མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ལོགས་བཀར་ནད་ཁུལ་གྱི་སྨན་ལས་མི་སྣས་གཞུང་སྒྲུབ་ཁང་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པ།
ཟླ10བའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་མགོ་མ་བརྩམ་གོང་གི་ཆུ་ཚོད་གཅིག་གི་སྔོན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་སྨན་ལས་མི་སྣས་རྒྱུན་གཏན་གྱི་སྨན་བཅོས་ཞབས་ཞུ་འགན་ལེན་བྱེད་པའི་ཆ་རྐྱེན་འོག སྔ་མོ་ནས་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟ་བའི་གྲ་སྒྲིག་བྱ་བ་ཚགས་སུ་ཆུད་པར་བྱས།
ཆུ་ཚོད་བཅུའི་སྟེང་། བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་བརྩམས། ཡར་བཞེངས་ཞེས་བསྐུལ་བ་དང་ལྷན་ཅིག མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་རྣམས་ཡར་བཞེངས་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། བརྙན་ཡོལ་ཆེན་པོའི་མདུན་དུ། སྨན་ལས་མི་སྣས་ཀྱང་སེམས་འགུལ་ཚད་མེད་དང་བཅས་སྐད་གསེང་མཐོན་པོའི་རྒྱལ་གླུ་མཉམ་ལེན་བྱས།
ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཆུ་ཚོད་གཉིས་ལ་ཉེ་ཙམ་རིང་གི་སྙན་ཞུ་ལ་ཉན་པ་དང་། ལྷག་པར་དུ་སྙན་ཞུ་ལས་སྨན་བཅོས་འཕྲོད་བསྟེན་ལས་དོན་སྐོར་གླེང་སྐབས། གྲོས་ཚོགས་ཁང་དང་གཞུང་སྒྲུབ་ཁང་། ནད་གཡོག་ས་ཚིགས། ལོགས་བཀར་ཁུལ་བཅས་ཀྱི་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་དང་། ངག་དམའ་མོས་གྲོས་སྡུར་བྱེད་པ། ཟིན་ཐོར་འགོད་པ་སོགས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས། ཚང་མས་སྙན་ཞུ་ལ་ཉན་ཞོར་དང་ཟིན་ཐོར་འགོད་ཞོར་གྱིས་གཟབ་རྒྱས་དང་སྤྲོ་སྣང་གིས་ཕྱུག་པའི་ཡུལ་དངོས་རྣམ་པ་དང་མི་སེམས་འགུལ་བའི་དུས་རབས་ཀྱི་རང་སྒྲའི་ཁྲོད་དུ་ཡོངས་སུ་སིམ་འདུག
གྲུབ་འབྲས་ལ་ཕྱིར་ལྟ་བྱས་པས་མི་སེམས་སྐུལ་བ་དང་། སྒུལ་ཤུགས་སྔར་ལས་གསར་པ་བསྣན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུའི་ནང་བསྟན་དོན། “གློ་བུར་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། ང་ཚོས་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང། འགུལ་རྣམ་གཙང་སེལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱིའི་དམག་འཐབ།འགོག་རྒོལ་དམག་འཐབ་བཅས་སྤེལ་བ་དང་།ཆེས་ཚད་མཐོན་པོའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར།སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་པར་གཅིག་གྱུར་འཆར་འགོད་བྱས།”
