---སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་ཟུར་བྲིས།
ཚེས16ཉིན་གྱི་སྔ་དྲོར། འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གཟབ་རྒྱས་ངང་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་བརྗིད་ཆེའི་འཆར་འགོད་ཞིག་རིས་སུ་བཀོད་ཡོད།
ཚེས17ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་ཀོང་ཞི་འཐུས་ཚབ་ཚོགས་པ་རུ་ཕེབས་ནས་ཚང་མ་དང་མཉམ་དུ་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་གྲོས་སྡུར་གནང་།
གྲོས་སྡུར་བྱེད་སྐབས། ཚང་མས་གྲུབ་འབྲས་དང་མྱོང་ཚོར་གླེང་ཞིང་གྲོས་གཞི་བཏོན་པ་དེར་ཡིད་རྟོན་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།
ཀོང་ཞི་ཚང་ཝུའུ་རྫོང་ཧྲན་ཕེན་སྡེ་བ་ནས་ཡོང་བའི་འཐུས་མི་ཀྲུའུ་ཞོའེ་ལན་གྱི་གཏམ་བཤད་ཁྲོད་ས་མཐའི་ཡའོ་རིགས་ཀྱི་སྡེ་བས་ཇའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་གླེང་སྐབས། སེམས་འགུལ་ཚད་མེད་ཐེབས་བཞིན་འདུག
ཧྲན་ཕེན་སྡེ་བ་ནི་སྔོན་ཆད་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། ཀྲུའུ་ཞོའེ་ལན་གྱི་སྣེ་ཁྲིད་འོག་སྡེ་བ་ཡོངས་ཀྱི་ཇ་ཡི་ཐོན་ལས་འཕེལ་རྒྱས་སོང་བ་དང་། ད་ལྟ། སྡེ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་ལས་བརྒལ་ཏེ། ཇ་ལོ་རེ་རེ་ལས“མཉམ་དུ་ཕྱུག་པོ་འགྱུར་བའི་ཕུགས་འདུན”མངོན་ཞིང་། ཇ་ཁུལ་རེ་རེ“བདེ་སྐྱིད་ཀྱི་རི་ཁུལ”ཞིག་ཏུ་གྱུར་ཡོད།
ཀྲུའུ་ཞོའེ་ལན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། “ལོ་ངོ་བཅུའི་སྔོན་ལ། མནའ་མ་ངེད་ཚང་ལ་ཡོང་སྐབས་དུས་ཚོད་བཞི་ལྷག་གི་ལམ་ཐག་བརྒྱུད་དགོས་ཤིང་། ད་ལྟའི་ཧྲན་ཕེན་སྡེ་བའི་བུ་མོ་རྣམས་ས་གཞན་པར་གནས་ལ་འགྲོ་འདོད་མེད་པ་དང་། ས་གཞན་པའི་བུ་མོ་རྣམས་སྡེ་འདིར་གནས་ལ་ཡོང་མཁན་མང་པོ་ཡོད་པར་མ་ཟད། སྡེ་བ་འདིར་མག་པར་ཡོང་འདོད་ཀྱི་སྐྱེས་པའང་མང་ཡོད”ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་ཤིན་དུ་དགྱེས་པའི་ངང་ནས“ཇ་ཡི་ཐོན་ལས་ལ་མདུན་ལམ་ཆེན་པོ་ཡོད་པས། གོམ་རིམ་རྗེས་མར་རང་ཉིད་ཀྱི་ཚོང་རྟགས་སྐྲུན་ནས་ཇ་ཡི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་དགོས”ཞེས་གསུངས།
ཡའོ་རིགས་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་ཁྲོད་ཀྱི་རླབས་རིས་ཤིག་ཡིན།
ལོ་ངོ་བཅུའི་རིང་ལ། ཀོང་ཞི་རུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བཞི་ཚང་མ་དབུལ་བོ་ལས་ཐར་བ་དང་། ཀོང་ཞིའི་ས་གཞི་ཆེན་མོར་རྣམ་པ་གསར་བ་ཞིག་མངོན།
ལོ་ངོ་བཅུའི་རིང་ལ། ཀྲུང་གོའི་ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ལ་ཉེ་བ་ཙམ་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་སྟེ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཤིན་ཏུ་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་རེད།
