ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད།
2022.10.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

 ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཉིན་གཉིས་ཀྱི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གནང་བའི་སྙན་ཞུ་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་གྱུར་སྒོས་བལྟས་ན།  སྙན་ཞུའི་ནང་དར་ཆ་གསལ་སྟོན་དང་། གཟིགས་རྒྱང་རིང་བ། བརྗིད་རྔམ་ཆེ་བ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་བརྗིད་ཆེའི་འཆར་གཞི་བཀོད་པ་དེ། དམངས་སེམས་དང་མཐུན་ཞིང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ཡོད་པས། མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་ཞིག་རེད།      ཚང་མས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྟོབས་འཕེལ་བར་བྱས་ཏེ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞུང་རང་ཡུལ་ཚོ་ཞུང་པུའུ་སྡེ་བའི་སྡེ་མི་ཚོས་རང་ཁྱིམ་དུ་ཁ་པར་བརྒྱུད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པ། 

བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལས།  “ལོ་བཅུའི་རིང་ལ་ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་གསུམ་བརྒྱུད་མྱོང་བ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། གསུམ་ནི་དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དེ་རེད། སྙན་ཞུའི་ནང་ལོ་བཅུའི་རིང་ལ་བླངས་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱས་བཤད་མཛད་པ་ལས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་སྤོབས་པ་ཚད་མེད་དང་ཡིད་ཆེས་ཆེན་པོ་འཕེལ་ཡོད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ་ལས་ཁུངས་དེའི་ཏང་ཡོན་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་མགོ་རྩོམ་པའི་ཐད་གཏོང་ལ་ལྟ་བཞིན་འདུག  ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཙི་ཆིས་ཀྱིས་བཤད་རྒྱུར། ཚོགས་ཆེན་ནས་ཏང་གིས་སྐྱོད་ལམ་གསར་པའི་ཐོག་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་། ལམ་བུ་གང་འདྲ་ཞིག་ཏུ་སྐྱོད་པ། བསམ་པའི་འཁྱེར་ཕྱོགས་གང་འདྲ་ཞིག་དང་དམིགས་འབེན་གང་འདྲ་ཞིག་གི་ཕྱོགས་སུ་མུ་མཐུད་དུ་མདུན་སྐྱོད་བྱེད་རྒྱུ་བཅས་གསལ་བསྒྲགས་བྱས་ཡོད། ང་ཚོས་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། འགན་འཁྲི་གསལ་རྟོགས་དང་གཙོ་གནད་ལ་ཤུགས་སྣོན་བརྒྱབ་སྟེ། བློ་བརྟན་འགྱུར་མེད་སྒོས་ཏང་འཛུགས་སྐྲུན་དམ་འཛིན་དང་། དོན་འཁྱོལ་དམ་འཛིན་བྱས་ནས་རྒྱུན་སྲིང་ལྷོད་མེད་སྒོས་རྨང་གཞི་འདིང་བ་དང་བྱ་བའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་ནས།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཟེར།

