“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་ཡག་པོ་བྱེད་དགོས།
2022.10.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 67

—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་རང་ཞིང་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

མཚོ་སྔོན་གྱི་ས་གཞི་ཆེན་མོའི་རི་བོ་སྔོ་ཞིང་ལྗང་བ་དང་སྐྱེ་ཁམས་མཛེས་སྡུག་ལྡན།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་བས་སྐོར་ཞིབ་བྱ་བ་སྤེལ་བཞིན་པ།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཧི་ཏུང་ཡུལ་ཚོའི་སྐྱེ་ཁམས་བདག་སྐྱོང་བས་སྐྱེ་ཁམས་སྐོར་སྲུང་བྱེད་བཞིན་པ།

“ང་ཚོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རི་ཆུ་ནགས་དང་། ཞིང་ས། མཚེའུ་དང་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་བ་དང་། རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་གསལ་ཡོང་བ་བཅས་བྱེད་དགོས།”

བློ་བརྟན་འགྱུར་མེད་ཀྱི་སྐད་ཆ་ལ་སྟོབས་ཤུགས་ཀྱིས་ཁེངས་ཤིང་། སྙན་ཞིང་འཇེབས་པའི་འགྱུར་ཁུག་གིས་དྲོད་སྐྱིད་སྦྱིན་ངེས། ང་ཚོས་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཕྱིར་དགའ་འབོད་བྱས་པ་མ་ཟད། འབད་འབུངས་ཡར་བརྩོན་གྱི་ཀྲུང་གོའི་གོམས་སྟབས་ལ་ཡང་སྤོབས་སེམས་ཆེན་པོ་སྐྱེས་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི་ཆེད་སྤྱོད་ཁག་གཅིག་གི་ཡིག་ཚོགས་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྙན་ཞུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡི“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་པའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། དཀའ་ངལ་ཁྱད་བསད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་ཏང་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པའི་འགན་འཁྲི་ཧུར་ཐག་གིས་འཁུར་དགོས།

རང་བྱུང་ལ་སྲུང་སྐྱོབ་དང་འཆམ་མཐུན་མཉམ་གནས་བྱེད་པ།

མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་རང་བྱུང་ཁམས་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་གཞི་རྩའི་ཆ་རྐྱེན་ཡིན་ཞེས་བཏོན་ཡོད། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་རེད། ངེས་པར་དུ་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ཇུས་འགོད་བྱེད་དགོས།

“སྙན་ཞུའི་ནང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་གྱི་གྲས་ཤིག་ཡིན་པ་གསལ་བོར་བསྟན་ཡོད། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གསར་པ་གནང་ནས། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ཚད་མགྱོགས་མྱུར་གྱིས་བསྐྲུན་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད།” ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཏུང་ཕིན་གྱིས་བཤད་རྒྱུར། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་གསར་པ་དམ་འཛིན་ཟབ་མོ་བྱས་ནས། རི་ཆུ་ནགས་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་མ། གངས་འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཀྱི་བཟོ་སྐྲུན་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་དེ་ལྗང་མདོག་ཐཱན་ཉུང་། འཁོར་རྒྱུག་དང་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཀྱི་ཐབས་ལམ་དུ་བརྩིས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་དང་། ཧུར་ཐག་གིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བྱེད་པ་དང་། སྐྱེ་ཁམས་མཛའ་མཐུན་ཡིན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་མཚོ་སྔོན་གྱི་ཇུས་གཞི་ལེགས་སྐྱེས་སུ་འབུལ་དགོས་ཟེར།

སྟོན་དུས་སུ་ཁུ་ལུའུ་ཁུ་མཚོ་དང་ཐའོ་སུའུ་མཚེའུ་ཡི་རང་བྱུང་སྲུང་སྐྱོབ་ཁུལ་དུ། ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་ཆུ་བྱའི་རིགས་རྩེད་འཇོར་རོལ་བཞིན་མཆིས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་དེ་མཐོང་སྐབས། ཉེ་འགྲམ་དུ་སྐོར་གཡེང་བྱེད་པའི་སྐྱེ་ཁམས་བདག་སྐྱོང་བ་ལིས་ཐིན་ཀྲུང་གི་སེམས་པ་ཧ་ཅང་སྐྱིད་པོ་འདུག ཁོས་བཤད་རྒྱུར། “ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱས་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་རྗེས་ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་སྔར་ལས་གསལ་པོ་ཤེས་བྱུང”ཟེར།

གཞན་དང་མི་མཚུངས་པ་ནི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་ཕྱུགས་རྐྱ་སྡེ་བ་རུ་ཏང་ཡོན་རྒན་པ་རྡོ་རྗེ་ཡིས་ལོ20ལྷག་ཙམ་གྱི་རིང་ལ་སེམས་ཞིབ་མོས་བརླན་ས་སྲུང་སྐྱོབ་བྱས། “མིག་སྔར་འདབ་ཆགས་རིགས་བརྒྱ་ལྷག་ཙམ་ཡོད་པ་དང་། དེའི་ཁྲོད་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་མང་པོ་ཡོད་ལ། ངས་རང་ཉིད་ཀྱི་མིག་ཟུང་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན”ཟེར།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཅིན་ཀའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་བསམ་པའི་ཉམས་འགྱུར་བཟང་པོ་དང་། དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ། ཏན་ཏིག་ནུས་ལྡན་གྱི་བྱ་ཐབས་བཅས་ལ་བརྟེན་ནས་སྤུས་ཚད་མཐོན་པོས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ་རྒྱལ་ཁབ་སྤྱི་གླིང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་ཟེར།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཧི་ཞི་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་དྲུང་ཐར་གྱིས་བཤད་རྒྱུར།“དམིགས་འབེན་ལས་འགན་གསར་པའི་མཛུབ་ཁྲིད་འོག ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་རེ་རེ་ནན་ཏན་སྒོས་དོན་འཁྱོལ་བྱས་ནས། ས་ཁོངས་ནང་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད་པ། ལྗང་མདོག་སྲུང་སྐྱོབ། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད”ཟེར།

