ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ།
“ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་རླབས་ཆེན་བྱ་གཞག་གི་དོན་དུ་སེམས་ཐག་བཅད་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་འབད་བརྩོན་བྱེད་དགོས།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་འགན་འཁྲི་དང་ལས་འགན་གསལ་སྟོན་གནང་ནས།“ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཤུགས་རྒྱག་རྒྱུ་ཡིན”ཞེས་ནན་བཤད་གནང་བ་དང་།“ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་ལག་གདང་སྦྲེལ་ནས་སྔར་ལས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་མ་འོངས་པ་བསྐྲུན་འདོད་ཡོད”ཅེས་གཟབ་ནན་ངང་ཁྱབ་བསྒྲགས་གནང་།
ལོ་ངོ་བརྒྱ་ལྷག་གི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་གྱི་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ། མིའི་རིགས་ཡར་ཐོན་ཡོང་ཐབས་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་ཡོང་ཐབས་བཅས་བྱས་ཡོད་ཅིང་། འབད་བརྩོན་ལྷོད་མེད་ཀྱིས་འཛམ་གླིང་འཕེལ་རྒྱས་སུ་འགྲོ་བའི་འཕེལ་ཕྱོགས་དང་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་གཏོང་བ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་མཐའ་དག་ལ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱི་བྱ་སྤྱོད་མཐའ་དག་ལ་གཡོ་འགུལ་སྤུ་ཙམ་མེད་པར་ངོ་རྒོལ་བྱེད་པ། ང་ཚོས་ཕྱི་འབྲེལ་གྱི་སྤྱིའི་བཀོད་པ་འཐུས་ཚང་དུ་བཏང་བ་དང་གོ་ལ་ཧྲིལ་པོར་ཁྱབ་པའི་རོགས་ཟླའི་འབྲེལ་བའི་དྲ་བ་འཛུགས་སྐྱོང་ཧུར་ཐག་བྱས་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་བཏང་བ། ང་ཚོས་འགན་འཁུར་བའི་རྒྱལ་ཁབ་ཆེན་མོ་ཞིག་གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བ་བཅས་ལ་རྒྱལ་སྤྱིའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། ལོ་བཅུ་པོ་འདིའི་རིང་དུ། རང་རྒྱལ་གྱི་ཕྱི་འབྲེལ་ཀྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་རྣམ་པ་གསར་བ་བཏོད་ནས། འཛམ་གླིང་ཟང་ཟིང་གི་ཁྲོད་ནས་ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ། སྣང་བརྙན་ནུས་པ་བཅས་མངོན་གསལ་སྒོས་ཆེ་རུ་སོང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་མངོན་གསལ་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ཕྱི་འབྲེལ་དེ་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁྲོད་མཁྲེགས་གཏོར་དཀའ་སེལ་དང་ཞུན་བརྡར་མདུན་སྐྱོད་བྱེད་ཐུབ་པར་གྱུར་ནས་ཁྱོན་ཡོངས་དང་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཐོབ་དོན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་རེད།
དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་ལོ་རྒྱུས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ་དང་། མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་འོད་ཟེར་ལྡན་པ་ཞིག་གཏན་འཁེལ་བྱས་ཡོད། ཕྱོགས་གཞན་ཞིག་ནས། བཙན་པོའི་རྒྱབ་བརྟེན་དང་བཙན་པོའི་རྒྱབ་བརྟེན་བཙན་འཕྲོག རྒྱལ་ཕམ་གྱི་འགྲན་རྩོད་སོགས་བཙན་དབང་དང་བཙན་པོའི་བྱ་སྤྱོད་ཀྱིས་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཞི་བདེ་དང་འཕེལ་རྒྱས། བདེ་འཇགས། བཅོས་སྐྱོང་བཅས་ཀྱི་ལས་འགན་སྔར་ལས་ལྗིད་ལ། མིའི་རིགས་ཀྱི་སྤྱི་ཚོགས་དེ་སྔར་བྱུང་མ་མྱོང་མེད་པའི་འགྲན་སློང་སྣ་ཚོགས་དང་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་གནང་སྟེ་གསལ་བོར་བསྟན་དོན།“འཛམ་གླིང་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོར་ལངས་དོན་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གདམ་ག་བྱས་པར་རག་ལས་ཡོད།” དུས་རབས་ཀྱི་བརྗོད་གཞིར་ལན་ཇི་ལྟར་འདེབས་པ་དང་ལོ་རྒྱུས་ཀྱི་གདམ་ག་ཡང་དག་བྱེད་པ། རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བ་ཡོད་པ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་བཅས་རེད།
