—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱིས་སྤེལ་བའི་དཔྱད་གཏམ།
དཔའ་སྤོབས་ཆེན་པོས་སྐྱོད་ལམ་གསར་པར་ཞུགས་ཏེ། སྙིང་རུས་ཆེན་པོས་ཡང་བསྐྱར་ལམ་ལ་ཆས་དགོས། “ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་བུ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་གསལ་པོར་བཏོན་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པའི་སྐུལ་སློང་བཀའ་རྒྱ་བཏང་ཡོད།
ལོ་ངོ་བརྒྱ་ལྷག་གི་རིང་ལ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་མཐའ་དག་ནི་རང་རྒྱལ་འདི་ཉིད་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུའི་ཆེད་དུ་རེད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་བཏོན། ལོ་ལྔའི་འཆར་གཞི་དང་པོ་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བར། ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་རེད། ལྷག་པར་དུ་དུས་རབས་གསར་པར་སླེབས་པ་ནས་བཟུང་། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངོས་ཟིན་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སོང་བ་དང་། རྒྱུན་ཆད་མེད་པར་འཐབ་ཇུས་གནད་འཁེལ་འཐུས་ཚང་དུ་སོང་བ། ལག་ལེན་ཐད་རྒྱུན་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་སོང་བ་བཅས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་སྤེལ་དང་རྒྱ་སྐྱེད་བཏང་ཡོད། ལོ་བཅུ་པོ་འདིའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་གནང་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་བཏོན་ཡོད། ལོ་བཅུ་པོ་འདིའི་རིང་ལ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། དངོས་པོའི་དཔལ་ཡོན་དང་ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་བསྐྱོད་ཡོད། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་ཆེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད་ལ། དུས་རབས་ཉེར་གཅིག་པའི་ཀྲུང་གོར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་དབྱར་མཚོ་རྒྱས་པ་བཞིན་སྐྱེ་སྟོབས་གསར་པ་འཕེལ་བཞིན་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་གཞི་རྩའི་གྲུབ་འབྲས་ཤིག་དང་། མི་དམངས་ཀྱི་མཛེས་སྡུག་འཚོ་བ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། བགྲོད་ལམ་དེ་ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། ཀྲུང་གོའི་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཡིན་པས། སྐྱོད་སྟངས་འགྲིག་པ་མ་ཟད་སྐྱོད་སྟངས་བརྟན་པོ་ཡིན་ལ་སྐྱོད་སྟངས་ཡག་པོ་ཞིག་ཀྱང་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་རྒྱས་བཤད་ཟབ་མོ་གནང་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ཡོད་ལ། རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། འདི་ནི་མི་གྲངས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན་ཞིང་། རང་རྒྱལ་གྱི་མི་གྲངས་དུང་ཕྱུར14ལྷག་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་པ་དང་། གཞི་ཁྱོན་ད་ཡོད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་བསྡོམས་འབོར་ལས་བརྒལ་ཞིང་། དཀའ་ཚེགས་ཆེ་བའི་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མ་མྱོང་བ་ཡིན་པས། ང་ཚོས་བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་དང་། གོམ་པ་བརྟན་པོའི་ངང་ནས་མདུན་དུ་སྐྱོད་པ། རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འདི་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན་པ་དང་། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པས། ང་ཚོས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་མགོ་རྩོམ་ས་དང་རྐང་འཛུགས་སར་རྒྱུན་འཁྱོངས་བྱེད་དགོས་ལ། འདི་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན་པ་དང་། དངོས་པོ་ཕུན་སུམ་ཚོགས་པ་དང་བསམ་པ་ཕུན་སུམ་ཚོགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ཡིན་པས། ང་ཚོས་རྒྱུན་ཆད་མེད་པར་དངོས་པོའི་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་དང་མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འདི་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པ་དང་། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཞིག་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་པ་དང་། འདི་ནི་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་ཡིན་པས། རང་རྒྱལ་འདི་ཉིད་རྒྱལ་ཁབ་ཁག་ཅིག་གིས་དམག་འཁྲུག་དང་། མི་སེར་སྤེལ་བ། འཕྲོག་བཅོམ་སོགས་ཀྱི