ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་ཧི་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྗིད་ཤོས་དེ་སྔར་བཞིན་གྲོང་གསེབ་ཏུ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡན་ཨན་གྱི་སྙིང་སྟོབས་དང་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་དར་སྤེལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རིན་ཏིང་ཞུའེ་ཞང་མཉམ་དུ་རྟོག་ཞིབ་གནང་བར་ཕེབས།
ཞི་ཅིན་ཕིང་གིས་སོ་སོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་གོ་ཀྲུང་དང་ཧྲིན་ཀྲང་ཀྲའོ་དབྱི་ཏི། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་དབྱང་ཧྲིན་དང་ཧྲིན་ཀྲང་ཝང་ཁའེ་བཅས་ཀྱི་ཕེབས་རོགས་འོག ཧྲན་ཞི་ཡན་ཨན་གྲོང་ཁྱེར་དང་ཧི་ནན་ཨན་དབྱང་གྲོང་ཁྱེར་གྱི་གྲོང་གསེབ་དང་སློབ་གྲྭ། གསར་བརྗེའི་སློབ་གསོའི་རྟེན་གཞི། རིག་དངོས་སྲུང་སྐྱོབ་ལས་ཁུངས་སོགས་སུ་ཕེབས་ཏེ་རྟོག་ཞིབ་གནང་།
ཡན་ཨན་ནི་གསར་བརྗེའི་རྟེན་གཞི་རྙིང་པའི་ས་ཁུལ་ཡིན་ལ་ཆེས་དབུལ་ཕོངས་ཀྱི་ས་ཁུལ་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གིས་ཧྲན་ཞིའི་བྱང་རྒྱུད་ཀྱི་ཡུལ་མི་རྣམས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། 2015ལོའི་ཟླ2པར། ཞི་ཅིན་ཕིང་གིས་ཡན་ཨན་དུ་ཧྲན་ཞི་དང་ཀན་སུའུ།ཉིན་ཞ་བཅས་ཀྱི་གསར་བརྗེའི་རྟེན་གཞི་རྙིང་པའི་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་གྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ས་གནས་དེའི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས། ཞི་ཅིན་ཕིང་ཐོག་མར་ཡན་ཨན་ལ་རྟོག་ཞིབ་གནང་བར་ཕེབས་ནས། ཡུལ་མི་རྣམས་དབུལ་ཐར་བྱས་རྗེས་ཀྱི་འཚོ་བ་ཅི་འདྲ་ཡིན་པ་དང་། ད་དུང་དཀའ་ངལ་ཅི་ཞིག་ཡོད་པ། གྲོང་གསེབ་ཇི་ལྟར་དར་སྤེལ་གཏོང་བཞིན་པ་བཅས་ཀྱི་ཐད་རྟོག་ཞིབ་གནང་།
ཞི་ཅིན་ཕིང་མེ་འཁོར་ལས་བབས་མ་ཐག་རླངས་འཁོར་ལ་བཞུགས་ཏེ་ཡན་ཨན་གྲོང་ཁྱེར་ཨན་སའེ་ཆུས་ཀའོ་ཆའོ་གྲོང་རྡལ་ནན་ཀུག་སྡེ་བར་ཕེབས། འབྲས་ལྡན་གསེར་མདོག་གི་རང་མདངས་གསལ་ཞིང་། རི་སྟེང་གི་ཀུ་ཤུའི་ལྡུམ་རར་གཡུར་ཟའི་འབྲས་བུས་ཁེངས་ཤིང་ལོ་ལེགས་ཀྱི་རྣམ་པས་ཕྱུག