“ལོ་བཅུའི་རིང་ལ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་དང་སྤོབས་པ་སྐྱེས་འོས་པ་ཞིག་རེད”།   ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ཤྭ་རྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཁུ་ཧྥུན་གྱིས་སྡེ་བའི་ཏང་ཡོན་དང་སྡེ་དམངས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བརྙན་ཡོལ་གྱི་མདུན་དུ་བཙོག་སྟེ་མཉམ་དུ་སྙན་ཞུ་ལ་ཉན་བཞིན་འདུག  སྡེ་མི་ཚོས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཤྭ་རྭ་སྡེ་བའི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་སྒོ་སྒོར་ས་ཡ་གཉིས་དང་འབུམ་གསུམ་ལ་སླེབས་ཡོད། གྲུབ་འབྲས་འདི་དག་ནི་མིག་མཐོང་ལག་ཟིན་རེད་ཟེར། ཧི་ཁུ་ཧྥུན་གྱིས་བཤད་རྒྱུར། སྙན་ཞུའི་ནང་དུ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དམིགས་སུ་བསྟན་པ་དང་། ཞིང་ལས་ཞིང་སྡེ་དམིགས་བསལ་གྱིས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་འདུག ང་ཚོས་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་། གྲོང་གསེབ་དར་སྤེལ་ལ་འབད་པ་ཆེན་པོས་སྐུལ་འདེད་བཏང་ནས། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྐང་ཚ་བོད་རིགས་ཡུལ་ཚོའི་འབྲོག་དམངས་གཏན་སྡོད་བྱེད་ས་སོ་སོ་རུ། ཏང་ཡོན་རྣམས་ཀྱིས་མ་གྲོས་རང་མཐུན་གྱིས་ཏང་དར་ལག་པས་བཀྱགས་པ་དང་། ཏང་རྟགས་བྲང་ལ་བཏགས་ནས་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་ཐད་གཏོང་ལ་ལྟ་བཞིན་འདུག  འབྲོག་ཕྱོགས་ཀྱི་ཡུལ་ཚོ་འདི་མཚོ་འཕང་མཐོ་ཞིང་། ཆ་རྐྱེན་ཞན། ལོ་འདི་དག་ལ་མཐོ་སྒང་ནོར་ནག་གསོ་སྤེལ་རྟེན་གཞི་དང་ཡུལ་སྐོར་སྐྱེ་ཁམས་ར་བ། ཉི་འོད་གློག་ནུས་ལས་གཞི་སོགས་ཀྱིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་སྔར་ལས་སྟོབས་ལྡན་དང་། ཐོན་ལས་རྨང་གཞི་སྔར་ལས་བརྟན་འཇགས་སུ་བཏང་ཡོད།  ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་གཅོད་པས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུ་ལས་ང་ཚོར་འབད་འཐབ་དམིགས་འབེན་གསར་བ་བཏོན་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་དང་རྐང་ཚའི་ཁྱད་ཆོས་ལྡན་པའི་ནོར་ནག་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ཟེར།

སྔོ་ལྡེམ་མེར་འཁྱིལ་བའི་མཚོ་སྔོན་པོའི་ཉེ་འགྲམ་དུ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་སྲུང་བ་འགའ་མཉམ་རུབ་བྱས་ནས། ཁ་པར་གྱི་ནང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་ཐད་གཏོང་ལ་ལྟ་བཞིན་འདུག  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་རྒྱ་མཚོས་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུའི་ནང་དུ་ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་ལ། ཆུ་བོ་སྔར་ལས་དྭངས་དགོས་ཞེས་པའི་གསུངས་སྐད་ཐོས་རྗེས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག  ང་ཚོ་སྐྱེ་ཁམས་ལྟ་སྲུང་པས་རྗེས་ཕྱོགས་སྔར་ལས་གཟབ་ནན་གྱིས་མཚོ་སྔོན་པོ་ལ་སྲུང་སྐྱོབ་དང་། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་སྲུང་སྐྱོབ་བྱས་ནས། མཚོ་སྔོན་པོ་ནི་ང་ཚོའི་ཕ་ཡུལ་གྱི་གཟི་བརྗིད་དུ་འགྱུར་བར་བྱེད་དགོས་ཟེར།

སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ། ལག་བསྟར་བྱེད་པ་བཅས་བྱས་ཏེ། དུས་རབས་ཀྱི་འབོད་སྐུལ་སྟོང་ཟད་དུ་མི་གཏོང་བ་བྱེད་དགོས།

སྙན་ཞུའི་ནང་དུ་བསྟན་དོན། ང་ཚོའི་ཏང་གིས་སྤོབས་པ་ཆེན་པོས་གཞུང་ལུགས་འཚོལ་ཞིབ་དང་གསར་སྐྲུན་བྱས་ནས། མཐོང་སྣེ་གསར་པར་བརྟེན་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། གཞུང་ལུགས་གསར་སྐྲུན་གྱི་གྲུབ་འབྲས་གལ་ཆེན་བླངས་པ་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་གཅིག་བསྡུས་སྒོས་མཚོན་ཡོད།