དུས་སྐབས་འདིར། འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་གསུང་མྱོང་བའི་གསུང་ཚིག་ཅིག་རང་དབང་མེད་དྲན་འོང་སྟེ།“ཀྲུང་གོ་པ་དང་ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བཅས་ནི་ཁ་བཤད་དོན་ལ་གནས་ཐུབ་པ་དག་ཡིན།”
ཀྲུའུ་ཞོའེ་ལན་གྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཐུགས་རྗེ་ཆེ་ཞུ། ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལ་ང་ཚོས‘ཟ་མ་ཞིམ་པོར་ཟ་ཐུབ་པ’དང་།‘བདེ་སྐྱིད་ཀྱི་ལམ་དུ’བསྐྱོད་ཐུབ་པ་བྱུང་ཡོད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས། ང་ཚོ་མཉམ་དུ་ཕྱུག་པོ་འགྱུར་བར་རེ་བས་ཁེངས་ཡོད”ཟེར།
དུས་རབས་གསར་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་མི་དམངས་མང་ཚོགས་ཀྱི་ཡིད་རྟོན་ཐོབ་ཡོད།
ཡིད་རྟོན་དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་ཡིད་རྟོན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཡིད་རྟོན་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཡིད་རྟོན་བྱས་པ་ཞིག་ཡིན།
སྐྱོད་ལམ་གསར་བའི་མཛེས་སྡུག་གི་སང་ཉིན་གྱིས་འབད་འབུངས་ཡར་བརྩོན་གྱི་ཡིད་ཆེས་ལ་སྐུལ་མ་བཏང་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགའ་སྐྱིད་ལྡན་པའི་མདུན་ལྗོངས་འབྲི་བཞེངས་བྱས་ཡོད་ལ། དེའི་ནང་དུ་“མཛེས་པའི་ཀྲུང་གོའི”རང་མདངས་གསལ་བོར་མངོན་ཡོད།
ཀོས་ལིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅིའམ་འཐུས་མི་ཀྲིག་ཅ་པེན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་ཀོས་ལིན་གྱིས་ལིས་ཅང་གི་སྐྱེ་ཁམས་ཀྱི་སྔར་ཡོད་རང་བཞིན་དང་། ཆ་ཚང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་སྐྱོང་བྱེད་པའི་ཐད་ཤུགས་སྣོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་གཉིས་མངོན་འགྱུར་བྱེད་པའི་ཐད་རྒྱལ་ཁ་ཆེན་པོར་བླངས་ཡོད་ཟེར།
ཀྲིག་ཅ་པེན་གྱིས་བཤད་རྒྱུར། ཁོ་ཚོས་རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་ལིས་ཅང་ལ་སྲུང་སྐྱོབ་བཟང་པོ་དང་ཀོས་ལིན་གྱི་རི་ཆུར་སྲུང་སྐྱོབ་བཟང་པོ་བྱས་ཡོད། “མ་འོངས་པའི་ལིས་ཅང་གི་ཆུ་མོ་དྭངས་ཤིང་འགྲམ་རྒྱུད་སྔོ་ལྗང་ཡིན་པ། ཉ་མོའི་འཁྱུག་རྩལ་ངོམས་པ། སྐྱར་མོས་ཁྱུ་ཚོགས་བསྒྲིགས་ཐུབ་པ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀོས་ལིན་གྱི་རི་ཆུའི་མཛེས་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང“ལིས་ཅང་ལ་བརྩེ་བ་ཟབ་མོ་ཆགས”ཡོད་པ་སྟེ། གཞོན་ནུའི་དུས་སྐབས་སུ། ཁོང་ཉིད“རི་ཆུར་གནམ་འོག་ན་འགྲན་ཟླ་བྲལ་བའི”ཀོས་ལིན་རུ་ཕེབས་མྱོང་བ་དང་། སྙན་ངག་དང་འདྲ་ཞིང་རི་མོ་ལྟར་མཛེས་པའི་རང་བྱུང་ཡུལ་ལྗོངས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་མྱོང་།