ཞི་ཅིན་ཕིང་ཤིང་འབྲས་ལྡུམ་རར་ཕེབས་ནས་ཤིང་འབྲས་འཐུ་མཁན་ཚོ་དང་མཉམ་དུ་ད་ལོའི་ཀུ་ཤུའི་ཐོན་འབབ་ཅི་འདྲ་ཡིན་ཚུལ་སྐོར་ལ་རྟོག་ཞིབ་གནང་བ་དང་། ཡུལ་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་མཛད་པར་མ་ཟད་དམར་མདངས་རྒྱས་པའི་ཀུ་ཤུ་ཆེན་པོ་ཞིག་ཀྱང་བཏོག ཞི་ཅིན་ཕིང་གིས་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་དང་འཐུ་ཐབས། སོན་རྒྱུའི་སྤུས་ཚད། བྲིན་ཚོང་རིན་གོང་། སྡེ་མིའི་ཡོང་འབབ། དེ་བཞིན་ཇི་ལྟར་བྱས་ནས་ཀུ་ཤུ་འདེབས་འཛུགས་དང་ཐོན་ལས་གཞན་དག་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་ལ་བཀའ་འདྲི་ཞིབ་ཕྲ་གནང་བར་སྡེ་མི་ཚོས་རེ་རེ་བཞིན་ལན་བཏབ། ཞི་ཅིན་ཕིང་གིས་ཞིང་ཆུ་འདྲེན་པ་དང་ཆུ་བེད་སྤྱོད་གནད་དོན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར། ཁོ་ཚོས་ཆུ་རགས་རྒྱག་པ་དང་སྦུག་འདྲེན་ཞིང་ཆུ་གཏོང་བ། ཞིབ་ཕྲ་ཅན་གྱི་དོ་དམ་བྱེད་པ་བཅས་ལ་བརྟེན་ནས་ཆུ་བེད་སྤྱོད་དང་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད་ཅེས་ཞུས་པ་རེད། ཞི་ཅིན་ཕིང་གིས། འདི་ནི་ཞིང་ལས་དེང་རབས་ཅན་དུ་གྱུར་བ་རེད། ཁྱེད་ཚོས་ཐོན་ལས་གོང་འཕེལ་གཏོང་བའི་ཁ་ཕྱོགས་འོས་འཚམ་ཞིག་རྙེད་འདུག་ཅེས་བསྔགས་བརྗོད་གནང་།
སྡེ་བའི་ཀུ་ཤུ་འཁྲུ་འདེམས་འཁོར་ཁང་དུ། ཞི་ཅིན་ཕིང་གིས་ས་གནས་དེ་གའི་ཀུ་ཤུའི་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་ཡར་ཞུ་ཞུས་པར་གསན་པར་མ་ཟད། འདེམས་སྒྲུག་བརྒྱབ་ནས་སྒམ་ནང་དུ་ལྡུག་པའི་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་། ཡུལ་དངོས་སུ་ས་གནས་དེའི་ཀུ་ཤུ་སྣ་ཚོགས་དང་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་སྒྲིག་ཡོད་ཅིང་། ཞི་ཅིན་ཕིང་གིས་ཐུགས་དགྱེས་ཚོར་ཆེན་པོས་དེ་དག་རེ་རེར་གཟིགས་བཞིན་ངོ་སྤྲོད་ཞུས་པར་ནན་ཏན་ངང་གསན་ནས། ས་གནས་དེས་དེང་རབས་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གོང་འཕེལ་གཏོང་བ་དང་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཡུལ་མི་ཚོར་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་མཛད།
