དར་ཆ་བསྒྲེངས་ནས་བརྩོན་པས་མདུན་དུ་བསྐྱོད། རྒྱང་སྐྱོད་ལམ་དུ་ལེའུ་གསར་བ་འབྲི།
2022.10.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 59

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔ་འཛིན་ཕྱི་གཏོད་ལ་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་དང་འབྲེལ་བ་ཡོད།

2022ལོའི་ཟླ10བའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད10པར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གློག་འོད་རབ་ཏུ་འཚེར་ཞིང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་གནད་འགག་གི་དུས་སྐབས་སུ། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་གཟབ་རྒྱས་ངང་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྙན་ཕུལ།

མཚོ་སྔོན་གྱི་མཐོ་སྒང་དུ། བཟོ་གཏེར་ཁེ་ལས་ནས་ཞིང་སྡེ་འབྲོག་ཁུལ་དང་། མཁར་གྲོང་སྡེ་ཁུལ་ནས་ཞིང་ས་སོགས་སུ། ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོར་ལྟ་བཞིན་མཆིས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུ་གནང་བ་དེས་ངར་ཤུགས་སློང་བ་དང་བརྩོན་སེམས་བསྐྱེད་ཐུབ་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུང་བརྡ་བཏང་ཟིན་པ་དང་། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ང་ཚོས་ངོ་མཚར་བའི་བྱས་རྗེས་གསར་པ་འབད་འབུངས་ཆེན་པོས་གསར་བསྐྲུན་བྱེད་དགོས་པ་དང་། རྒྱལ་ཁ་གསར་པ་སྔར་ལས་མང་པོ་ཐོབ་ཆེད་ང་ཚོས་བརྩོན་ལེན་ཆེན་པོ་བྱེད་དགོས།

ཕྱིར་མིག་བལྟས་ནས་འབད་འཐབ་ལམ་བུར་བསྐྱོད། མ་འོངས་སྐྱོད་ལམ་གསར་པ་དཔྱད་གཞིར་འཛིན།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཧུའུ་ཐའེ་སྲང་ལམ་ཞིན་ཞིས་སྡེ་ཁུལ་གྱི་ཏང་ཡོན་བྱ་འགུལ་ཁང་དུ། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ”ཞེས་པའི་འཕྲེད་དར་བཀལ་ཡོད་པ་དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་། སྡེ་ཁུལ་གྱི་ཏང་ཡོན་འཐུས་མི་བཅུ་ལྷག་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་འདུག་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ལ་ཉན་ནས་མི་སེམས་འགུལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

ཞིན་ཞིས་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུང་ཅང་ཡུང་གིས་བཤད་རྒྱུར། “ལོ་འདི་དག་གི་རིང་ལ། ང་ཚོའི་་གམ་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལག་འཁྱེར་ཁ་པར་སྤྱད་ནས་སྤྱི་སྤྱོད་རླངས་འཁོར་ལ་འདུག་ཐུབ་པ་དང་། སྡེ་ཁུལ་དུ་དཔེ་མཛོད་ཁང་བཙུགས་ཡོད་པ། ཆེད་མཁས་སྨན་པས་སྒོ་མདུན་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་བཅས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ང་ཚོའི་སེམས་ལ་ཟུག་ཡོད”ཟེར།

དུས་རབས་གསར་པའི་གོམ་སྟབས་དང་བསྟུན་ནས་བསྐྱོད། ད་ལོ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་ལ་མཚོན་ན་གནས་དེ་ནས་བྱ་བ་ལས་པའི་ལོ་བཅུ་པ་རེད། ལོ་འདི་དག་གི་རིང་ལ། སྲུང་སྐྱོབ་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་ཆ་སྙོམས་བྱས་ན་ལོ་རེར་བརྒྱ་དང་བདུན་ཅུ་ལྷག་འཕར་བཞིན་ཡོད། ཁྲུང་ཁྲུང་མགོ་ཁྲ་དེ་སྔོན་གྱི་བརྒྱ་ཕྲག་འགའ་ནས་ཁྲི་གཅིག་ལྷག་ཙམ་ཇེ་མང་དུ་སོང་བ་དང་། ད་དུང་འདབ་ཆགས་གཞན་དག་གི་གྲངས་ཀ་ཡང་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད། པ་སངས་ཚེ་རིང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལྟེ་གནས་ཁུལ་དུ་གནས་པའི་རིན་པོ་བརླན་སའི་ཆུ་བྱའི་འཚོ་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ནས། རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་སྔར་ལས་མང་བ་ཞིག་འདི་གར་འཚོ་གནས་བྱེད་ཀྱིན་ཡོད་པ་དངོས་སུ་ར་སྤྲོད་བྱུང་ཡོད། པ་སངས་ཚེ་རིང་གིས་བཤད་རྒྱུར།  “མ་འོངས་པའི་ལོ5ཡི་ནང་ངས་བརླན་ས་སྔར་ལས་སྲུང་སྐྱོང་ཡག་པོ་བྱས་ནས་བྱ་རིགས་འདི་དག་མུ་མཐུད་གནས་འདི་རུ་འཚོ་སྡོད་བྱེད་པར་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན”ཟེར།