གྲུབ་འབྲས་དེ་དག་ཐོས་རྗེས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་གྲོས་ཚོགས་ཁང་ནང་དུ་ཐལ་མོའི་རྡེབ་སྒྲས་ཁེངས་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཏན་འཁེལ་སྐྱོབ་བཅོས་སྨན་ཁང་གཅིག་པུ་ཡིན་པའི་ཆ་ནས་མཚོ་སྔོན་མི་དམངས་སྨན་ཁང་བཞི་པ་ནི་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་སའི“གཡུལ་ས་གཙོ་བོ”ཡིན་པ་དང་།དེ་གའི་ལོགས་བཀར་ནད་ཁུལ་ནི“གཡུལ་ས་གཙོ་བོའི་འཐབ་ཕྱོགས་དང་པོ”ཡིན།རེབ་འགའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་དོགས་ཡོད་ནད་པ“གཅིག་ཀྱང་མི་ལུས་པ”དང་། སྨན་ཁང་དང་དེའི་ཉེ་འཁོར་ཏུ“གཅིག་ཀྱང་མ་བྱུང་པ།”སྨན་ལས་མི་སྣ“གཅིག་ཀྱང་མ་འགོས་པ།” ནད་པ་ལྕི་མོ“གཅིག་ཀྱང་མ་ཤི་བ”བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པར་མ་ཟད། ལོགས་བཀར་ཁུལ་གྱི་ནད་ཐོག་སྨན་བཅོས་ཀྱི་ཏང་ཀྲི་པུའུ་དང་པོ་ཡང་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་རིམས་འགོག་གི་སྔོན་ཐོན་སྡེ་ཁག་ཏུ་བདམས་པ་རེད།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་ཝང་ཡུན་གྱིས་བཤད་རྒྱུར། “སྨན་ལས་མི་སྣ་ཞིག་ཡིན་པའི་ཆ་ནས། གྲུབ་འབྲས་དེའི་ཁྲོད་རང་ཉིད་ལའང་སྐྱེས་སུ་ཕུལ་བའི་སྟོབས་ཤུགས་ཆུང་ཆུང་ཞིག་ཡོད་པ་ཡིད་ལ་འཁོར་སྐབས། སྤོབས་པ་དང་དགའ་སྤྲོ་ཚད་མེད་སྐྱེས་བྱུང་།” སྙན་ཞུའི་ཁྲོད་ཀྱི་པྲོག་གསར་རིམས་འགོག་གི་གྲུབ་འབྲས་ལས་རང་ཉིད་ཀྱི་རིམས་འགོག་བྱ་བ་ཡིད་ལ་དྲན་ཏུ་བཅུག ད་ལོའི་ཟླ་གསུམ་པར། རིམས་ནད་བསྐྱར་དུ་བྱུང་བས་ཝང་ཡུན་འཕྲལ་མར་ལོགས་བཀར་ནད་ཁུལ་དུ་བསྐྱོད་པ་དང་། ལོགས་བཀར་ནད་ཁུལ་གྱི་འགན་ལེན་པ་དང་གནས་སྐབས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་དོ་དམ་ལོགས་བཀར་ནད་ཁུལ་ཡིན་པའི་ངོས་ནས། ཏག་ཏག་ཉིན་བརྒྱད་ཅུའི་རིང་ནད་ཡམས་སྔོན་འགོག་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས། ཁོས་བཤད་རྒྱུར།“ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ‘འགུལ་རྣམ་གཙང་སེལ’གྱི་སྤྱིའི་བྱེད་ཕྱོགས་ལྟར། རང་ཉིད་ཀྱི་རང་འཁྲིའི་བྱ་བ་ཡག་པོར་སྒྲུབ་པ་དང་། ལས་གྲོགས་ཚོ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།”
དེ་བཞིན“གཡུལ་སའི་དཔའ་བོ་རྒན་རབས”ཀྱི་གྲས་ཡིན་པའི་འབྱིན་རྔུབ་ནད་ཁུལ་དྲུག་པའི་ཀྲུའུ་རེན་ལི་ཅི་ཅེ་ཡིས་མིག་སྔར་སྔར་བཞིན་ལོགས་བཀར་ནད་ཁུལ་དུ་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་བཞིན་ཡོད། གསར་འགོད་པས་ཁོ་ལ་འབྲེལ་གཏུག་བྱེད་སྐབས། ཁོས་དེ་རིང་ཞོགས་པ་ནས་ལོགས་བཀར་ནད་ཁུལ་གྱི་བྱ་བ་བཀོད་སྒྲིག་བྱས་ཟིན། ད་ལྟ་ལག་འཁྱེར་གློག་ཀླད་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་ཡོད། “སྙན་ཞུར་ཞིབ་ཏུ་ཉན་རྗེས། ང་ལ་ངར་སེམས་འཕེལ་བར་བྱས། རླབས་ཆེན་གྱི་རྒྱལ་ཁབ་དང་རླབས་ཆེན་གྱི་དུས་རབས་སུ་ངས་རང་གི་འགན་འཁྲི་གཡོལ་ཐབས་མི་བྱེད་པར་ལས་གནས་བརྟན་སྲུང་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲིའི་ནུས་པ་འདོན་རྒྱུ་ཡིན།”