འཁོར་ཁང་གི་ཕྱི་རོལ་དུ་ཡུལ་མི་ཚོ་མཉམ་དུ་འཛོམས་ནས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཡུལ་མི་ཚོ་དང་ཁྱིམ་ཚང་གནས་ཚུལ་སྐོར་ལ་གླེང་མོལ་གནང་བ་དང་། དེ་སྔ་ཁོང་གིས་ཧྲན་ཞི་བྱང་རྒྱུད་དུ་བསྐྱལ་བའི་གཞོན་ནུ་ཤེས་ཡོན་ཅན་གྱི་ལོ་ཟླར་ཕྱིར་དྲན་གནང་ཡོད། ཞི་ཅིན་ཕིང་གིས་ཡུལ་མི་ཚོར། ངས་ཧྲན་ཞི་བྱང་རྒྱུད་དུ་ལོ་བདུན་གྱི་འཚོ་བ་བསྐྱལ་བ་ཡིན། སྐབས་དེ་དུས་ཡུལ་མི་ཚོའི་འཚོ་བར་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་པ་མཐོང་སྐབས། ཇི་ལྟར་བྱས་ནས་ཚང་མའི་འཚོ་བ་ཇེ་ལེགས་སུ་གཏོང་དགོས་པའི་ཐད་ལ་བསམ་བློ་བཏང་པ་ཡིན། ད་ཐེངས་ཡན་ཨན་དུ་ཡོང་སྐབས་གཡུར་དུ་ཟ་བའི་འབྲས་བཟང་སྨིན་པའི་ལོ་ལེགས་ཀྱི་རྣམ་པས་ཕྱུག་པ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ནས། མི་དམངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཐོང་བྱུང་། སྔོན་ཆད་ཧྲན་ཞི་བྱང་རྒྱུད་ཀྱི་ཡུལ་མི་ཚོས་སྐས་ཞིང་གསར་སྦོལ་བྱས་ནས་ལོ་ཏོག་བཏབ་པ་དང་། མདུན་ས་སེར་ལ་ཕྱོགས་ཤིང་རྒྱབ་ནམ་མཁའ་ལ་གཏད་དེ་འཇོར་རྙིང་འཕྱར་ནས་ལས་ཀ་ཧུར་ཐག་བྱས་ཀྱང་། འདེབས་ཁྱོན་ཆེ་བ་ཙམ་ལས་བསྡུ་ཚད་ཉུང་བས་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ད་ལྟ་རི་ལྡེབས་སུ་རྨོ་དོར་ནགས་གསོ་བྱས་ཏེ་ཏུ་ཀུ་ཤུ་བཏབ་པས། ཡུལ་མི་ཚོར་ལས་ཀ་ཡོད་ལ་ཡོང་འབབ་ཀྱང་བརྟན་པོ་ཡོད་པ་དང་། བྱིས་པ་ཚོར་སློབ་གསོ་ཡག་པོ་མྱོང་རྒྱུ་ཡོད་པ། རྒན་རྒོན་ཚོར་སྨན་བཅོས་འགན་བཅོལ་ཡོད་པས། འཚོ་བ་ཉིན་རེ་ལས་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་འདུག ཧྲན་ཞི་བྱང་རྒྱུད་ཀྱི་འགྱུར་ལྡོག་ལས་ཀྲུང་གོའི་འགྱུར་ལྡོག་མཐོང་ཐུབ་ཅེས་གསུངས།
ཞི་ཅིན་ཕིང་གིས། ད་ལྟ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་བརྒྱ་ལོ་དང་པོའི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཤིན་ཏུ་དབུལ་པོའི་གནད་དོན་ཐག་གཅོད་ཐུབ་པ། མང་ཚོགས་ཀྱི་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱུང་ཡོད་མོད། འོན་ཀྱང་ད་དུང་མུ་མཐུད་དུ་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་དེ་འཚོ་བ་ཉིན་རེ་ལས་ཉིན་རེར་མཛེས་སྡུག་ལྡན་པར་འགྱུར་བར་བྱེད་དགོས། ཧྲན་ཞི་བྱང་རྒྱུད་ཀྱི་གནམ་གཤིས་དང་འོད་འཕྲོ། ཐིག་ཚད། ས་བབ་སོགས་ཀུ་ཤུ་འདེབས་འཛུགས་གོང་འཕེལ་གཏོང་རྒྱུར་ཧ་ཅང་འཚམ་པོ་ཡོད་པའི་ཁར། སྦུག་འདྲེན་ཞིང་ཆུ་གཏོང་བའི་ལག་རྩལ་དང་ཐུང་འགྱུར་འདེབས་འཛུགས་ལག་རྩལ། ཤིང་འབྲས་འདེམས་སྒྲུག་ཐོན་སྐྱེད་བྱེད་ནུས་སོགས་རྒྱུན་ཆད་མེད་པར་གོང་འཕེལ་བཏང་ནས་ས་གནས་དེ་རུ་ཕྱིར་ཚོང་བྱེད་པ་དང་ཚོང་ལམ་ཐད་སེམས་ཁྲལ་མེད་སྟབས་ཀུ་ཤུ་འདེབས་འཛུགས་ལས་རིགས་གོང་འཕེལ་ཤུགས་ཆེར་གཏོང་རྒྱུ་ནི་ས་བབ་དང་འཕྲོད་ཅིང་མི་སེམས་དང་མཐུན་པ་ཞིག་ཡིན་ལ། དེ་ནི་ཆེས་འོས་ཤིང་འཚམས་པའི་ཐོན་ལས་ཤིག་ཡིན་པས་མདུན་ལམ་ཆེན་པོ་ལྡན་ཅེས་གསུངས། ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་ཏང་ཞིག་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན། གུང་ཁྲན་ཏང་གིས་མང་ཚོགས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་གཙོ་བོར་འཛིན་གྱི་ཡོད། སྟོང་བཤད་བྱས་ན་རྒྱལ་ཁབ་ཕུང་། དངོས་བསྒྲུབས་བྱས་ན་རྒྱལ་ཁབ་དར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་ཕྱུག་སྲིད་ཇུས་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། ཡུལ་མི་སྤུན་ཟླ་རྣམས་ཀྱི་འཚོ་བ་ཇེ་ལེགས་ཇེ་བཟང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། ཡུལ་མི་རྣམས་ཀྱི་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་བཞིན་དུ་གྲགས་ཡོད།
དེའི་རྗེས་སུ། ཞི་ཅིན་ཕིང་ཡན་ཨན་སློབ་འབྲིང་ཙའོ་ཡོན་སློབ་ཁུལ་དུ་ཕེབས། ཡན་ཨན་སློབ་འབྲིང་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གཉེར་བའི་སློབ་འབྲིང་ཐོག་མ་དེ་ཡིན་པ་དང་། གསར་བརྗེ་མཁས་ཅན་དང་། སློབ་གསོ་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་བཅས་རྒན་རབས་པ་ཚོས་མཛའ་བརྩེའི་ཐུགས་ཁུར་དང་གསོ་སྐྱོང་ཡག་པོ་གནང་བའི་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས། དེར་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་ཕུལ་བྱུང་གི་གསར་བརྗེའི་སྲོལ་རྒྱུན་ཡོད་པ་མ་ཟད་གསར་བརྗེའི་རྟེན་གཞི་རྙིང་པ་ཁུལ་དུ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། ཞི་ཅིན་ཕིང་སློབ་གྲྭའི་སློབ་གསོའི་ལོ་རྒྱུས་ཁང་དུ་ཕེབས་ནས་སློབ་གྲྭའི་སློབ་གཉེར་གྱི་སྤྱིའི་གནས་ཚུལ་ཐད་རྟོག་ཞིབ་མཛད། ཞི་ཅིན་ཕིང་གིས་ཡན་ཨན་སློབ་འབྲིང་གིས་ཡན་ཨན་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་དཔེ་ཁྲིད་མི་སྐྱོང་བྱེད་དགོས་པ་དང་། མི་དམངས་བློ་ཡིད་ཚིམས་པའི་སློ་གསོ་ཡག་པོ་གཉེར་བ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱེད་དགོས་པའི་ཐུགས་རེ་བཏོན།