ཞིང་ཆེན་ཁྲིམས་འཛིན་ཐིན་ཁྲིམས་ལུགས་ཁྱབ་བརྡལ་དང་ཁྲིམས་བསྟར་བཅོས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་རིག་འཛིན་གྱིས་བཤད་རྒྱུར། སྙན་ཞུའི་དགོངས་པ་ཟབ་ལ་གཟིགས་རྒྱང་རིང་བ་དང་། ཕྱོགས་ཡོངས་གཅིག་འདོམས་བྱས་ཡོད། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་དོན་གྱི་འོད་ཟེར་འཕྲོས་ཡོད།  ནན་ནན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཡུས་ཁྲིན་གྱིས་བཤད་རྒྱུར། སྙན་ཞུ་ལ་ཉན་རྗེས། ངར་ཤུགས་ཆེ་རུ་བསྐྱེད་པ་དང་ཡིད་ཆེས་ཆེན་པོས་ཁེངས་སོང་། ང་ཚོ་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་ཐིག་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་ཤུགས་འདོན་དགོས་ཟེར།

ཐད་གཏོང་ལ་བལྟས་ཚར་རྗེས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧེ་ཉིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་ཚོགས་ཆེན་ཐེངས་ཉུ་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱེད་ན། ཆེས་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ། ལག་བསྟར་བྱེད་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཆེན་པོ་གཏོང་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱོད་ངན་བཞི་བཅོས་སྐྱོང་ནན་མོ་བྱས་ཏེ། མི་དམངས་ཀྱི་རེ་སྒུག་དང་དུས་རབས་ཀྱི་འབོད་སྐུལ་སྟོང་ཟད་དུ་མི་གཏོང་བར། ཆབ་སྲིད་གཙང་གསལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མཐུན་རྐྱེན་བསྐྲུན་དགོས་ཟེར།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐེ་སྲང་ལམ་དབྱི་ཚེ་ཤར་ལམ་སྡེ་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་སྡོད་དམངས་རྣམས་ཕྱོགས་གཅིག་ཏུ་འདུས་ནས་སྙན་ཞུ་ལ་ཉན་ཞོར་གཟབ་ནན་གྱིས་ཟིན་བྲིས་འགོད་བཞིན་འདུག  སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲི་ཧྲིན་ཐེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་སྙན་ཞུའི་ནང་དུ། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་། གཞི་རིམ་ལ་ཟབ་ཞུགས་བྱས་ཏེ། དམངས་ཕན་གྱི་བྱ་གཞག་དང་དམངས་སེམས་དྲོ་བར་བྱེད་པའི་བྱེད་ཐབས་སྔར་ལས་མང་པོ་སྤྱད་ནས། མི་དམངས་མང་ཚོགས་ཀྱིས་རེ་སྒུག་དང་སེམས་ཁུར་བྱེད་པའི་དཀའ་ཁག་ཐག་གཅོད་གང་ལེགས་བྱེད་དགོས་ཞེས་བསྟན་འདུག ང་ཚོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་ཀྱིས་སེམས་ཁུར་བྱེད་པའི་དཀའ་ཁག་སྣ་ཚོགས་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་དགའ་སྐྱིད་འཚོ་བའི་རེ་སྙེག་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་འགན་འཁྲི་ལེགས་སྒྲུབ་བྱེད་པར་འབད་བརྩོན་བྱེད་དགོས།