གཙང་གསུམ་འབྱུང་ཡུལ་ནས་རྨ་ཆུ་དང་ཙོང་ཆུའི་གཞོང་སར་བལྟས་པ་ན། མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུའུ་ཧོང་ཧྲོས་ཆོན་ཧོས་རིགས་ཡུལ་ཚོ་སྟོན་བསྡུ་ལ་བྲེལ་བ་ཆེན་པོ་ལངས་ཡོད། ངལ་གསོ་བའི་གོ་སྐབས་དང་བསྟུན་ནས། ཡུང་ཨན་སྡེ་བའི་ལི་པེའོ་ཞིང་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཞུས་ལི་པེའོ་ཞིང་ཁར་བཙོག་ཏེ། ཁ་པར་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་འདུག

སྙན་ཞུ་ལ་ཉན་རྗེས་ཞུས་ལི་པེའོ་ཡིས་སྤྲོ་སེམས་འཕེལ་བའི་ངང་ནས་བཤད་རྒྱུར། “ཕོར་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་ནི་ང་ཚོ་ཞིང་པའི་གཏིང་ཤུགས་ཤིག་ཡིན་པ་དང་། གྲོང་གསེབ་དར་སྤེལ་གཏོང་ཆེད་ནུས་ཤུགས་འདོན་རྒྱུ་ནི་ང་ཚོ་ན་གཞོན་ཞིང་པ་ཚོའི་འགན་འཁྲི་ཞིག་རེད།”ཉེ་བའི་ལོ་འགའི་རིང་ལ། ས་གནས་དེ་གས་སེ་འདུས་ཐོན་ཁུངས་ལ་བརྟེན་ནས་ཤུགས་ཆེན་པོས་འདེབས་གསོའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཕྱུག་འགྱུར་འཇོན་ཐང་ཅན་ཚོའི“ཚབ་འདེབས”བྱེད་པར་སྐུལ་ལྕག་བཏང་ནས། ས་ཞིང་བེད་མེད་དུ་ལུས་པའི་དཀའ་གནད་ཐག་གཅོད་བྱས། “ལོ་རབས90པའི་ནང་སྐྱེས་པའི”ཏང་ཡོན་ཞུས་ལི་པེའོ་ནི་དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད། ཁོས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལས་རང་ཉིད་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པའི་གདམ་ག་དེར་ནོར་འཁྲུལ་མེད་པའི་ཡིད་ཆེས་བརྟན་པོ་བྱུང་ལ། རྗེས་ཕྱོགས་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་ཆེན་པོ་ལྡན་ངེས་རེད”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ལ་ཉན་རྗེས། མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ལི་ཆུང་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོས་བཤད་རྒྱུར། “སྟབས་ལེགས་པ་ཞིག་ལ་ལང་ཚོ་དར་ལ་བབས་པ་ལྟ་བུའི་ཏང་ཆེན་པོ་ཞིག་དང་། ཉིན་ར་བཞིན་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་ཅིག་བདེན་དཔང་བྱས་ལ། ཀྲུང་གོའི་མ་འོངས་པའི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཡིན་ངོས་པའི་མྱོང་ཚོར་ཟབ་མོ་བྱུང”ཟེར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཡོན་ཅི་ཅོན་གྱིས་ཐད་གཏོང་ལ་བལྟས་རྗེས་བཤད་རྒྱུར། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་། ཁྲལ་དོན་ཁོངས་གཏོགས་ཀྱིས་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་གཅོག་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཁྲལ་བསྡུའི་བྱ་བ་སྣ་ཚོགས་མུ་མཐུད་དུ་ཡག་པོ་བསྒྲུབས་ནས། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་ཕྱོགས་ཡོངས་ལ་སྔར་ལས་ཞབས་འདེགས་ཡག་པོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་སེམས་ལ་བཅངས་ནས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཧུའུ་ཐའེ་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐད་གཏོང་ལ་ལྟ་བཞིན་པ།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་ཏུང་ཧྥུན་ཕྱི་འཚོང་འཕྲུལ་རྟ་རུ་ཁག་གི་ཏང་ཀྲི་པུའུ་ཡིས་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པ།