སློབ་མའི་ཟ་ཁང་དུ། སྣ་ཁ་འཛོམས་ལ་འཚོ་བཅུད་ཕུན་སུམ་ཚོགས་པའི་ཚལ་རིགས་ཡོད་ལ་ཞི་ཅིན་ཕིང་གིས་ཞིབ་ཕྲའི་ངང་གཟིགས་པར་མ་ཟད། མ་བྱན་ཚོར་འབྲས་ཚལ་ཀྱི་རིན་གོང་དང་བྲོ་བའི་ཐད་བཀའ་འདྲི་གནང་། ཁོ་ཚོར་སྤུས་ཚད་ལ་འགན་ལེན་དང་གཙང་སྦྲར་དོ་སྣང་བྱས་ཏེ་སློབ་མ་རྣམས་བློ་བདེ་བག་ཕེབས་ངང་ཟས་ལ་རོལ་ཆོག་པའི་མངགས་བཅོལ་གནང་།
སློབ་ཁང་ནང་དུ་སློབ་མ་ཚོ་སློབ་ཁྲིད་ཚོགས་བཞིན་ཡོད། ཞི་ཅིན་ཕིང་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་ཁང་ནང་ཕེབས་ཏེ། དགེ་སློབ་རྣམས་དང་བྱམས་བརྩེའི་བཀའ་མོལ་གནང་། སློབ་མ་ཚོར་ཁྱེད་ཚོའི་ཕུགས་བསམ་ཅི་ཞིག་ཡིན་ནམ། ནར་སོན་རྗེས་ཁྱེད་རང་ཚོས་ཅི་ཞིག་བྱེད་འདོད་འདུག་གམ་ཞེས་བཀའ་འདྲི་གནང་བར། སློབ་མ་གཅིག་གིས་ཕྱིས་སུ་ལི་ཧྲི་ཀྲིན་ནང་བཞིན་གྱི་སྨན་པ་ཞིག་བྱེད་འདོད་ཡོད་ཅེས་ལན་བཏབ་པ་དང་། སློབ་མ་གཞན་ཞིག་གིས་དབྱིན་ཡིག་ཡག་པོ་སྦྱངས་ནས་ཕྱི་འབྲེལ་གྱི་སྐད་སྒྱུར་བ་ཞིག་བྱེད་འདོད་འདུག་ཅེས་ལན་བཏབ་པ་རེད། ཞི་ཅིན་ཕིང་གིས་དེ་དག་ལ་གསན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། སློབ་མ་རྣམས་ལ་མི་ཚེའི་དམིགས་འབེན་ཁ་གསལ་བ་དང་། བླ་ན་མེད་པའི་ཕུགས་འདུན་ཅིག་རེད་ཅེས་བསྔགས་བརྗོད་གནང་། ཁོང་གིས་སློབ་གྲོགས་ཚོར་ཆུང་བྱིས་པའི་དུས་ནས་ཕུགས་བསམ་ཆེན་པོ་ཞིག་འཛུགས་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བྱེད་རྒྱུར་འབད་འབུངས་བྱས་ཏེ་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུད་འཛིན་ཐུབ་པར་འགན་ལེན་བྱེད་དགོས་ཞེས་སྐུལ་ལྕག་གནང་།
སློབ་གྲྭ་དང་ཞལ་གྱེས་སྐབས་ས་རུབ་ལ་ཉེ། སློབ་གྲོགས་ཚོ་སློབ་ཁང་ནས་ཐོན་ཏེ་དགའ་བསུ་ཞུ་བའི་རྣམ་པས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས། ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་གིས་ཁོ་ཚོར་གྱེས་བརྡ་གནང་།
དེ་རྗེས་སུ། ཕྱི་ཞི་ཅིན་ཕིང་ཧི་ནན་ཨན་དབྱང་ལིན་ཀྲོའུ་གྲོང་ཁྱེར་ཧུང་ཆི་ཆུའུ་ཆུ་ཡུར་དྲན་གསོ་ཁང་དུ་ཕེབས། དུས་རབས་གོང་མའི་ལོ་རབས་60པར། ས་གནས་དེ་གའི་མི་དམངས་ཀྱིས་གནམ་ཆུ་རྐྱང་རྐྱང་སྒུག་ནས་སྡོད་དགོས་པའི་འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་གཏོང་ཆེད། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཐའེ་ཧང་རི་བོའི་སྐེད་དུ་ཆུ་བེད་བཟོ་སྐྲུན་ཞིག་བསྐྲུན་པ་དང་། དེར་མི་རྣམས་ཀྱིས་མི་བཟོས་གཙང་པོ་ཞེས་འབོད་ཀྱི་ཡོད། ཞི་ཅིན་ཕིང་འགྲེམས་ཁང་ནང་ཕེབས་ནས། ལོ་ངོ་སྟོང་གི་ཐན་པ། དུས་རབས་གཅིག་གི་འཐབ་རྩོད་ཅེས་པ་དང་། དར་དམར་གྱི་ཁྲིད་སྟོན་འོག