འཆར་འགོད་བཟོས་ཏེ་འབད་འབུངས་ཆེར་བསྐྱེད་ཀྱིས་འགན་འཁྲི་གསར་བ་ཁུར་དུ་ལེན་པར་འབོད་སྐུལ་གཏོང་བ།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ཤིས་ཨའེ་ཆིས་བཤད་རྒྱུར། “སྙན་ཞུའི་ནང་གི་ལེའུ་རེ་རེ་དང་སྐད་ཆ་རེ་རེ། ཚང་མ་ང་ཚོའི་སྨན་ཁང་གི་ལས་ཀ་དང་འབྲེལ་བ་ཡོད།” སྙན་ཞུ་ལས་བསྟན་དོན“མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས།” སྨན་ཁང་གིས་ཀྱང་དེ་བཞིན་དུ་མི་དམངས་མང་ཚོགས་ཀྱིས་བདེ་ཐང་འཚོ་བར་བཅངས་པའི་རེ་བ་དེ་འབད་འཐབ་ཀྱི་དམིགས་འབེན་ཏུ་བརྩི་དགོས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་དུ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མུ་མཐུད་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ། མུ་མཐུད་དུ་བྱེད་ཐབས་ལེགས་སྒྲིག་དང་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་བྱ་ཐབས་དེ་བས་ཚན་རིག་དང་མཐུན་པ་དང་། གནད་ལ་འཁེལ་བ། ནུས་ལྡན་ཡོང་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར།སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་བར་སྤྱི་འདོམས་བྱེད་ཆེད། དམངས་ཚིས་ལ་ཕན་པ་དང་དམངས་སེམས་དྲོ་བར་བྱེད་པའི་བྱེད་ཐབས་སྔར་ལས་མང་བོ་སྤྱད་དེ་མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུའི་ནང་བསྟན་དོན། “བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་སུ་བཞག་ནས་མི་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཇེ་ལེགས་སུ་གཏོང་བ་དང་། བུ་བཙའ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ། བུ་བཙའ་དང་། གསོ་སྐྱོང་། སློབ་གསོའི་མ་གནས་བཅས་མར་གཅོག་དགོས། ཧུར་ཐག་སྒོས་མི་འབོར་བགྲེས་སོང་ཅན་དུ་འགྱུར་བའི་རྒྱལ་ཁབ་ལ་ཁ་གཏད་འཇལ་བའི་ཐབས་ཇུས་ལག་ལེན་བསྟར་ནས། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མི་ཧྲེང་རྒན་རྒོན་གྱི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། རྒན་རྒོན་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་སྨན་བཅོས་འགན་སྲུང་དང་། སྨན་བཅོས། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྤུས་ལེགས་ཅན་གྱི་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་ས་ཁོངས་དོ་མཉམ་ངང་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། དལ་བའི་རང་བཞིན་གྱི་གཅོང་ནད་ཚབས་ཆེན་བདེ་ཐང་ངང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཕན་རང་བཞིན་གྱིས་ཁྲིད་སྟོན་བྱེད་པའི་གཞུང་གཉེར་སྨན་ཁང་བསྒྱུར་བཅོས་ཟབ་སྤེལ་དང་། དམངས་གཉེར་སྨན་ཁང་འཕེལ་རྒྱས་གཏོང་སྟངས་ཚད་ལྡན་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་དཔུང་ཁག་འཕེལ་རྒྱས་དང་རྒྱ་སྐྱེད་དུ་བཏང་སྟེ་བྱ་བའི་གཙོ་གནད་གྲོང་གསེབ་དང་སྡེ་ཁུལ་དུ་འཇོག་དགོས། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལ་མཐོང་ཆེན་བྱ་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྨན་བཅོས་སྔོན་འགོག་མཐུན་སྦྱོར་དང་སྨན་བཅོས་སྔོན་འགོག་མཉམ་འདྲེས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ། རིམས་ནད་ཚབས་ཆེན་སྔ་ཙམ་ནས་ཤེས་རྟོགས་ཐུབ་པའི་ནུས་པ་ཆེ་རུ་གཏོང་