ན་ནིང་ཟླ4བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་མཛད་སྐབས་ལིས་ཅང་དུ་ཕེབས་ནས། རི་ཆུའི་མཛེས་པ་སྔར་བཞིན་ཡིན་པ་མཐོང་སྐབས། ཁོང་རང་དགའ་སྤྲོ་ཆེན་པོ་སྐྱེས། དེ་དང་ཆབས་ཅིག“ཀོང་ཞི་ཡི་རི་ཆུར་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་ནི་ང་ཚོས་ཕྲག་ཏུ་ཁུར་འོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་པར”ཡང་དང་བསྐྱར་དུ་མངགས་བཅོལ་གནང་།
ཀྲིག་ཅ་པེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་ཡར་ཞུ་ཞུས་དོན། ལོ་ངོ་གཅིག་གི་རིང་ལ། ཁོ་ཚོས་ཀོས་ལིན་གྱི་རི་ཆུར་སྲུང་སྐྱོབ་བཟང་པོ་བྱས་པའི་དུས་མཚུངས་སུ། ད་དུང་འཛམ་གླིང་རིམ་པའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཏུ་སྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།
ཀྲིག་ཅ་པེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར“གླང་སྣ་རི་བོའི་སྤྱི་གླིང་རིན་མི་དགོས་པར་སྒོ་འབྱེད་བྱས་ཡོད”ཅེས་ཡར་ཞུ་བྱས་པ་དང་།
སྤྱི་ཁྱབ་ཧྲུའུ་ཅིས“དེ་ནི་དུས་སྐབས་ཤིག་གི་སྲིད་ཇུས་ཡིན་ནམ། ཡང་ན་ཡུན་རིང་གི་སྲིད་ཇུས་ཡིན”ཞེས་དྲིས་པར།
ཀྲིག་ཅ་པེན་གྱིས“ཡུན་རིང་རིན་མེད་ཡིན”ཞེས་ཡར་ཞུ་ཞུས།
སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་དགྱེས་པའི་ངང་བསྟོད་བསྔགས་བྱས།
ལྗོངས་ཁུལ་མི་མང་ལ་ཕྱིར་སྤྲད་པ་དེ་ནི་རྩིས་སྤྲོད་ཆེན་པོ་ཞིག་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་རྒྱང་རིང་ལ་དམིགས་པ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “‘ཀོས་ལིན་གྱི་རི་ཆུར་གནམ་འོག་ན་འགྲན་ཟླ་བྲལ’ཞེས་པའི་ཚིག་རྐང་དེས་ཀོས་ལིན་གྱི་གནས་འཁེལ་མཚོན་ཡོད། གལ་སྲིད་ཀོས་ལིན་གྱི་རི་ཆུར‘གནམ་འོག་ན་འགྲན་ཟླ་བྲལ་བ་མིན་པའམ’ཡང་ན་གནམ་འོག་ཏུ་མིང་གྲགས་མེད་པར་གྱུར་ཚེ། དེ་ནི་ཀོས་ལིན་མིན། ཀོས་ལིན་གྱིས‘རི་ཆུར་བརྟེན་ནས་འཚོ་བ’རོལ་དགོས། ”
སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་ནན་མོ་གནང་དོན། “དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཁོ་ན་མི་བསམ་པར་ཀོས་ལིན་གྱི་རི་ཆུར་སྲུང་སྐྱོབ་བཟང་བོ་བྱས་ན་དེ་ནི་རྒྱལ་ཁབ་དང་མི་རིགས་ལ་བཞག་པའི་བྱས་རྗེས་ཆེ་ཤོས་ཡིན་ལ། འདི་ནི་ཁྱེད་ཚོས་བསྒྲུབ་དགོས་པའི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན།
ཀོང་ཞི་རླངས་འཁོར་མཐུན་ཚོགས་ཀྱི་འཐུས་མི་ཀྲེན་ཀྲི་མིང་གིས་ལུས་ལ་ལྭ་བ་སྔོན་པོ་ཞིག་གྱོན་ཞིང་ཁ་ལྕེ་བདེ་བོ་འདུག་ལ། ཁོ་ནི་སྐམ་འཛིན་ལས་བཟོ་བ་བྱས་ཏེ་འཚར་ལོངས་བྱུང་བའི་རྒྱལ་ཁབ་རིམ་པའི་ལག་རྩལ་པ་ཆེན་མོ་ཞིག་རེད།
ཁོས་བཤད་རྒྱུར། ཝུའུ་ལིང་རླངས་འཁོར་ནི་དང་ཐོག་འཇར་པན་ལ་སློབ་སྦྱོང་བྱས་ནས་བཟོས་པ་ཡིན་མོད། ད་ལྟ་འཇར་པན་གྱིས་ང་ཚོའི་རླངས་འཁོར་ལ་ཞིབ་འཇུག་བྱེད་མགོ་བརྩམས།
སྤྱི་ཁྱབ་ཧྲུའུ་ཅིས་བཞིན་ལ་འཛུམ་མདངས་རྒྱས་བཞིན་གསུང་རྒྱུར། “དེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་རེད།”