ཏན་ཏན་ཏིག་ཏིག་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

སྙན་ཞུའི་ནང་ང་ཚོས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རི་ཆུ་ནགས་དང་། ཞིང་ས། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་བསྐྱེད་པ། འཕར་སྣོན་གཏོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་། ལེགས་བསྡུས་ཞིབ་གཉེར་གྱིས་གྲོན་ཆུང་བྱེད་པ། ལྗང་མདོག་དང་ཐཱན་ཉུང་གཏོང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧི་ཏུང་ཡུལ་ཚོ་ཚྭ་མདའ་སྡེ་བའི་སྐྱེ་ཁམས་ནགས་སྲུང་བ་ནོར་བུ་དབང་ཆེན་གྱིས་བཤད་རྒྱུར། ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་སྐྱེ་ཁམས་བདག་སྐྱོང་བ་གྲངས་མེད་ཅིག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆོད་སེམས་ལག་བསྟར་བྱེད་བཞིན་ཡོད། “ང་ཚོ་དུས་རྒྱུན་མང་ཚོགས་ཀྱི་ཁྲོད་དུ་སོང་ནས། ཚང་མར་ནགས་ལས་སྲིད་ཇུས་དང་ཁྲིམས་སྲོལ། ནགས་སྲུང་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཚོར་ནགས་སྲུང་དང་ནགས་ཚལ་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་འཛུགས་བཞིན་ཡོད། ད་ལྟ། ནགས་ཁུལ་གྱི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པས་ངའི་སེམས་པ་ཧ་ཅང་དགའ། རྗེས་ཕྱོགས་སུ། ང་ཚོས་དྲིལ་བསྒྲགས་དང་སྐུལ་སློང་གི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན”ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཞེ་རྒྱ་མཚོ་ཡིས་བཤད་རྒྱུར། མ་འོངས་པར་རྫོང་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རི་ཆུ་ནགས་དང་། ཞིང་ས། མཚེའུ། རྩྭ་ཐང་དང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བཅས་བྱ་རྒྱུ་དེ་རང་བྱུང་ཐོན་ཁུངས་ལས་དོན་གྱི་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བའི་ཏན་ཏིག་གི་ཕན་འབྲས་སུ་བསྒྱུར་ནས། ཉིན་རེར་ནམ་མཁའ་སྔོ་ཞིང་དྭངས་བ་དང་སྔོ་ལྗང་རི་ཆུར་སྲུང་སྐྱོབ་ཡག་པོ་བྱ་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་གུང་ཧོ་ཡུལ་ཚོ་ཧྭ་ལིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བ་ཡིག་ཞིན་གྱིས་བཤད་རྒྱུར། “སྡེ་མི་རྣམས་མི་རབས་ནས་མི་རབས་བར་གནས་དེར་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་། ནགས་ཚལ་ལ་གཏོར་བརླགས་གཏོང་བ་ནས་རང་འགུལ་ངང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་དཔུང་སྡེའི་ནང་ཞུགས་ཡོད་པས། ང་ཚོའི་འཚོ་གནས་འཕེལ་རྒྱས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་ཁ་འབྲལ་ཐབས་མེད། ང་ཚོས་སྡེ་མིས་གང་འདོད་ལྟར་ནགས་མི་གཅོད་པ་དང་རྩྭ་མི་འབྲེག་པ། ས་བརྐོ་རྡོ་སློག་བྱེད་པ། རི་དྭགས་མི་རྔོན་པ་བཅས་ལ་དྲིལ་བསྒྲགས་དང་ཁྲིད་སྟོན་ནན་མོ་བྱེད་པ་དང་། སྡེ་བ་ཡོངས་ཀྱི་ཞིང་བ་ཁྱིམ་ཚང་གིས་དུས་ལྟར་ཕྱུགས་འཚོ་བའི་དུས་ཚོད་གཅིག་གྱུར་མཐུན་སྦྱོར་བྱེད་པ། དགོས་ངེས་ཀྱི་སྐབས་སུ་རི་བཀག་ནགས་གསོ་བྱེད་པ་བཅས་བྱས་ནས་ཧྭ་ལིན་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་ཡིན”ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཅིན་ཅན་ཆིན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རི་ཆུ་ནགས་དང་། ཞིང་ས། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཐོན་ཁུངས་སྲུང་སྐྱོབ་སྲ་བརྟན་མཐོར་འདེགས་སུ་གཏོང་བ། ཚྭ་འདམ་གཞོང་སའི་སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། མཛེས་པའི་མཚོ་སྔོན་གྱི་ལྗང་མདོག་མཚོ་ནུབ་ཀྱི་མཛེས་པའི་རི་མོ་འབྲི་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དཀའ་ཐུབ་ཀྱིས་བཤད་རྒྱུར།“ “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ང་ཚོར་ཁ་ཕྱོགས་དང་བགྲོད་ལམ་གསལ་སྟོན་བྱས་ཡོད། རྗེས་ཕྱོགས་སུ་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁང་དང་རུ་ཁག ཁྱིམ་ཚང་བཅས་ཀྱི་ཕྱོགས་སུ་སྔར་ལས་སྣུར་སྲིང་བྱས་ནས།‘ལྔ་ལྡན’དཔུང་ཁག་འཛུགས་སྐྲུན་ལམ་ལུགས་གྲུབ་པར་བྱེད་པ་དང་ཆབས་ཅིག སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་འགན་འཁྲི་ཞིབ་ཚགས་སུ་བཏང་སྟེ། གནད་ལ་འཁེལ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲ་བ་ཆེན་པོ་ཞིག་བཙུགས་ནས། འགུལ་རྣམ་ཅན་གྱི་དོ་དམ་ནུས་ལྡན་དང་དོ་དམ་གྱིས་མ་འདང་བའི་བར་སྟོང་མེད་པ་བཟོས་ཏེ། རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་བྱེད་པའི་ཆུ་དམར་ལེབ་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

སྐྱེ་ཁམས་སྔོན་ལ་ལག་བསྟར་བྱས་ནས་ལྗང་མདོག་འཕེལ་རྒྱས་སུ་གཏོང་དགོས།

ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།

སྙན་ཞུའི་ནང་བསྟན་དོན། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ནན་མོ་བྱས་ནས་ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་ལ། ས་གཞི་གཙང་བའི་བདེ་སྲུང་དམག་འཐབ་མུ་མཐུད་དུ་ཡག་པོ་བརྒྱབ་ནས། སྦགས་བཙོག་ཆེ་བའི་གནམ་གཤིས་རྩ་བའི་ཆ་ནས་མེད་པར་བཟོས་ཏེ། གྲོང་ཁྱེར་གྱི་བཙོག་ཆུ་གཞི་རྩའི་ཆ་ནས་མེད་པར་བཟོ་བ་དང་། ས་རྒྱུའི་སྦགས་བཙོག་འབྱུང་རྩ་ནས་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་གུང་ཧོ་གྲོང་རྡལ་སུའུ་ཨར་ཅེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སུའུ་ཧྲིན་ཁྲིན་གྱིས་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུར་ཉན་རྗེས་མངགས་བཅོལ་ཟབ་མོ་ད་དུང་རྣ་ལམ་དུ་གྲགས་བཞིན་ཡོད། སུའུ་ཧྲིན་ཁྲིན་གྱིས་བཤད་རྒྱུར། “ཞིང་སྡེའི་གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཞིང་སྡེའི་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མཁར་གྲོང་གི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བ། ནུས་ཤུགས་ཡོད་རྒུས་ཞིང་སྡེའི་ཡུལ་སྐོར་དང་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ཡུལ་མི་ཚོའི་སྣེ་ཁྲིད་དེ་མིའི་བསམ་བློ་མཛེས་པ་དང་ཡུལ་ལྗོངས་མཛེས་པ། འཚོ་བ་ཡག་པ། སྐྱེ་ཁམས་ལྗང་མདོག་བཅས་ཀྱི་མཛེས་སྡུག་གི་ཞིང་སྡེ་བསྐྲུན་རྒྱུ་ཡིན”ཟེར།