བ་དང་། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་མ་ལག་དང་འཕྲལ་སྒྲུབ་ནུས་པ་འཛུགས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགོ་ནད་ཚབས་ཆེན་མཆེད་པར་བཀག་འགོག་ནུས་ལྡན་བྱེད་དགོས།” མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་ཏང་ཨུའི་ཧྲུའུ་ཅི་ལི་ཅན་ཧའེ་ཡིས་ཡང་དང་བསྐྱར་དུ་བཤད་རྒྱུར། “ང་ཚོས་མཐའ་གཅིག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྨན་ཁང་གི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཨང་དང་པོར་བཞག་ནས་སྨན་བཅོས་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན།”
འབྱིན་རྔུབ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ལི་ཝུའེ་ཧུང་གིས་བཤད་རྒྱུར། “ང་ཚོ་སྤྱིར་བཏང་གི་མི་ཡིན་མོད། འོན་ཀྱང་སྤྱིར་བཏང་མིན་པའི་འགན་འཁྲི་ཁུར་ནས་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།” ལི་ཝུའེ་ཧུང་ལ་ཐོབ་ཐང་གཞན་ཞིག་ཡོད་པ་ནི་རྒྱལ་ཁབ་ཀྱི་གློ་བུར་བྱུང་བའི་མྱུར་བའི་རང་བཞིན་གྱི་འགོས་ནད་སྔོན་འགོག་ཚོད་འཛིན(མཚོ་སྔོན་གྱི་དཔུང་ཁག)གྱི་རུ་མི་རེད། ད་ལོའི་ཟླ8པར། ནད་གཞི་ལྕི་བའི་རིགས་དང་དམིགས་བསལ་གནས་ཚུལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཕོག་མཁན་ལ་སྨན་བཅོས་བྱེད་པ་དང་དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་སྨན་པ་རྐང་འཛིན་པ་རྩེ་གྲས་མངགས་གཏོང་བྱས་ནས། རུ་ཁག་རེར་ནད་ཐོག་སྨན་བཅོས་ཀྱི་ཆེད་མཁས་པ་དང་། ནད་སྐྱོང་མི་སྣ། སྨན་ཁང་གི་ཆེད་མཁས་སྨན་པ། ཞིབ་བཤེར་ཆེད་མཁས་པ་བཅས་ལས་གྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྐྱོབ་བཅོས་སྨན་ཁང་དུ་བསྐྱོད་དེ། ནད་ཁུལ་བཀོད་སྒྲིག་དང་། ནད་པའི་བགྲོད་ལམ། ཁོར་ཡུག་དུག་སེལ་དང་། དངོས་རྫས་འགན་ལེན། ནད་པར་སྐྱོབ་བཅོས། ལོགས་བཀར་མགྲོན་ཁང་དོ་དམ་སོགས་ཀྱི་བྱ་བ་སྒྲུབ་པར་རོགས་རམ་བྱས་པ་དང་ཆབས་ཅིག ནད་ཁུལ་བཀོད་སྒྲིག་དང་ནད་པའི་སྨན་བཅོས་ཟབ་སྦྱོང་ཡང་བྱས་པ་རེད། ལི་ཝེ་ཧུང་གིས་བཤད་རྒྱུར། “ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་འགན་ལ་ངོ་མི་གནོང་བ་བཅས་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱ་ཆེད་ཕུལ་བྱུང་ཤེས་ལྡན་པ་དེ་ལས་མང་བ་སྐྱེད་སྲིང་བྱ་རྒྱུ་ཡིན།”
མ་འོངས་པར་འཆར་འགོད་བྱས་ཏེ་བྱ་བར་གྲུབ་འབྲས་གསར་བ་འཇོག་པར་འབད་བརྩོན་བྱེད་པ།
“ཡིད་འགུལ་ཐེབས་པ”དང་། “ངར་སེམས་འཕེལ་བ” “བློ་སྤོབས་རྒྱས་པ”མགོ་རྩོམ་ཚོགས་འདུ་མཇུག་འགྲིལ་རྗེས། ཚང་མས་གྲོས་བསྡུར་བྱེད་སྐབས་སྐད་ཆ་འདི་དག་སྤྱད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བྱས་པའི་མྱོང་ཚོར་མཚོན་པར་བྱས།