ཟི་བརྗིད་ལས་ལ་གཞོལ་ནས་ཏང་གི་བཀའ་དྲིན་ཚོར། མཉམ་དུ་འབད་བརྩོན་བྱས་ནས་དུས་རབས་ཀྱི་ལེའུ་གསར་བ་འབྲི།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་བརྒྱུད་མྱོང་། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ལ་གཞོལ་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་རྒྱུའི་སེམས་ཐག་བཅད་པ་དེ་ནི། འགན་འཁྲི་ཤིན་ཏུ་ཆེ་བ་དང་ལས་འགན་ནི་གཟི་བརྗིད་བླ་ན་མེད་པ་ཞིག་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོ་རི་ཞོལ་མ་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་ཉར་ཚགས་བྱས་པའི་རྩྭ་མཛོད་ཁང་དུ། མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ། ཏང་ཡོན་བྱམས་མཁར་རྒྱལ་གྱིས་ཁོངས་མི་རྣམས་བསྡུས་ནས་རྩྭ་རའི་ནང་བསྡད་དེ་ཁ་པར་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་འདུག ཁོས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པ་དེ་ང་ཚོར་མཚོན་ན་བཀྲ་ཤིས་པའི་བྱ་བ་ཞིག་རེད།”ཉེ་བའི་ལོ་འགའི་རིང་ལ། རི་ཞོལ་མ་སྡེ་བའི“ཞིང་ས་ཆུང་བ་ཡོང་འབབ་ཆེན་པོ་ཅན་དུ་བསྒྱུར་བ་དང་། ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ། ས་ཞིང་རྐང་དངུལ་ལ་བསྒྱུར་བ། རོང་འབྲོག་པ་མ་རྐང་འཇོག་མཁན་དུ་འགྱུར་བ་བཅས”གཞི་ཁྱོན་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐུབ་པ་བྱུང་ནས་ཕན་འབྲས་རགས་ཙམ་ཐོན་ཡོད། བྱམས་མཁར་རྒྱལ་གྱིས་ཡིད་ཆེས་བརྟན་པོའི་ངང་བཤད་རྒྱུར། “ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ལས་སྒྲུབ་ལས་བསྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་ནས། ཤེས་བྱའི་ཉམས་མྱོང་ཡག་པོ་སྦྱོང་བ་དང་དོ་དམ་གྱི་ཞན་ཆ་གསབ་ནས། ཁོངས་མི་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་གྱི་རྣམ་པ་གསར་པ་ཞིག་བསྐྲུན་རྒྱུ་ཡིན”ཟེར།

ཐུན་རིན་གྲོང་ཁྱེར་ཧོར་ནག་ཡུལ་ཚོ་རུ་ཞོལ་མ་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་རྣམས་ཀྱིས་ཁ་པར་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐད་གཏོང་ལ་ལྟ་བཞིན་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མྱུར་བགྲོད་ལམ་བུའི་སྟེང་ཞུགས་ནས། ཕྱུགས་ལས་རྐྱང་པའི་ཡོང་འབབ་ལེན་བཞིན་པའི་ཚའོ་ཏཱ་པན་སྡེ་བར་ཉམས་ལེན་གཏིང་ཟབ་དང་། སྒར་སྡོད་བྱེད་པ། ཐོན་སྐྱེད་དང་ཕྱིར་ཚོང་། ཞིབ་འཇུག་སློབ་སྦྱོང་བཅས་གཞི་གཅིག་ཅན་གྱི་དེང་རབས་ཅན་དང་སྣེ་མང་ཅན་གྱི་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཡུལ་སྐོར་བྱེད་སྟངས་ཤིག་ཆགས་པས། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་མང་དུ་ཕྱིན་པ་དང་སྡེ་མིའི་ཡོང་འབབ་འཕར་སྣོན་བྱུང་ཡོད། ཚའོ་ཏཱ་པན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་མིན་གྱིས་སེམས་འགུལ་ཚད་མེད་ཐེབས་ཞོར་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་རྗེས། ང་ཚོས་སྡེ་བའི་མ་འོངས་འཕེལ་རྒྱས་ལ་གདེང་ཚོད་སྔར་ལས་ཆེ་རུ་ཕྱིན་ཡོད”ཟེར།