མཚོ་སྔོན་ཀྲུང་ཁུང་ཉི་ནུས་གློག་གཏོང་ཚད་ཡོད་ཀུང་སིའི་མཐོ་རིམ་བཟོ་སྐྲུན་པ། འོད་ནུས་གསོག་འཇོག་བཟོ་སྐྲུན་ཅན་གྱི་ཉེར་སྤྱོད་ཞིབ་འཇུག་ལས་དོན་ཁང་གི་སྣེ་ཁྲིད་པ་ཧྥན་ཡུས་ཧྭ་ཡིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི‘རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི’ཐད་འཕེལ་རྒྱས་ཀྱི་ནུས་པ་ཆེན་པོ་ལྡན། ད་ལྟ་ཀུང་སིའི་ཉི་ནུས་གློག་གཏོང་ལག་རྩལ་གསར་སྤེལ་དང་གློག་ཤུགས་ཐོན་སྐྱེད་གསོག་འཇོག་སོགས་ཀྱི་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་ནས་ཁེ་ལས་ཀྱི་རིན་ཐང་དང་། སྤྱི་ཚོགས་ཀྱི་རིན་ཐང་། སྐྱེ་ཁམས་ཀྱི་རིན་ཐང་བཅས་ལ་རྒྱལ་ཁ་མངོན་འགྱུར་བྱུང་ཡོད” ཟེར།

ཉིན་འདི་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲིན་ཐེ་ཅུན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་ཡང་ཡང་བྱས་པ་དང་སྙན་ཞུའི་ཐད་ལའང་བསམ་གཞིགས་སྔར་ལས་མང་བ་བྱས་ཡོད། ཁོས་བཤད་རྒྱུར། “མཚོ་སྔོན་ལུས་རྩལ་གྱིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ལ། ཁྱད་ཆོས་མངོན་པར་གསལ་བའི་སྐྱེ་ཁམས་ལུས་རྩལ་རིག་གནས་ཀྱང་གྲུབ་ཡོད། ཇི་ལྟར་བྱས་ནས་ལུས་རྩལ་གྱིས་མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྗེས་ཕྱོགས་ཀྱི་འགྲན་བསྡུར་རྩ་འཛུགས་ཀྱི་འཁོར་སྐྱོད་བྱ་བའི་ཁྲོད་ང་ཚོས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་ཁྱད་སྟོབས་སྔར་ལས་འདོན་སྤེལ་བྱས་ནས། སྐྱེ་ཁམས་ཀྱི་མིང་བྱང་ཡག་པོ་བསྐྲུན་པ་དང་། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད་ལུས་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ཐང་ཡུས་ཧྥིན་གྱིས་བཤད་རྒྱུར། སྐྱེ་ཁམས་བཅོས་སྐྱོང་བྱེད་ཡུལ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་དྭངས་ཤིང་གཙང་བའི་སྔོ་ལྗང་རི་ཆུའི“རྣམ་པ”སྔར་ལས་མཐོ་བ་དང་། མཚོ་སྔོན་གྱི་ས་གཞི་ཆེན་པོའི་“ཉམས་འགྱུར”སྔར་ལས་ལེགས་པའི་བྱེ་བྲག་གི་ལག་ལེན་དུ་བསྒྱུར་ནས།“གནས་བཞི་”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ།“དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་དང་“དཔལ་འབྱོར་རྣམ་པ་རིགས་བཞི”སྐྱེད་སྲིང་བྱེད་པའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག སྔར་ལས་དཔའ་ཉམས་ཆེ་བའི་རྣམ་པའི་ཐོག་ནས་སྐྱོད་ལམ་གསར་པ་དང་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།