མི་ཡུལ་གྱི་ངོ་མཚར་བཏོད་ཅེས་པ། དཔའ་བོའི་མི་དམངས། ཐའེ་ཧང་གི་མཛད་རྗེས་ཞེས་པ། རི་ཀླུང་གི་འཕོ་འགྱུར། ཕུགས་འདུན་མངོན་འགྱུར་ཞེས་པ། སྔ་འཛིན་ཕྱི་གཏོད་ཀྱིས་སྙིང་སྟོབས་མི་འགྱུར་ཞེས་པ་སོགས་འགྲེམས་སྟོན་གྱི་ནང་དོན་ལ་རིམ་པ་བཞིན་གཟིགས་སྐོར་གནང་བ་རེད། ཞི་ཅིན་ཕིང་གིས། ཧུང་ཆི་ཆུས་ཆུ་ཡུར་ནི་མཛད་རྗེས་ཀྱི་དྲན་གསོའི་རྡོ་རིང་ལྟ་བུ་ཞིག་ཡིན་པས། ལིན་རྫོང་གི་མི་དམངས་ཚོས་དཀའ་ཚེགས་ལ་མི་སྐྲག་པ་དང་། ཕམ་ཁ་མི་འཁུར་བ། གནམ་སར་འཐབ་ཕོད་པ་བཅས་ཀྱི་དཔའ་བོའི་བློ་སྟོབས་བཀོད་ཡོད། ཧུང་ཆི་ཆུའུ་ཆུ་ཡུར་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་སློབ་གསོ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་དང་དངོས་སྒྲུབ་ལ་བརྟེན་ནས་བྱུང་བ་དང་། རང་སྲོག་བློས་གཏོང་བྱེད་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། སྔོན་ཆད་དེ་འདྲ་ཡིན་ལ། དུས་རབས་གསར་པར་ཡང་དེ་འདྲ་ཡིན། རྒན་རབས་པ་ཚོས་ཁྲག་དང་རྔུལ་ཆུ་བཏོན་པ་དང་ཐ་ན་ཚེ་སྲོག་སྐྱེས་སུ་ཕུལ་ནས་དཀའ་སྤྱད་ལས་སྒྲུབ་གནང་མེད་ན། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད། ང་ཚོས་ཇི་སྲིད་བར་ཁོང་ཚོ་སེམས་སུ་འཛིན་དགོས། ད་ལྟ། དངོས་པོའི་འཚོ་བ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཡུས་ཀུང་གིས་རི་བོ་སྤོས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ལ་ནམ་ཡང་འགྱུར་བ་གཏོང་མི་རུང་། ཧུང་ཆི་ཆུའུ་ཆུ་ཡུར་ལ་སློབ་གསོའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པས། ཚང་མས་འདི་གར་ཡོང་ནས་སློབ་སྦྱོང་བྱེད་དགོས་ཞེས་བསྟན། དེ་རྗེས། ཞི་ཅིན་ཕིང་གིས་ཡུལ་དངོས་སུ་ཧུང་ཆི་ཆུའུ་ཆུ་ཡུར་གྱི་ཆུ་འདྲེན་མ་ལག་གི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཆུ་འདྲེན་མ་ལག་གིས་ཆུ་སྙོམས་སྒྲིག་དང་། ཆུ་འདྲེན་པ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་སོགས་ཐད་ཐོན་པའི་གལ་ཆེའི་ནུས་པར་ཞིབ་ཏུ་རྟོག་ཞིབ་གནང་།