སྙན་ཞུའི་ནང་བསྟན་དོན། དུས་ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་དཀྱིལ་སྙིང་ལས་འགན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན་ཡོད།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་རུན་ཡུས་ཀྱིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་། དེ་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཟུང་སྟེ། རིམ་པ་དང་རིགས་བགར་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་དང་ཆེད་དོན་གསོ་སྦྱོང་སྤེལ་ཏེ། ཏང་ཡོན་ལས་བྱེད་པའི་གཞུང་ལུགས་བྱང་ཚད་མཐོར་འདེགས་སུ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་བཟང་པོ་དང་འདོན་སྤེལ་བཟང་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་རུ་འཛུགས་སྐྲུན་བྱས་ཏེ་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་ཆེད་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

སྟོན་བསྡུའི་ལས་ལ་བྲེལ་བཞིན་པའི་མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཀོས་ནན་རྩྭ་ལས་ཀུང་སིའི་རུ་ཁག་གཉིས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡན་ཀྲི་ཞིན་གྱིས་སྤྲོ་སྣང་ཆེན་པོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུང་བརྡ་གསལ་བོར་བསྒྲགས་པས། ང་ཚོས་ཏང་གི་བཀའ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འདི་ཉིད་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩི་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རྩ་བའི་གཞི་འཛིན་ས་རུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལག་བསྟར་ནན་མོ་བྱས་ཏེ་ཞིང་ཆེན་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་རྐང་འཛིན་ཁེ་ལས་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་བོད་ལྕགས་ལམ་ཁུ་ནུ་རི་བོ་ཕུག་ལམ་གྱི་སོ་ལྟ་ཁང་གཉིས་པ་ནི་མཚོ་འཕང་བཞི་སྟོང་བརྒྱད་བརྒྱ་རེ་བརྒྱད་ཀྱི་མཚམས་སུ་ཡོད་ལ་གནས་འདི་རུ་གྲང་ངར་ཆེ་བ་དང་དབྱངས་དབུགས་དཀོན་ལ་ཆ་རྐྱེན་ཧ་ཅང་ཞན། འདི་ནི་དྲག་ཆས་ཉེན་རྟོག་དམག་དཔུང་གི་ངེས་གཏན་ལས་སྒྲུབ་སོ་ལྟ་བྱེད་གནས་ཆེས་མཐོ་ས་ཡིན། གནས་དེ་རུ་ཡོད་པའི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་ནུབ་ཡན་ལག་རུ་ཁག་ལས་སྒྲུབ་རུ་ཆེན་གཉིས་པའི་ལས་སྒྲུབ་རུ་འབྲིང་བདུན་པའི་དཔོན་དམག་གིས་བློ་སེམས་རྩེ་གཅིག་གིས་ཚོགས་ཆེན་གྱི་སྙན་ཞུ་ལ་ཉན་བཞིན་འདུག།  དམག་དཔུང་ལ་ཞུགས་ནས་ལོ་བཅུ་དྲུག་ལོན་པའི་དམག་མི་མཱ་ཕིན་གྱིས་བཤད་རྒྱུར། ལྕགས་ལམ་སོ་སྲུང་བ་ཞིག་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་།  ལས་གནས་བརྟན་སྲུང་བྱས་ཏེ་ཐེངས་རེ་རེའི་མེ་འཁོར་བདེ་འཇགས་ཀྱི་སྒོ་ནས་བགྲོད་ཐུབ་པར་འགན་སྲུང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་སུམ་ཐོག་ཏུ། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོ་ནས་ན་གཞོན་འཐུས་ཚབ་པ་བསྡུས་ཏེ་གཅིག་བསྡུས་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་འགོ་རྩོམ་པའི་གནས་ཚུལ་ཐད་གཏོང་བྱས་པར་བལྟས།  མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་སུང་ཁུན་མེན་གྱིས་བཤད་རྒྱུར།  ན་གཞོན་སློབ་མ་ཞིག་ཡིན་པའི་ཆ་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། ལོ་རྒྱུས་རང་རྟོན་ཇེ་བརྟན་ཏུ་གཏོང་བ་དང་། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པར་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཟེར།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།