་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་རྙིང་པར་མི་སྐྱོད་པར། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཁྲོད་རང་ཉིད་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྲུང་སྐྱོང་བྱེད་བཞིན་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཀྲུང་གོའི་ས་གཞི་ཆེན་མོར་རྐང་ཚུགས་པ་དེ་ཀྲུང་གོའི་དོན་དངོས་དང་འཚམ་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་མཚོན་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་མངོན་ནས་མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱ་ཆེད་གདམ་ག་གསར་པ་ཞིག་འདོན་སྤྲོད་བྱས་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
དེང་སྐབས། འཛམ་གླིང་སྟེང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོའི་འཕེལ་རིམ་མྱུར་ལ། འཛམ་གླིང་ཡང་འཕོ་འགྱུར་གསར་པ་བྱུང་བའི་དུས་སྐབས་སུ་སླེབས་ཡོད། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། རླུང་རླབས་དྲག་པོ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་ལྟ་བུའི་ཉམས་སད་གལ་ཆེན་ཐེག་པར་གྲ་སྒྲིག་བྱ་དགོས་ན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་པའི་རྩ་དོན་གལ་ཆེན་ངེས་པར་དུ་ཁོང་དུ་ཡང་དག་པར་ཆུད་པ་བྱ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཆར་རླུང་འཚུབ་ཀྱང་འགོག་མེད་བསྐྱོད་པའི་མི་དམངས་ཡོངས་ཀྱི་བློས་འཁེལ་ཆོག་པའི་སྲོག་ཤིང་དུ་འགྱུར་བར་བྱས་ན། གཞི་ནས་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་ཐུབ་པ། བཀག་སྡོམ་དང་འཕེལ་རྒྱུན་ཆད་པའི་ལམ་རྙིང་དུ་མི་འགྲོ་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་འགྲོ་བར་བྱས་ཚེ། གཞི་ནས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་ཐུབ་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རང་རྒྱལ་གྱི་ལམ་ལུགས་ཁྱད་སྟོབས་ཏེ་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་སུ་སྒྱུར་ཐུབ་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་དང་། དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་དུ་སྐྱོད་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ན་གཞི་ནས་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བསྐྲུན་ཐུབ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས་པའི་གལ་ཆེའི་རྩ་དོན་དམ་འཛིན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བཀོད་པའི་འབྲེལ་བར་གོ་བ་ཟབ་མོ་ལེན་པ་དང་། སྔ་མ་ནི་ཕྱི་མ་དེའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ཡིན་པའི་ངོས་འཛིན་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བཀོད་པ་ཚན་རིག་རང་བཞིན་དང་ལྡོག་མེད་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་བློ་བརྟན་འགྱུར་མེད་ཀྱིས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་བརྩོན་ལེན་གང་ཐུབ་བྱ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། “ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་བསམ་འདུན་དང་རེ་སྒུག་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུ་འདུས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོར་ལག་ལེན་ལས་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཡིན་པ་དང་། རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་རེད། དཀའ་ཚེགས་ཆེ་ཡང་རླབས་ཆེ་བ་ཞིག་རེད། དཀའ་ཚེགས་སྔར་ལས་ཆེ་བས་གཟི་བརྗིད་དེ་བས་མངོན་ཐུབ།” བྱ་གཞག་དེའི་ཆེད་དུ་མེས་པོ་གྲངས་མེད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ཡོད། ད་ལྟ་ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཟིན་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་ལ་བྱེད་ཕྱོགས་དང་སྲིད་ཇུས་གནད་ཆེ་བ་དང་འཐབ་ཇུས་ཀྱི་བཀོད་སྒྲིག་གཏན་འབེབས་བྱས་པ། འཆར་གཞི་བཏིང་ཟིན་ཞིང་དུང་བརྡ་བཏང་ཟིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་རྩ་བརྟན་པོས་ཕུགས་འདུན་མ་འགྱུར་ན་གནས་ལུགས་འགྱུར་མི་སྲིད་པའི་ཆོད་སེམས་ལ་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ། སྙིང་རུས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ན། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་བརྗིད་ཆེའི་འདུན་པ་འགྲུབ་སྟེ་ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་ཐུབ་ངེས་ཡིན་ལ། རྒྱལ་ཁ་དང་གཟི་བརྗིད་སྔར་ལས་རླབས་ཆེ་བ་ཐོབ་ངེས་ཡིན།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།