ལས་འགན་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་རླབས་ཆེན་བྱ་བཞག་གསར་བ་གཏོད།
2022.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ལོ་ངོ་སྟོང་ཕྲག་དུ་མའི་རླབས་ཆེན་གྱི་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་པ་དང་། ལོ་བརྒྱའི་ཏང་ཆེན་པོ་ནི་ལང་ཚོ་དར་ལ་བབ་པ་ལྟར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ཀྲུང་གོ་གུང་ཁྲན་ཏང་ སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་། སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་ལ་བྱས་རྗེས་ཆེན་པོ་བཞག་མྱོང་བའི་བློ་མཐུན་ཁག་ཅིག་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་གནས་སྟེང་ལས་འཁྱུར་བྱས་ཤིང་། སྤྱོད་ཡོན་གཉིས་ལྡན་དང་ལོ་ན་གཞོན་པ། ཉམས་མྱོང་ཕུན་སུམ་ཚོགས་པའི་འགོ་ཁྲིད་ལས་བྱེད་པ་ཁག་ཅིག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞིའི་ནང་དུ་བདམས་ཐོན་བྱུང་བ་རེད། འདི་ནི་ཏང་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ་དང་མི་དམངས་ཀྱི་རེ་སྒུག་མཚོན་པ།  ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཡིད་ཆེས་བརྟན་པོ་བྱས་ཆོག་པའི་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་ཞིག་ཡིན་ལ། འདི་ནི་ཆབ་སྲིད་བརྟན་པོ་དང་མཐུན་སྒྲིལ་གཅིག་གྱུར། གསོན་ཤུགས་རབ་ཏུ་འཕེལ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པའི་ཀྲུང་དབྱང་གི་འགོ་ཁྲིད་ཐུནམོང་ཞིག་ཡིན། འདེམས་བསྐོའི་མཇུག་འབྲས་ཀྱིས་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་གང་ལེགས་སྒོས་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་བསམ་འདུན་གང་ལེགས་སྒོས་མཚོན་ཞིང་། ང་ཚོའི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དར་རྒྱས་གོང་འཕེལ་འགྲོ་བ། འབད་འབུངས་ཡར་བརྩོན་ཆེ་བ་བཅས་མངོན་པར་མཚོན་ཡོད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་རྒྱུས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ།ངར་སེམས་ཆེར་སྐྱེད་དང་དཔའ་བསྐྱེད་མདུན་སྐྱོད་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱས་ནས། ཀྲུང་གོ་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། མ་འོངས་པའི་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་བརྗིད་ཆེའི་འཆར་འགོད་ཇུས་འགོད་གནང་བ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་འཚོགས་པ་དེས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་ལས་གསལ་སྟོན་བྱས་པ་དང་། ང་ཚོའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱེད་པར་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་བཏིང་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་འབད་པས་རྩོམ་པར། ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད་ལ། དེའི་ཐོག་ནས་ང་ཚོའི་ཏང་ནི་ཐོག་མའི་ལས་འགན་བརྟན་སྲུང་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཡིན་པ་གསལ་པོར་མཚོན་ཡོད།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་ནི་ཏང་ལ་ཐུག་ཡོད། དེང་སྐབས། འཛམ་གླིང་སྟེང་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་གྱིས་འཕེལ་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས། ངེས་གཏན་མེད་པ་དང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གནས་བབ་འོག འགན་འཁྲི་སྔར་ལས་ལེགས་པར་འཁུར་བ་དང་བྱ་གཞག་སྔར་ལས་གསར་སྐྲུན་བྱེད་པར། ང་ཚོའི་ཏང་ལ་ངེས་པར་དུ་བརྟན་ཞིང་འགྱུར་བ་མེད་པའི་འགོ་ཁྲིད་སྲོག་ཤིང་དང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་ཡོད་དགོས། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གནས་བབ་གཏན་འཁེལ་བྱས་པར་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། “གཏན་འཁེལ་གཉིས”ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་འཛུགས་སྐྲུན་གྱི་ཆབ་སྲིད་གྲུབ་འབྲས་ཆེ་ཤོས་དང་། དུས་རབས་གསར་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་ཡིན་ལ། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་འདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན། ང་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མཐོར་འདེགས་བཏང་སྟེ། སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སྲུང་སྐྱོང་བྱེད་པ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་དགོས།

མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་འཐོབ་ཐུབ་པ་དང་འབད་འཐབ་བྱས་ན་ད་གཟོད་ལེགས་འགྲུབ་ཡོང་ཐུབ། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“ཡིན་རྟོན་བཞི”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བསྒྲུབ་ཐུབ་བཅས་བྱེད་དགོས། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བར་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ།ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། རང་རྟོན་རང་སྤེལ་དང་བདེན་སྲུང་གསར་གཏོད་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་མཚར་སྡུག་ལྡན་པའི་སྙན་ཚིག་བྲིས་ཏེ། རྒྱུགས་སྤྲོད་ལམ་བུ་གསར་བའི་ཐོག་མི་རྣམས་ཧ་ལས་པའི་ངོ་མཚར་གསར་པ་མུ་མཐུད་དུ་གཏོད་དགོས།

ཡིག་སྒྱུར་བ། རྟ་མགྲིན་སྐྱབས།