སྐྱ་མི་རུ་ཁག་གི་རུ་མི། འཐུས་མི་ཅིན་ཁེ་ལིས་ན་རི་ཡིས་བཤད་རྒྱུར། ང་ཚོ་དུས་ནམ་ཡང“དམར་པོའི་རིག་རྩལ་སྐྱ་མི་རུ་ཁག”བྱས་ནས། ཏང་གི་གསུང་སྐད་རྩྭ་ཐང་ཆེན་མོར་ཁྱབ་པ་དང་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཟེར།
ཏ་ཙུའུ་ཡི་རྡོ་བརྐོས་ནི་ཐང་སུང་དར་རྒྱས་ཆེ་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཅིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དུས་རབས་གསར་པའི་སྐྱོད་ལམ་གྱི་དཔང་པོ་བྱེད་བཞིན་ཡོད།
“མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་སྟོབས་ཤུགས་ཆེན་པོ་དགོས་ལ་བསམ་པའི་སྟོབས་ཤུགས་ཆེན་པོའང་དགོས།” ཏ་ཙུའུ་རྡོ་བརྐོས་ཞིབ་འཇུག་ཁང་སྲུང་སྐྱོབ་བཟོ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན། འཐུས་མི་ཁྲིན་ཧོས་ལི་ཡིས་བཤད་རྒྱུར།“ང་ཚོས་རིག་དངོས་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་དེའི་ཁྲོད་ཀྱི་རིག་གནས་སྙིང་སྟོབས་ཀྱང་མཚོན་པར་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་ཆེད་དུས་རབས་ཀྱི་ཉམས་འགྱུར་གསར་པ་བསྣོན་དགོས”ཟེར།
“བློ་མཐུན་རྣམ་པ། དུས་རབས་ཀྱིས་ང་ཚོར་རེ་འབོད་བྱེད་ཀྱིན་ཡོད། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་ཀྱིན་ཡོད། བློ་བརྟན་འགྱུར་མེད་དང་བྱ་སྤྱོད་ཏན་ཏིག་སྤེལ་ཚེ་གཞི་ནས་དུས་རབས་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་སྤྲོད་ཐུབ།”
བློ་མཐུན་ཞི་ཅིན་ཕིང་གི་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་འབོད་སྐུལ་ལ་ཉན་རྗེས། འཐུས་མི་རྣམ་པས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་ངེས་པར་དུ་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་བསྒྲུབ་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ལོ་རྒྱུས་མདུན་དུ་སྐྱོད་པའི་གཏན་ཚིགས་ཁྲོད་མདུན་དུ་སྐྱོད་པ་དང་། དུས་རབས་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་བ།“དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་བསྐྱོད”པའི་དཔའ་བོའི་བློ་སྟོབས་སྲུང་འཛིན་བྱས་ཏེ། རླབས་ཆེན་གྱི་འབད་འཐབ་ཁྲོད་རླབས་ཆེན་གྱི་བྱ་གཞག་གསར་པ་སྐྲུན་དགོས་ཟེར།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།