སྙན་ཞུའི་བརྗོད་བྱ་གཙོ་བོ་མངོན་གསལ་ཡིན་ལ་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ། དོན་སྙིང་གལ་ཆེན་ལྡན་པ་བཅས་ཀྱི་ཐོག་ནས་བསམ་ཕྱོགས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་བཏོན་པ་མ་ཟད། བརྗིད་རླབས་ཆེ་བའི་འཆར་གཞི་འགོད་པར་འབད་འབུངས་ཡར་བརྩོན་ཡང་བྱས་ཡོད། མགོ་རྩོམ་མཛད་སྒོའི་ཐད་གཏོང་མཇུག་སྒྲིལ་རྗེས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་ཁུང་ཡོན་གཏེར་ལས་ཚད་ཡོད་ཀུང་སིའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་ཚོ་མཉམ་དུ་བསྡད་དེ། སྤྲོ་སེམས་ཆེན་པོས་རང་ཉིད་ཀྱི་མྱོང་ཚོར་གླེང་བཞིན་འདུག ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཧའེ་ཅོན་གྱིས་བཤད་རྒྱུར། ང་ཚོའི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་ནས་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་སྤུས་ཚད་ཇེ་མཐོར་དང་། ཕན་འབྲས་ཆེ་རུ་གཏོང་བ། སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཐད་གཏོང་ལ་བལྟ་བའི་ཡུལ་དངོས་སུ། ལས་བྱེད་མི་སྣ་དང་ལས་བཟོ་བ་ཡོངས་ཀྱིས་སྙན་ཞུའི་ནང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་ནང་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་ལི་ཅོན་གྱིས་བཤད་རྒྱུར། “རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་བཀྲག་མདངས་འཚེར་སའི་མིང་བྱང་དང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི‘མིང་བྱང་གྲགས་ཅན’ཞིག་ཡིན་པས། ངེས་པར་དུ་མཚོ་སྔོན་གྱིས‘རི་གཉིས’ཀྱི་འདུ་ཤེས་ལག་བསྟར་བྱས་ནས་མདུན་གྲལ་དུ་སྐྱོད་དགོས། མིག་སྔར། ང་ཚོས་གཉེར་སྐྱོང་གི་དམིགས་བསལ་ཆོག་མཆན་སྤྲད་པའི་ལམ་ཐིག34འཆར་འགོད་བྱས་པ་དང་། སྐྱེ་ཁམས་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་འཕེལ་རྒྱས་བཏང་བ་བརྒྱུད། ལྟ་སྐོར་དུ་ཡོང་མཁན་ཚོས་རྒྱལ་ཁབ་སྤྱི་གླིང་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་དང་། འབྲོག་པ་མང་ཚོགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན”ཟེར།

སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་གཞག་རླབས་ཆེན་བསྐྲུན། མཐུན་སྒྲིལ་འབད་འཐབ་ཀྱིས་མ་འོངས་པའི་ཕྱོགས་སུ་བསྐྱོད།

དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་རྨ་ཆུའི་མཚོ་འཕང་ཆེས་མཐོ་བའི་གནས་སུ་འཕྲུལ་འཁོར་ནས་གློག་འདོན་ཚད་ཆེས་ཆེ་བའི་དམར་ལྡིང་གློག་འདོན་ས་ཚིགས་སྐྲུན་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི“རིན་ཐང་བྲལ་བའི་གསུང”དེ་ལས་ཆུ་གློག་ཅུའུ་གསུམ་པའི་བཟོ་སྐྲུན་ཀུང་སི་དང་པོའི་སྤྱིའི་ལས་འཛིན་པ་གཞོན་པ། དམར་ལྡིང་ལས་གཞིའི་ཏང་ཀྲི་པུའུ་ཧྲུའུ་ཅི། ལས་འཛིན་འགོ་གཙོ་ཀྲང་ཁྲིན་ལ་སེམས་འགུལ་ཆེན་པོ་ཐེབས།

མཚོ་སྔོན་ཚྭ་མཚོའི་བཟོ་ལས་ཚད་ཡོད་ཀུང་སི་ཀྲི་ཡོན་ཀུང་སིའི་ལས་བཟོ་བས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐད་གཏོང་ལ་ལྟ་བཞིན་པ།

མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐད་གཏོང་ལ་ལྟ་བཞིན་པ།

ཀྲང་ཁྲིན་གྱིས་གསར་འགོད་པར་བཤད་རྒྱུར། “མཐོ་སྒང་དུ་དབྱང་དབུགས་དཀོན་པ་དང་སྒྲིག་ཆས་ཀྱི་ཕན་འབྲས་ཞན་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་སྐབས། དམར་ལྡིང་ལས་གཞིའི་ཐོན་སྐྱེད་གཉེར་སྐྱོང་གང་དུ་བྱས་ན་ཏང་འཛུགས་སྐྲུན་དེའི་རྗེས་སུ་འབྲངས་ནས། ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་དེ་རུ་ཐོན་སྲིད།”ཆུ་གློག་ཅུའུ་གསུམ་པའི་དམར་ལྡིང་ལས་གཞི་པུའུ་ཡིས་ཏང་འཛུགས་སྐྲུན་གྱི་ཁྱད་སྟོབས་དེ་བྱ་བ་གཙོ་བོའི་དཀའ་གནད་སེལ་བའི་ནུས་ལྡན་མཚོན་ཆ་ཞིག་ཏུ་བསྒྱུར་ནས། འཛུགས་སྐྲུན་པ1600ལྷག་ཙམ་གྱི་སྣེ་ཁྲིད་དེ་ལས་ཡུལ་དངོས་ཀྱི་ཆུ་ཚོད24ཡི་རིང་བར་མཚམས་མི་ཆད་པར་ཨར་ལས་བཟོ་སྐྲུན་བྱས་ཏེ། དམར་ལྡིང་ཆུ་གློག་ས་ཚིགས་དུས་ལྟར་འཛུགས་སྐྲུན་ལེགས་འགྲུབ་བྱས་ནས། “གློག་ལྗང”སླར་ཡང་མཐོ་སྒང་དུ་སྤྱོད་ཐུབ་པར་ཁག་ཐེག་བྱས་ཡོད།

སྙན་ཞུའི་ཚིག་ཉམས་ནི་བརྗིད་ཆགས་པ་དང་། དགོངས་དོན་གཏིང་ཟབ་པ། སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ། མི་སེམས་ལ་སྐུལ་མ་གཏོང་བ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུར་མཉམ་དུ་བལྟས་པའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་ལས་བྱེད་མི་སྣ་དང་ལས་བཟོ་བ་ཚོས་གཅིག་རྗེས་གཉིས་མཐུད་དུ་བསྔགས་བརྗོད་བྱས། ཚང་མས་བསྟན་དོན། བསམ་བློ་དང་བྱ་སྤྱོད་རང་འགུལ་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཚན་རྩལ་གསར་སྐྲུན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུ་ལ་ཉན་རྗེས། རྒྱལ་ཁབ་ནུས་ཁུངས(གུང་ཧོ)ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་བཟོ་སྐྲུན་འཛུགས་སྐྲུན་པུའུ་ཡི་ཀྲུའུ་རིན་གཞོན་པ་ཀྲང་ཧན་གྱིས་སེམས་འགུལ་ཚད་མེད་ཐེབས་པའི་ངང་ནས་བཤད་རྒྱུར། མིག་སྔར་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ནུས་ཁུངས་ཚོགས་པའི་མཚོ་ལྷོའི་རྟེན་གཞི་གུང་ཧོ་རྫོང་གི་སྟོང་ཝ་ས་ཡ་གཅིག་ཟིན་པའི་འོད་གསོག་འཇོག་འཛུགས་སྐྲུན་རྣམ་གྲངས་ནི་རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་ནུས་ཁུངས་གསར་པའི་རྟེན་གཞི་ཆེན་པོའི་རྣམ་གྲངས་ཁག་དང་པོ་ཡིན་ལ། ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན། འཆར་གཞི་ལྟར་ན། སང་ལོའི་ཟླ6པའི་ཚེས30ཉིན་གྱི་སྔོན་དུ། ཕྱོགས་ཡོངས་ནས་ཤོང་ཚད་ཚང་མ་མངོན་འགྱུར་བྱེད་ཐུབ་པར་མ་ཟད་གློག་འདོན་སྤྲོད་བྱེད་ཐུབ་ལ། སྐབས་དེ་དུས་ལོ་རེར་ནུས་ཁུངས་གཙང་མ་ཏུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཙམ་འདོན་སྤྲོད་བྱེད་ཐུབ་པས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་སྔར་ལས་རོགས་རམ་བྱེད་ཐུབ་ཟེར།