ཉེ་བའི་ལོ་འགའི་རིང་ལ། ཀྲེན་ཀྲི་མིང་གིས་རྒྱལ་ཁབ་རིམ་པའི་ལག་རྩལ་པ་ཆེན་མོའི་ལས་དོན་ཁང་གི་ཚོགས་པའི་སྣེ་ཁྲིད་དེ། རང་ངོས་ནས་བཟོ་རྩལ་སྒྲིག་ཆས་རྣམ་གྲངས་ལྔ་བརྒྱ་དང་བཅོ་ལྔ་ཞིབ་འཇུག་དང་གསར་བཟོ་ལེགས་འགྲུབ་བྱས་པར་མ་ཟད། ད་དུང་རྒྱུན་སྐྱོང་མཁན་གྱི་མཐོ་རིམ་ལག་རྩལ་བཟོ་བ་དང་མཐོ་རིམ་ལག་རྩལ་དགེ་རྒན། ཀུང་སིའི་དམིགས་བསལ་གདན་ཞུའི་ཆེད་མཁས་པ་སོགས་མི་ཉི་ཤུ་ལྷག་ཙམ་སྐྱེད་སྲིང་བྱས།
སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་དང་བཅས“ཁྱོད་ཀྱི་ལས་ཀའི་གོ་ཐོབ་ནི་རིམ་པ་གང་ཅན་དུ་སོང་ཡོད”ཅེས་དྲིས་པར།
ཀྲེན་ཀྲི་མིང་གིས་ལན་འདེབས་རྒྱུར། “རིམ་པ་གཉིས་ཅན་ཏེ། ཆེས་མཐོའི་ལག་རྩལ་དགེ་རྒན་ཡིན་ལ་མཐོ་རིམ་བཟོ་བཀོད་པ་ཡང་ཡིན། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་མིན་ཚེ། ང་ལྟ་བུའི་མཐོ་འབྲིང་མཐར་ཕྱིན་གྱི་ལས་བཟོ་བ་ཞིག་ལ་ལས་ཀའི་གོ་ཐོབ་མཐོ་རིམ་ཐོབ་རྒྱུ་ནི་ཡིད་ལའང་དྲན་མི་ཕོད།”
སྤྱི་ཁྱབ་ཧྲུའུ་ཅིས“ད་ལྟ་ཡོང་འབབ་ཅི་འདྲ་རེད”ཞེས་དྲིས་པར།
ཀྲེན་ཀྲི་མིང་གིས“ཡོང་འབབ་ཧ་ཅང་བཟང”ཞེས་ལན་བཏབ་པ་དང་མཉམ་དུ་ཚོགས་ར་ཡོངས་སུ་དགོད་སྒྲས་ཁེངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྟན་དོན། “ཐོན་ལས་བཟོ་བར་མཐོང་ཆུང་བྱ་མི་ཉན་ཏེ། ང་ཚོས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བཟོ་སྐྲུན་ལས་རིགས་འཛིན་པ་དང་དངོས་གཞིའི་དཔལ་འབྱོར་བསྒྲུབ་པར་བརྟེན་དགོས། ངེས་པར་དུ་ལྟ་སྟངས་བསྒྱུར་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་བཟོ་བ་སྐྱེད་སྲིང་བྱེད་དགོས། ”
ཤེས་མེད་ཚོར་མེད་ངང་ཆུ་ཚོད་གཅིག་འདས་ཟིན། ཚོགས་རའི་ནང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་གྱི་རེ་བ་འཕེལ་བའི་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས།
ཚང་མའི་གཏམ་བཤད་ལ་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན།
“ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དར་ཆའི་འོག་ཏུ‘སྲ་ཞིང་མཁྲེགས་པའི་རྣོ་ལྕགས’ལྟར་མཐུན་སྒྲིལ་དམ་པོ་བྱས་ནས་སེམས་པ་ཕྱོགས་གཅིག་ཏུ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་གཟིངས་ཆེན་པོ་མཚོ་རླུང་དང་བསྡེབས་ནས་རྦ་རླབས་གཤགས་ཏེ་རྒྱང་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ”
ཡིད་རྟོན་ཡོད་ན་ཡིད་ཆེས་ཡོད་པ་དང་། ཡིད་ཆེས་ཡོད་ཚེ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ།
ཏང་གིས་རླབས་ཆེན་འབད་འཐབ་ལ་བརྟེན་ནས་ལོ་བརྒྱའི་རླབས་ཆེན་བྱ་བཞག་གསར་སྐྲུན་བྱས་ལ། མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་རླབས་ཆེན་འབད་འཐབ་གསར་བར་བརྟེན་ནས་རླབས་ཆེན་བྱ་བཞག་གསར་བ་གསར་གཏོད་བྱ་ཐུབ་ངེས་ཡིན།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས།