—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིས་སྙན་ཞུའི་གནས་ཚུལ་ལ་གྲོས་བསྡུར་བྱས་པའི་བསྡུས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ་ཐུབ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས།”“ཐོག་མཐའ་བར་གསུམ་དུ་མི་དམངས་དང་བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱེད་དགོས”ཞེས་བསྟན་ཡོད།
འཐུས་མི་ཚོས་གཅིག་གྱུར་གྱིས་བསྟན་དོན། མི་དམངས་ནི་ཏང་གིས་སྲིད་འཛིན་རྒྱལ་དར་གྱི་གཏིང་ཤུགས་ཆེན་པོ་ཡིན། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་པ། མི་དམངས་ཀྱི་ཡིད་ཆེས་ཐོབ་པ། མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པ་བཅས་རྒྱུན་འཁྱོངས་བྱས་ཚེ། ཏང་གིས་དཀའ་ངལ་གང་རུང་ཁྱད་བསད་བྱེད་ཐུབ་པ་དང་། ཞུམ་མེད་མདུན་སྐྱོད་བྱེད་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ། སེམས་པ་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་ཟེར།
མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ།“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བཟང་པོ་བྱེད་དགོས།”
ཧི་ནན་ཞིང་ཆེན་ཧོས་ཞན་གྲོང་ཁྱེར་ཀྲང་ཚུང་ཡུལ་ཚོ་ཕེ་ཀྲའེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། འཐུས་མི་ཕེ་ཁྲོན་ལིང་གིས་ལག་ཏུ་བཟུང་བའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་སྟེང་། ཐ་སྙད་རེ་རེ་བཞིན་མི་དམངས་ལ་དམིགས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་བཀོད་སྒྲིག་རིམ་པ་རེ་རེ་བྱས་པར་བརྟེན་གཙོ་གནད་ཁ་ཕྱོགས་གསལ་བོ་བཟོས་ཡོད།
“‘མི་དམངས’ནི་སྙན་ཞུའི་ནང་ཆེས་མང་པོར་ཐོན་པའི་གནད་ཚིག་ཡིན་ལ། ང་ཚོས་གླེང་བའི་མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་ཀྱི་བརྩེ་སེམས་གང་ལེགས་ཀྱིས་མངོན་ཡོད།” ཕེ་ཁྲོན་ལིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡོངས་སུ་ཁྱབ་པའི་གཙོ་ཐིག་ཅིག་ཀྱང་ཡིན་པས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རླབས་ཆེན་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་ཟེར།
“གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་དམིགས་ནས། ང་ཚོས་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། འགུལ་རྣམ་གཙང་སེལ་ལ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགག་རྒོལ་དམག་འཐབ་བཅས་བྱས་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུང་ཕུང་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད།”
“མུ་མཐུད་དུ་འབད་འཐབ་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱུང་ནས། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ།”
“མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱས་ནས། ཆུང་དུས་གསོ་སྐྱོང་ཡོད་པ་དང་། སློབ་སྦྱོང་ལ་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་སྡོད་ལ་ཁང་བ་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་རྒྱུན་མཐུད་ནུས་ཤུགས་མངོན་ཡོད་པས། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་སོང་ཡོད།”
ལོ་ངོ་བཅུའི་རིང་གི་ཁྱད་དུ་འཕགས་པའི་གྲུབ་འབྲས་ནི་རྒྱུ་མང་དམངས་ཕྱུག་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་འོད་སྣང་ཁྲོད་བྲིས་ཡོད་ཅིང་། འཐུས་མི་ཚང་མར་མྱོང་ཚོར་ཟབ་མོ་ཐོབ་ཡོད།
ཉིང་ཞ་ཀུའུ་ཡོན་ལ་དེ་སྔོན་ཕྱི་རྒྱལ་གྱི་ཆེད་མཁས་པས“མིའི་རིགས་འཚོ་གནས་ཀྱི་གཞི་རྩའི་ཆ་རྐྱེན་མི་ལྡན་པའི”དཀའ་ཚེགས་ཆེ་བའི་ས་ཆར་བརྩིས་ཡོད་པ་དང་། ད་ལྟ་རི་བོ་སྔོ་ལྗང་དང་དམངས་ཕྱུག་གི་སྡོད་གནས་ལ་འཚམ་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།
“འདས་ཟིན་པར་ཕྱིར་མིག་བལྟས་ན། བསམ་བློའི་ཟིལ་ཤུགས་སྔར་ལས་ཆེ་རུ་ཕྱིན་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ རེད།” ཀུའུ་ཡོན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། འཐུས་མི་ཞན་ཀའོ་ཡུས་ཀྱིས་བཤད་རྒྱུར། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད། དཀའ་གནད་བཅས་ཚང་མ་དབུལ་ཐར་མཁྲེགས་གཏོར་ལས་སླ་མོ་ཞིག་མིན་པས། སེམས་ལྷོད་པ་དང་ངལ་གསོ་བའི་བསམ་ཚུལ་གཏན་ནས་ཡོད་མི་རུང་ཟེར།
“རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་རྒྱལ་སྲིད་ཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་སྲུང་བྱ་ནི་མི་དམངས་ཀྱི་སེམས་ཡིན།”
“དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན། སུས་མི་དམངས་སེམས་སུ་བཞག་ན་མི་དམངས་ཀྱིས་དེ་སེམས་སུ་འཇོག་སྲིད།” ཧུའུ་ནན་ཏང་གི་ལོ་རྒྱུས་བཤམས་སྟོན་ཁང་གི་འགོ་གཙོ་གཞོན་པ། འཐུས་མི་ཁྲིན་ཡན་གྱིས་རྒྱུན་དུ་མི་རྣམས་ལ་གཏམ་རྒྱུད་མང་པོ་བརྗོད་ཀྱིན་ཡོད། ཁོ་མོས་མི་སེམས་ལ་དྲོད་སྐྱིད་སྦྱིན་པའི་ལོ་རྒྱུས་དེའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་སྙིང་སྟོབས་མཚོན་ཡོད་ཟེར།
ཁྲིན་ཡན་གྱིས་མུ་མཐུད་དུ་བཤད་རྒྱུར།“‘མི་དམངས་ཀྱི་ཆེད་དུ་ཡིན’ཞེས་པའི་བླ་ན་མེད་པའི་འདུ་ཤེས་དེ་བརྟན་སྲུང་བྱེད་པའི་དབང་གིས་ཏང་ལ་གཞི་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་། བརྩི་འཇོག རྒྱབ་སྐྱོར་བཅས་ཐོབ་པ་དང་། གཞི་ནས་ཉེན་ཁ་སྣ་ཚོགས་ལས་སྒྲོལ་ཏེ་འཕེལ་རྒྱས་ཆེན་པོ་ཕྱིན་ནས་དུས་རབས་གསར་པའི་ལོ་བཅུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད།” མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ད་དུང་འཇིགས་སུ་རུང་བའི་བྱ་བར་ཡང་འཕྲད་སྲིད་པས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱི་བདེ་སྐྱིད་དེ་འཕེལ་རྒྱས་ཀྱི་རྒྱུགས་ལན་ཁྲོད་བཞག་ཚེ་དུས་རབས་གསར་པའི་སྐྱོད་ལམ་སྟེང་ཡག་པོར་བསྐྱོད་ཐུབ་ཟེར།
སྔར་སོང་མེ་ལོང་ལྟ་བུར་བཟུང་ནས་ཕུགས་འདུན་ལ་བརྩོན།
“མི་དམངས་དང་བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ཡིན་པས་ནམ་ཡང་འགྱུར་ལྡོག་གཏོང་མི་སྲིད།” སྡེ་སྡོད་བྱ་བ་སྒྲུབ་ནས་ལོ་བཞི་འགོར་བའི་ཁྲུང་ཆིན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་མི་དམངས་ཟབ་ཞུགས་དང་ཁྲིམས་སྐྱོང་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་། འཐུས་མི་ཡང་ཡུས་ཀྱིས་བཤད་རྒྱུར། “མི་དམངས”ཞེས་པའི་ཡིག་འབྲུ་དེ་གཉིས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱས་ཤིང་།“ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ཀྱིས་འཚོ་བ་ཡག་པོ་ཞིག་རོལ་ཐུབ་པའི་ཆེད་ཡིན་པ་དང་། འགྲན་སློང་དང་གནོན་ཤུགས་ཇི་ཙམ་ལ་འཕྲད་པ་དང་། བློས་གཏོང་དང་རིན་དོད་ཇི་ཙམ་བཏང་ཡང་དེ་ལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང”ཟེར།
རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས།“འཕེལ་རྒྱས་ཀྱི་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།”
དམངས་ཀྱི་རེ་འདོད་ནི་སྲིད་ཀྱི་འཕེལ་ཕྱོགས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུའི་ནང“དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཞིག་ཀྱང་ཡིན་པས། ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཐུན་མོང་གིས་འབད་འཐབ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུར་སྐུལ་མ་གཏོང་བ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བཅས་བྱེད་དགོས”ཞེས་གསལ་སྟོན་གནང་ཡོད།
ཡོང་འབབ་ནས་ལས་ཞུགས་དང་། སློབ་གསོ་ནས་སྨན་བཅོས། རྒན་གསོ་ནས་སྤྱི་ཚོགས་འགན་སྲུང་སོགས་སྙན་ཞུའི་ནང་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བ་སྣ་ཚོགས་ལ་བྱ་ཐབས་གསར་པ་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས། དམངས་ཚིས་བདེ་སྐྱིད་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སྤྲོད་པ། འཐུས་མི་ཚོས་ཡིད་ཆེས་སྔར་ལས་ཆེ་བ་དང་ངར་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།
ཀན་སུའུ་ཞིང་ཆེན་ཆིན་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་གི་ནད་གཡོག འཐུས་མི་ཐའོ་ཡ་ལིས་ཀྱིས་བཤད་རྒྱུར། “སྙན་ཞུའི་ནང་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་ཡོད་པ་དེའི་ཐོག་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད།” རང་ཉིད་གནས་སའི་སྨན་ཁང་གི་ལས་གྲོགས་ཚོས་ཐོག་མའི་དུས་ཚོད་ནང་འབྲེལ་ཡོད་ནང་དོན་ལ་དོ་ཁུར་བྱས་པས་ངར་ཤུགས་ཆེན་པོ་བསླངས་ཡོད།
ཐའོ་ཡ་ལིས་ཀྱིས་མུ་མཐུད་དུ་བཤད་རྒྱུར།“ཡོད་མེད”ནས“བཟང་མིན”བར་ཏང་ཀྲུང་དབྱང་གིས་དམངས་ཚིས་དགོས་མཁོའི་འགྱུར་ལྡོག་གསར་པ་དང་བསྟུན་ནས། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་ས་ཁོངས་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དལ་བའི་རང་བཞིན་གྱི་ནད་ཚབས་ཆེན་གྱི་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བླང་བྱ་བཏོན་ཏེ། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཏེ“ནད་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཟེར།
ལས་ཀ་འཚོལ་མཁན་ཚོར་ལས་གནས་འདོན་སྤྲོད་བྱ་ཆེད། མི་བཀོལ་ལས་ཁུངས་སུ་སོང་ནས། འཁྱུག་དབྱིངས་ཀྱི་ཐད་གཏོང་ལས་གནས་སུ་ཞུགས་ཡོད། འདི་ནི་པེ་ཅིང་དུ་མ་ཡོང་སྔོན་ལ། ཅི་ལིན་ཞིང་ཆེན་པེ་ཁྲིན་གྲོང་ཁྱེར་པའོ་ཁྲིན་ཆུའུ་སྤྱི་པའི་ལས་ཞུགས་ཞབས་ཞུའི་དངོས་སྦྱོང་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རིན། འཐུས་མི་ཡུས་ཡན་ཧྭ་ཡི་རྒྱུན་ལྡན་གྱི་ལས་ཀ་ཞིག་རེད།
ཡུས་ཡན་ཧྭ་ཡིས་བཤད་རྒྱུར། “ལས་ཞུགས་ནི་དམངས་ཚིས་རྩ་བ་ཡིན་པས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཤུགས་རྐྱེན་ཐེབས་ཡོད།” སྙན་ཞུའི་ནང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དང་། ལས་ཞུགས་ལ་མཐོང་ཆུང་མི་བྱེད་པ། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་སོགས་བཀོད་སྒྲིག་གནང་བས། ངལ་རྩོལ་པ་སྔར་ལས་མང་བ་སྤུས་ཚད་མཐོན་པོས་ལས་ཞུགས་གང་ལེགས་བྱེད་པར་སྐུལ་འདེད་ཐེབས་རྒྱུ་དང་འཚོ་བ་སྔར་ལས་ཡག་པོ་རོལ་ཐུབ་རྒྱུ་རེད་ཟེར།
ཀོས་ཀྲིག་ཞིང་ཆེན་ཝང་མོ་རྫོང་ཚོད་ལྟའི་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་གཞོན་པ། འཐུས་མི་ལིག་ཞིག་ཞང་གིས་སྙན་ཞུའི་ནང“མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས”ཞེས་པའི་འབྲེལ་ཡོད་ནང་དོན་ལ་ཞིབ་ཀློག་ཡང་ཡང་བྱས།
ལིག་ཞིག་ཞང་གིས་མུ་མཐུད་དུ་བཤད་རྒྱུར། “འདས་ཟིན་པའི་ལོ10ཡི་ནང་ང་ཚོས‘ཞིང་སྡེ་རུ་སློབ་སྐྱོར་བྱེད་པའི་བྱ་འགུལ’སྤེལ་ནས་དབུལ་ཕོངས་སློབ་མ4200ལྷག་ཙམ་ལ་རོགས་རམ་བྱས་པས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ལྡན་འོག་ང་ཚོའི་སློབ་གཉེར་ཆ་རྐྱེན་དང་དགེ་རྒན་གྱི་ཆུ་ཚད་སྔར་ལས་ཇེ་ལེགས་སུ་ཕྱིན་ནས། རི་ཁུལ་གྱི་བྱིས་པ་ཚོས་སྔར་ལས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་ཐུབ་པའི་ཡིད་ཆེས་ཡོད”ཟེར།
“ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་དགོས། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ནས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་པ། མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། གཞི་རིམ་དུ་སྐྱོད་པ་བཅས་རྒྱུན་འཁྱོངས་ཀྱིས་དམངས་ཚིས་ལ་ཕན་པ་དང་། དམངས་སེམས་དྲོད་སྐྱིད་ཡོང་བའི་བྱེད་ཐབས་སྔར་ལས་མང་བ་སྤྱད་དེ། མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དོ་སྙོམས་རང་བཞིན་དང་ནུས་པ་ཆེ་རུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས།”མ་འོངས་པར་རྒྱང་ལྟ་བྱས་ཚེ། སྙན་ཞུ་ཡིས་མདུན་སྐྱོད་པའི་ཁ་ཕྱོགས་གསལ་བོར་བསྟན་ཡོད།
ཅང་ཞིས་ཞིང་ཆེན་ཧྲང་དབྱི་རྫོང་ཨན་ཧི་ཡུལ་ཚོ་ཧྥུའུ་བན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། འཐུས་མི་ཁང་ཁོན་ཅུན་གྱིས་བཤད་རྒྱུར། “འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པར་བསྐྱོད་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ཁྲོད། འཛུམ་མདངས་ཀྱིས་ཁེངས་པའི་པར་རིས་རེ་རེ་ལས་བག་ཆགས་ཟབ་མོ་བྱུང་། “དེ་ནི་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས། གསོན་ཉམས་དོད་པའི་དམངས་ཚིས་རྒྱུགས་ལན་དངོས་རེད།”
“དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཤེར་མཁན་ཡིན།” ཁང་ཁོན་ཅུན་གྱིས་མུ་མཐུད་དུ་བཤད་རྒྱུར། “སྙན་ཞུའི་ནང་ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་བདེ་སྡོད་ལས་བརྩོན་དང་བདེ་སྡུག་སེམས་ནང་དུ་འཇོག་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱས་ཏེ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་དང་། ལོ་རེ་བཞིན་ལས་དོན་བསྒྲུབས་ནས་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་བ་དང་ཕན་པ་དངོས་ཐོབ་པ་བྱེད་དགོས”ཟེར།
མི་དམངས་ལ་བརྟེན་ནས། “མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས།”
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་ཞུའི་ནང“ཏང་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ། མི་དམངས་ཀྱི་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བས་འཐུས་མི་ཚོའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཧྲན་ཏུང་ཞིང་ཆེན་ཡན་ཐའེ་གྲོང་ཁྱེར་ཀྲི་ཧྥུའུ་ཆུའུ་ཡུས་ཧོང་ཏིན་སྲང་ལམ་དུ། སྡེ་ཁུལ་གྱི་ཟ་ཁང་ཞིག་གི་སྒོ་ཕྱེས། རྒན་པར་སྟབས་བདེ་སྐྲུན་པའི་སྡེ་ཁུལ་གྱི་ཟ་ཁང་དེའི་ཁང་བ་ནི་སྡེ་ཁུལ་གྱི་སྡོད་མིས་འདོན་སྤྲོད་བྱས་པ་དང་། ཞབས་ཞུའི་མི་སྣ་ནི་དང་བླངས་པ་ཡིན་ལ། འཛུགས་སྐྲུན་གྱི་འགྲོ་སྒོ་ནི་སྡེ་ཁུལ་གྱི་གསར་བརྗེའི་གདོང་ལེན་པའི་སྤྱི་ཕན་ཐེབས་རྩས་ཕུལ་བ་རེད།
ཡུས་ཧོང་ཏིན་སྲང་ལམ་ཏཱ་ཧའེ་ཡང་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། འཐུས་མི་ལིན་ཞའོ་ཡན་གྱིས་བཤད་རྒྱུར། “མི་དམངས་མང་ཚོགས་ལ་བློ་གྲོས་དང་སྟོབས་ཤུགས་ཚད་མེད་ལྡན་ཡོད། ང་ཚོའི་སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་ལ་མང་ཚོགས་ལའང་བརྟེན་དགོས། དེ་གཉིས་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་གཏོང་དགོས།” མི་དམངས་དགེ་རྒན་དུ་བརྩིས་ནས་མང་ཚོགས་ལ་ཐབས་ཇུས་དྲིས་ཏེ། ཐུན་མོང་གིས་བཅོས་སྐྱོང་དང་ཐུན་མོང་གིས་མཛེས་སྡུག་ལྡན་པའི་སྡེ་ཁུལ་གྱི་འཚོ་བ་ལོངས་སྤྱོད་བྱ་རྒྱུ་ཡིན་ཟེར།
ཏང་གི་རྩ་བ་དང་ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཀྱི་སྟེང་དུ་གནས་ཡོད།