འབྱིན་རྔུབ་ནད་ཁུལ་དང་པོའི་ནད་སྐྱོང་འགོ་བ་ཧན་ཞའོ་རུའུ་ཡིས་ཟིན་བྲིས་ཐོག་“རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན”ཞེས་པའི་གསུང་ཚིག་དེ་བྲིས་ཤིང་། “གསུང་ཚིག་འདི་ངས་ཡིད་ལ་དམ་པོར་བཟུང་ནས།ནད་ཐོག་སྨན་བཅོས་ཀྱི་བྱ་བའི་ཁྲོད་དང་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། ངས་རྟག་ཏུ་བརྩེ་སེམས་དེ་མྱོང་ཐུབ། སྨན་ལས་མི་སྣ་ཞིག་ཡིན་པའི་ཆ་ནས། ངས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ལག་ལེན་དུ་བསྟར་ཏེ། ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོར་རང་ཉིད་ཀྱི་ནུས་པ་དང་རིན་ཐང་མངོན་ཅི་ཐུབ་བྱས་པ་ཡིན།”
སྨན་ཁང་གི་འགོས་ནད་དང་བདེ་སྲུང་སྔོན་འགོག་ཚན་ཁག་གི་ཡུས་རན་ནི་བྱ་བར་ཞུགས་ནས་དུས་ཚོད་རིང་བོ་འགོར་མེད་མོད། འོན་ཀྱང་ཐེངས་མང་པོར་ལོགས་བཀར་ནད་ཁུལ་གྱི་འགོས་ནད་འགོག་བཅོས་བྱ་བའི་ཁྲོད་ཞུགས་མྱོངས། ལོགས་བཀར་ནད་ཁུལ་དུ་བཅའ་སྡོད་བྱེད་མཁན་གྱི་འགོས་ནད་མི་སྣ་ལས་གཞན།སྨན་ཁང་གིས་ད་དུང་ཕྱི་རོལ་དུ་ཆུ་ཚོད་ཉེར་བཞིའི་རིང་ལས་རེས་མི་སྣ་བཀོད་སྒྲིག་བྱས་ཏེ།བརྙན་ལམ་བརྒྱུད་ནས་ནད་ཁུལ་གྱི་འགོས་ནད་གོ་རིམ་རེ་རེར་ལྟ་སྐུལ་བྱེད་བཞིན་ཡོད། ཏག་ཏག་ལོ་གཅིག་གི་དུས་ཚོད་ནང་། ནད་ཁུལ་གྱི་ཉིང་སྐྱུར་མ་དཔེ་ལེན་ཚད་ཁྲི་གཉིས་ལྷག་ཙམ་ཟིན་ཡོད། ཡུས་རན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། “སྙན་ཞུར་ཉན་རྗེས། ངའི་བསམ་པར་རང་ཉིད་ཀྱིས་ལས་གནས་ཐོག་བརྟན་སྲུང་བྱས་ཚད་སྔར་ལས་དོན་སྙིང་ལྡན་ཡོད།” “དེ་རིང་ངས་རང་ཉིད་ལ་བླང་བྱ་དེ་ལས་ནན་པོ་བཏོན་ནས་ཆེད་ལས་དང་ཕུལ་བྱུང་གི་མི་སྣ་ཞིག་བྱ་རྒྱུ་ཡིན།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུའི་ནང་བསྟན་དོན། “དུས་རབས་ཀྱིས་ང་ཚོར་རེ་འབོད་བྱེད་ཀྱིན་ཡོད་ལ། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་ཀྱིན་ཡོད། དེ་བས་བློ་བརྟན་འགྱུར་མེད་དང་བྱ་སྤྱོད་ཏན་ཏིག་གིས་སྤེལ་ཚེ་གཞི་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ་བྱེད་ཐུབ།” སྐབས་འདིར་སྨན་ལས་ཚན་ཁག་གི་ཀྲུའུ་རེན་ཏིང་ཡོས་ཧོ་ཡིས་སྤྲོ་སེམས་འཁོལ་པོའི་ངང་བཤད་རྒྱུར། “ཚེ་སྲོག་ལ་བརྩི་བཀུར་དང་། སྲོག་སྐྱོབ་རྨས་སྐྱོབ། ལེགས་སྐྱེས་འབུལ་འདོད་ཀྱི་འདུན་པ། བརྩེ་སེམས་ཚད་མེད”བཅས་ཀྱི་ལས་རིགས་སྙིང་སྟོབས་བློ་ལ་བརྟན་པོར་ངེས་པ་མ་ཟད་དར་སྤེལ་གཏོང་བ་དང་འབྲེལ། ལོ་གསུམ་རིང་གི་རིམས་ནད་སྔོན་འགོག་གི་རྩ་ཆེའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་བརྟན་སྲུང་བྱས་ཏེ། བླང་བྱ་སྔ་ལས་མཐོ་བ་དང་འབད་བརྩོན་སྔར་ལས་ཆེ་བ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་མུ་མཐུད་ཡག་པོར་བསྒྲུབ་དགོས།
དུས་རབས་གསར་པའི་འབོད་སྐུལ་དང་དུ་བླངས་ནས་འོད་སྟོང་འཕྲོ་བའི་རྒྱང་སྐྱོད་ཀྱི་ལམ་བུ་མཉམ་དུ་གཏོད་དགོས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར། ཡིད་ཆེས་བརྟན་པོ། བློ་གཅིག་སེམས་གཅིག འགན་འཁྲི་འཁུར་ཕོད་པ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་སྨན་བཅོས་མི་སྣའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཡིག་བསྒྱུར་བ། རྟ་མགྲིན་སྐྱབས།