ཧུང་ཆི་ཆུའུ་ཆུ་ཡུར་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། གཞོན་ནུ་སུམ་བརྒྱ་ཡིས་འཕྲལ་རྒོལ་རུ་ཁག་བཙུགས་ནས། ལོ་གཅིག་དང་ཟླ་བ་ལྔ་ལྷག་ཙམ་ལ་དཀའ་སྤྱད་ལས་སྒྲུབ་བྱས་པས། ས་བབ་བཙན་ཞིང་མཁྲེགས་པའི་བྲག་ངོས་ལ་ཨི་ཁུང་ཕུག་པས། ཆུ་འདྲེན་ཕུག་ལམ་དེར་གཞོན་ནུའི་ཕུག་ལམ་ཞེས་འབོད་ཀྱི་ཡོད། ཞི་ཅིན་ཕིང་སྐས་གདང་ལ་འགོས་ནས་གཞོན་ནུའི་ཕུག་ལམ་ནང་ཕེབས་པ་དང་། དེ་ནས་རྐང་ལམ་བརྒྱུད་དེ་ཧུང་ཆི་ཆུའུ་ཆུ་ཡུར་ལ་གཟིགས་སྐོར་གནང་། ཞི་ཅིན་ཕིང་གིས། ཧུང་ཆི་ཆུའུ་ཆུ་ཡུར་གྱི་སྙིང་སྟོབས་ནི་ཡན་ཨན་གྱི་སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་བྱས་པ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཁྲོད་བསུབ་ཐབས་མེད་པའི་དྲན་འཆར་ཞིག་ཡིན་པས། ཇི་སྲིད་བར་དུ་མི་རྣམས་ཀྱི་སེམས་ལ་ངེས་སྲིད། གཞོན་ནུའི་མི་རབས་ཚོས་མུ་མཐུད་དུ་དཀའ་སྤྱད་སྙིང་རུས་དང་། རང་ངོས་གསར་བརྗེ། དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཁེངས་དྲེགས་དང་སྐྱིད་པོ་ལང་ཤོར་གྱི་གོམས་གཤིས་ངན་པ་དོར་ནས། རང་རེའི་ཕ་མེས་རྣམས་དང་འདྲ་བར་ལང་ཚོའི་ཁྲག་དྲོན་ལོ་རྒྱུས་ཀྱི་རྡོ་རིང་སྟེང་བརྐོ་དགོས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་རྒྱུ་ནི་མི་རབས་གཉིས་ཀྱི་ཐུན་མོང་གི་དམིགས་འབེན་ཡིན་པ་དང་། ང་ཚོ་སྐབས་དེ་དང་ཏག་ཏག་འཁེལ་ནས་ཡོད་པས་རེ་བ་ཆུད་ཟོས་སུ་མ་བཏང་བར། ང་ཚོ་མི་རབས་འདིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། ཧུང་ཆི་ཆུའུ་ཆུ་ཡུར་གྱི་སྙིང་སྟོབས་ཇི་སྲིད་བར་དུ་གནས་སྲིད་ཅེས་ནན་གྱིས་བསྟན།
ཉིན་དེའི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཨན་དབྱང་གྲོང་ཁྱེར་ནུབ་བྱང་གྲོང་འདབས་ཀྱི་ཧོན་ཧོ་ཆུ་བོའི་ངོགས་གཉིས་སུ་ཡོད་པའི་དབྱིན་ཞུའུ་གནའ་ཤུལ་དུ་རྟོག་ཞིབ་གནང། དབྱིན་ཞུའུ་ནི་རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་ཚད་ལྡན་ཡིག་ཆའི་ཁུངས་གཏུགས་ས་ཡིན་ཞིང་། གནའ་རྫས་རྟོག་ཞིབ་སྔོག་འདོན་གྱིས་བདེན་དཔང་བྱས་ཟིན་པའི་ཧྲང་རྒྱལ་རབས་དུས་མཇུག་གི་གྲོང་ཁྱེར་གྱི་རྗེས་ཤུལ་ཡིན། ཞི་ཅིན་ཕིང་དབྱིན་ཞུའུ་གནའ་རྫས་རྟོག་ཞིབ་ཁང་དུ་ཕེབས་ནས་ཟངས་ཆས་དང་། གཡུ་ཆས། རུས་བརྐོས་ཡི་གེ་སོགས་ས་འོག་ནས་ཐོན་པའི་རིག་དངོས་ལ་ཞིབ་ཏུ་གཟིགས། དེ་རྗེས། ཞི་ཅིན་ཕིང་འཁོར་རྟ་འཇོག་སའི་འགྲེམས་ཁང་དུ་ཕེབས་ནས་ཧྲང་རྒྱལ་རབས་སྐབས་ཀྱི་ཕྱུགས་འཐེན་འཁོར་ལོའི་དངོས་དཔེ་དང་འགྲོ་ལམ་རྗེས་ཤུལ་ལ་གཟིགས་ཞིབ་གནང་། ཁོང་གིས། དབྱིན་ཞུའུ་ནས་སྔོག་འདོན་བྱས་པའི་རུས་བརྐོས་ཡི་གེས་ང་ཚོར་ལོ་ངོ3000ལྷག་གོང་གི་ཡིག་རིགས་གསོག་ཉར་བྱས་ཡོད་པ་དང་། ཀྲུང་གོའི་ཡིད་རྟོན་བྱེད་ཆོག་པའི་ལོ་རྒྱུས་ལོ་ངོ1000ལྷག་གི་ཡར་སྔོན་བར་རིང་དུ་བཏང་ཡོད། སྔོན་མ་ནས་ང་རང་དབྱིན་ཞུའུ་གནའ་ཤུལ་ལ་ལྟ་རུ་འགྲོ་འདོད། དེ་རིང་གནས་འདིར་ཡོང་བའི་དམིགས་ཡུལ་ནི་ཀྲུང་ཧྭའི་དཔལ་ཡོན་ལ་སློབ་སྦྱོང་དང་སྔར་ལས་རྒྱུས་མངའ་ཟབ་མོ་ཡོང་བ་དང་། གནའ་བཟང་དེང་སྤྱོད་ཐུབ་པ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་སྔར་ལས་ལྷག་པར་འཛུགས་སྐྲུན་བྱེད་པར་དཔྱད་གཞི་མཁོ་འདོན་བྱེད་རྒྱུ་དེ་ཡིན། ཀྲུང་གོའི་རྒྱ་ཡིག་ནི་དངོས་ནས་ངོ་མཚར་ཆེ་བ་ཞིག་རེད། ཀྲུང་ཧྭ་མི་རིགས་ཆགས་པ་ནས་གོང་འཕེལ་འགྲོ་བའི་བར་རྒྱ་ཡིག་གིས་ནུས་པ་ཆེན་པོ་ཐོན་ཡོད། དེའི་ཐད། གནའ་རྫས་རྟོག་ཞིབ་བྱ་གཞག་གིས་བྱས་རྗེས་ཆེན་པོ་བཞག་ཡོད། གནའ་རྫས་རྟོག་ཞིབ་ལས་དོན་ལ་མུ་མཐུད་དུ་མཐོང་ཆེན་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་ཁུངས་སྣེ་འཚོལ་ཞིབ་བྱེད་པའི་བཟོ་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་ཧྭའི་དཔལ་ཡོན་ནི་ཆུ་རྒྱུན་བཞིན་རིང་བ་དང་དུས་ནམ་ཞིག་ཡིན་ཡང་བར་མཚམས་ཆད་མྱོང་མེད། དེས་ང་ཚོའི་རླབས་ཆེན་མི་རིགས་འདི་བཏོད་པ་དང་། མི་རིགས་དེ་ཡང་མུ་མཐུད་དུ་རླབས་ཆེ་རུ་འགྲོ་ཐུབ་ངེས་ཡིན། གནའ་རྫས་རྟོག་ཞིབ་སྔོག་འདོན་དང་། ཞིབ་འཇུག་སྲུང་སྐྱོང་གི་ལས་དོན་བརྒྱུད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་དར་སྤེལ་གཏོང་དགོས་ཞེས་བསྟན། ཞི་ཅིན་ཕིང་གིས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་རྩ་བ་དེ་ཡིན་པ་དང་། ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ནི་ཟུང་འབྲེལ་གཉིས་བྱེད་དགོས་པ་དེ་ཡིན། ང་ཚོས་རིག་གནས་ཀྱི་བློ་སྤོབས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོ་བ་ཡིན་པའི་ཡིད་ཆེས་དང་སྤོབས་སེམས་ཤུགས་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁྲིན་ཞི་དང་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ནས་གོང་གསལ་གྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།