ལའོ་ཉིན་ཅིན་ཀྲིག་ཏུ་དམག་ཁོངས་སུ་ཞུགས་པའི་མི་སྣ་ས་ཡ་གཅིག་དང་འབུམ་དྲུག་ཡོད་པ་དང་། ཞོར་ལས་པ་མི་ས་ཡ་གསུམ་དང་འབུམ་གཅིག་ཁྲི་གསུམ་ཡོད་ལ། འགྱོགས་བྱམས་འབུམ་གཉིས་ཡོད། ལའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་གཡུལ་སྐྱོར་ཁང་གི“བྱང་ཤར་བཅིངས་འགྲོལ་དམག་འཁྲུག་མི་དམངས་གཡུལ་སར་རོགས་སྐྱོར་བྱེད་པའི་བསྡོམས་རྩིས”སྐོར་ཞིག་ལ་ལྟ་སྐོར་བ་མང་པོ་ཞིག་གིས་བསམ་བློ་ཟབ་མོ་གཏོང་གིན་ཡོད།
“ང་ཚོའི་ཏང་ནི་མི་དམངས་ཀྱི་ཆེད་དུ་བསྐྲུན་པ་དང་མི་དམངས་ཀྱི་ཆེད་དུ་དར་བ་ཞིག་རེད།” ཅིན་ཀྲིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། འཐུས་མི་ཅིན་གོ་ཝེ་ཡིས་བཤད་རྒྱུར། མང་ཚོགས་ལམ་ཕྱོགས་ཀྱི་ཐབས་མཆོག་དེ་འདོར་མི་རུང་། ཐབས་ཇུས་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་བསམ་འདུན་དང་རེ་འདོད་ཁོང་དུ་ཆུད་པར་བྱས་ཏེ། དམངས་སེམས་དང་དམངས་ཀྱི་བློ་གྲོས། མི་དམངས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཅི་ཐུབ་བྱ་དགོས་ཟེར།
མི་དམངས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྲིད་འཛིན་གྱི་སྟོབས་ཤུགས་འབྱུང་ཁུངས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན།
2020ལོར། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་འཇབ་རྒོལ་ཐེབས། ཝུའུ་ཧན་གྱི་འཛུགས་སྐྲུན་བཟོ་པ་ཁྲི་ལྷག་གིས་ཉིན་མཚན་དབྱེར་མེད་དུ་ལས་རེས་བྱེད་པ་དང་། སྒྲིག་ཆས་དང་རླངས་འཁོར་སྟོང་ལྷག་གིས་ཉིན10ཡི་ནང་ཧའོ་ཧྲིན་ཧྲན་སྨན་ཁང་སྐྲུན་པའི་ཀྲུང་གོའི་མྱུར་ཚད་བསྐྲུན་ཡོད།
དངོས་སུ་བརྒྱུད་མྱོང་མཁན་དང་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས་གནས་ཚུལ་དེ་དྲན་སྐབས། ཀྲུང་གོའི་བཟོ་སྐྲུན་ཅུའུ་གསུམ་པའི་གློག་རླངས་བཟོ་བཀོད་པ། འཐུས་མི་ཞའོ་ཧྲོད་ཀྱིས་བཤད་རྒྱུར། “མི་དམངས་ལ་རྒྱབ་རྟེན་བཅོལ་བར་དམ་པོར་དམིགས་ནས། ང་ཚོའི་ཏང་གིས་དཀའ་གནད་མང་པོ་སྒྲོལ་ནས་རྒྱལ་ཁ་ཡང་ནས་ཡང་དུ་བླངས་པ་རེད”ཟེར།
ཨན་ཧོས་ཧྥུན་ཡང་རྫོང་ཞའོ་ཀང་སྡེ་བའི་ཏང་ཨུའི་ཧྲུའུ་ཅི། འཐུས་མི་ཀྲིག་ཆོན་ཀྲི་ཡིས་བཤད་རྒྱུར། “མགོ་རྩོམ་ས་གསར་པའི་སྟེང་། ང་ཚོས་མི་དམངས་ལ་དམ་པོར་བརྟེན་པ་དང་། མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་པ། མི་དམངས་ཀྱི་རྩ་བ་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བློ་གྲོས་འཕེལ་བ་དང་སྲིད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་མི་དམངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལག་ལེན་ནང་གཞི་ཚུགས་ཐུབ་པ་བྱས་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་མུ་མཐུད་དུ་བྱས་རྗེས་གསར་པ་འཇོག་རྒྱུ་བརྩོན་ལེན་བྱེད་ཀྱིན་ཡོད”ཟེར།
འཐུས་མི་ཚོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་མི་དམངས་དང་བདེ་སྡུག་མཉམ་མྱོང་དང་གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་བསྐྲུན་ངེས་རེད་ཟེར།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།