ཀྲུང་གོ་གུང་ཁྲན་ཏང་གིས་གནམ་འོག་བློ་ལ་འཆང་ནས། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ལ་བརྟེན་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་འཛམ་གླིང་འགྱུར་ལྡོག་གི་བཀོད་པ་ཆེན་མོ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོ་བཅས་ཀྱི་སྟེང་ནས་ཕྱི་རོལ་འཇིག་རྟེན་བར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པ་དང་། སྒོ་འབྱེད་རྒྱུན་འཁྱོངས་དང་བཀག་སྡོམ་མི་བྱེད་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། གཅིག་གོ་གཅིག་ཆོད་མི་བྱེད་པ། དྲང་གཞག་རྒྱུན་འཁྱོངས་དང་བདེན་དོན་སྤེལ་བ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཡར་ཐོན་གྱི་ཕྱོགས་སུ་ལངས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ནས། ཐོག་མཐའ་བར་གསུམ་དུ་དོན་དག་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་འཁེལ་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱེད་ཀྱི་ཡོད། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོ་དང་མཛའ་མཐུན་མཉམ་ལས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་བྱེད་པ་དང་། འདྲ་མཉམ་དང་སྒོ་འབྱེད། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་སོ་སོ་དང་ཁེ་ཕན་གཅིག་མཐུན་བྱེད་རྒྱ་ཆེ་རུ་གཏོང་བར་འབད་བཞིན་ཡོད། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ནས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་མི་ཆད་པར་མཁོ་འདོན་བྱས་ཏེ། སྒོ་འབྱེད་ཅན་གྱི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་པ་སྔར་ལས་ལེགས་པོ་ཐོབ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་རྒྱུ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ནན་བཤད་གནང་། མདུན་སྐྱོད་ཀྱི་ལམ་བུའི་སྟེང་དུ། ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་བརྟེན་ནས་རང་ཉིད་འཕེལ་རྒྱས་གཏོང་བ་དང་། རང་ཉིད་འཕེལ་རྒྱས་གཏོང་བར་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པ། འཛམ་གླིང་གི་ཡར་ཐོན་སྟོབས་ཤུགས་ཡོད་ཚད་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། མི་གཞན་ལ་མི་བརྟེན་པ་དང་གཞན་ལ་འཕྲོག་བཅོམ་མི་བྱེད་པ། ནམ་ཡང་བཙན་དབང་མི་སྤྱོད་པ་བཅས་བྱས་ནས། མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་ཡོང་བར་རྒྱུན་ཆད་མེད་པར་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ལོ་རྒྱུས་ཀྱི་འཁོར་ལོ་འོད་སྟོང་འབར་བའི་མདུན་ལམ་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མདུན་ལམ་རེད། མཉམ་དུ་གནམ་འོག་གི་ལམ་ཆེན་དུ་བསྐྱོད་ཚེ་རྒྱལ་ཁབ་སོ་སོ་འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་ཡོང་ཐུབ་པར་མ་ཟད། ལག་གདང་སྦྲེལ་ནས་འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཐུབ། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དོན་འཁྱོལ་ཧུར་ཐག་བྱེད་འདོད་ཡོད་པར་བསྟན། ཀྲུང་གོས་གྲོས་མོལ་རྒྱུན་འཁྱོངས་བྱས་ནས་ཡུན་རིང་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ནས་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མཉམ་ལས་གཉིས་ཕན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒོ་འབྱེད་ཁོང་ཡངས་ཀྱི་འཛམ་གླིང་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བྱས་ནས་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ནན་གྱིས་བསྟན་དོན། “འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་ཕན་ཚུན་རྒྱུས་མངའ་ལོན་པ་དང་འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ། དཔལ་ཡོན་སྤེལ་རེས་དེ་དཔལ་ཡོན་གྱི་འགལ་ཟླ་ལས་བརྒལ་བ་དང་། དཔལ་ཡོན་དཔྱད་གཞིར་འཛིན་པ་དེ་དཔལ་ཡོན་གྱི་གདོང་ཐུག་ལས་བརྒལ་བ། དཔལ་ཡོན་མཉམ་གནས་དེ་དཔལ་ཡོན་གྱི་ལེགས་ཆ་ལས་བརྒལ་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཐུན་མོང་སྒོས་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན”ཞེས་གསུངས།
ང་ཚོའི་དུས་རབས་འདི་ནི་འགྲན་རྩོད་ཀྱིས་ཁེངས་པའི་དུས་རབས་ཤིག་ཡིན་ལ་རེ་བས་ཁེངས་པའི་དུས་རབས་ཤིག་ཀྱང་ཡིན། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་སུ་སོང་བ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་བསམ་བློ་གཅིག་མཐུན་དང་བྱ་སྤྱོད་སྤེལ་ནས་མཚམས་མི་ཆད་པ་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཉམ་དུ་དུས་རབས་གསར་པའི“ནུའོ་ཡ་གྲུ་གཟིངས”སུ་བསྡད་ཚེ། མཉམ་ལས་གཉིས་ཕན་གྱི་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མདུན་སྐྱོད་ལམ་བུའི་སྟེང་གི་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་མ་འོངས་པ་བསྐྲུན་ཐུབ་ངེས་རེད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།