དམངས་དམག་རྣམས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས། ཏང་གི་གསུང་སྐད་རྩྭ་ཐང་་ཡངས་པོར་བསྒྲགས།
2022.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཉིན་ཤས་ཀྱི་སྔོན་དུ། མཚོ་འཕང་ལ་རྨིད་བཞི་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་གྲང་ངར་ཤིན་ཏུ་ཆེ་ན་ཡང་། རྫོང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་བ་དེ་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་འདུག

དམངས་དམག་ཉི་ཤུ་ཙམ་གྱིས་གྲུབ་པའི་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་རིག་གནས་ཡན་ལག་རུ་ཆུང་ཞིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་ངེས་པར་བྱེད་པ་དང་།                          གྲོང་གསེབ་དར་སྤེལ་གྱི་རེ་བ་དེ་མི་དམངས་མང་ཚོགས་ལ་གསལ་བོར་ཤེས་པར་བྱེད་པའི་ཆེད་དུ། དམངས་གམག་གི་རུ་ཆུང་དེས་འཕྲུལ་རྟར་ཞོན་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ལྔ་དང་སྟོང་བཞི་ལྷག་ཡོད་པའི་རྩྭ་ཐང་ཆེན་མོ་དེ་རུ་ཏང་གི་དྲོ་སྐྱིད་དང་ཏང་གི་གསུང་སྐད་སྙན་མོ་ཁྱིམ་ཚང་རེ་རེར་སྐྱེལ་བཞིན་འདུག

ཆུ་དམར་ལེབ་རྫོང་དྲིལ་སྒྲོག་པུའུ་ཡི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།  སྒྲོག་འགྲེལ་རུ་ཁག་དེ་ནི2017ལོར་ཆུ་དམར་ལེབ་རྫོང་མི་དམངས་དྲག་ཆས་པུའུ་དང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་དུ་བཙུགས་པ་ཞིག་ཡིན་ལ།  ནམ་རྒྱུན་དུ་རྒྱལ་ཁབ་ཀྱི་དོན་ཆེན་དང་དོན་བཟང་གང་གི་སྐབས་སུ་ཡང་ཁོ་ཚོས་རིག་རྩལ་དང་སྒྲོག་འགྲེལ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལས་ཁུངས་དང་སློབ་གྲྭ  སྡེ་ཁུལ།  དགོན་པ། འབྲོག་ཁུལ།  འབྲོག་ཁྱིམ་བཅས་སུ་སོང་ནས། གནས་ལུགས་ཆེན་པོ་རེ་རེ་ཉན་སྤྲོ་ཞིང་གོ་བདེ་བའི་སྐད་ཆའི་སྦྱོར་བར་བརྟེན་ནས་ཏང་གི་དྲོ་སྐྱིད་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་འབྲོག་པ་མང་ཚོགས་རྣམས་ལ་གསལ་བོར་གོ་བར་བྱེད་པ་དང་། དེ་དང་མཉམ་དུ་ས་གནས་མི་དམངས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་བཞིན་ཡོད།

ཉིན་འགའི་སྔོན་དུ་དམངས་དམག་གིས་གྲུབ་པའི་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་རུ་ཁག་དེ་བཀྲ་ཤིས་སྡེ་ཁུལ་དུ་ཡོང་སྟེ། གླུ་གར་འཁྲབ་སྟོན་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་འབྲོག་པ་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གྱ་ནོམ་པ་ཞིག་བཤམས།

ཉིན་དེའི་སྒྲོག་འགྲེལ་བྱ་འགུལ་དེ་ཞབས་བྲོ《བདེ་སྐྱིད་ལྡན་པའི་འཚོ་བ》ཞེས་པའི་ཁྲོད་དངོས་སུ་མགོ་བརྩམས་ཤིང་། ཡུལ་དངོས་འཁྲབ་སྟོན་དེ་ལ་འབྲོག་པ་མང་ཚོགས་ཀྱིས་དགའ་བསུའི་ཐལ་མོ་ཡང་ཡང་རྡེབ་ནས་བསྔགས་བརྗོད་བྱས།

སྒྲོག་འགྲེལ་རུ་ཁག་དེའི་རུ་མི་སྤེན་པས་བཤད་རྒྱུར། མི་དམངས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་བཞིན་པ་དང་མི་དམངས་མང་ཚོགས་དང་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། མི་དམངས་མང་ཚོགས་ཀྱི་ཆེས་དངོས་ཡོད་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་དག་རེ་རེ་བཞིན་དམ་འཛིན་བྱས་ནས། དམངས་འཚོར་ཕན་པ་དང་དམངས་སེམས་ལ་དྲོ་སྐྱིད་ལྡན་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་དཀའ་སྡུག་དང་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གནད་དོན་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། དམངས་འཚོའི་དོ་ཁུར་ལ་རྩེ་གཅིག་ཏུ་དམིགས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས། ང་ཚོར་འབྲོག་ཁུལ་དུ་འཚོ་བ་རོལ་བཞིན་པའི་མི་དམངས་མང་ཚོགས་ལ་དྲོ་སྐྱིད་ཚོར་དུ་འཇུག་དགོས་ཞེས་བཏོན་ཡོད།   གོང་དུ་འཁྲབ་སྟོན་བྱས་པའི་ཞབས་བྲོ་འདི་ནི་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་རྗེས་སུ་གསར་རྩོམ་སྒྲིག་སྦྱོར་བྱས་པ་ཞིག་ཡིན་ཞིང་།  དེའི་དམིགས་ཡུལ་ནི་འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་ལ་ཏང་གིས་མི་དམངས་མང་ཚོགས་ལ་ནམ་ཡང་ཐུགས་ཁུར་དང་གཅེས་སྐྱོང་གནང་བཞིན་པའི་དོན་དངོས་ཚོར་དུ་འཇུག་རྒྱུ་དེ་ཡིན་ཟེར།

ཞོལ་ནས་མུ་མཐུད་དུ་ཟློས་གར《ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན》ཞེས་པར་རོལ་མྱོང་བྱེད་རོགས།  ཡུད་ཙམ་གྱིས་ཡུལ་དངོས་དེ་ཡང་བསྐྱར་ཐལ་མོའི་རྡེབ་སྒྲས་ཁེངས་སོང་།

བཀྲ་ཤིས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་གིས་བཤད་རྒྱུར། རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་སྲིད་དབང་འཕྲོག་ལེན་དང་རྒྱལ་སྲིད་བསྲུངས་ནས་མི་དམངས་ཀྱི་སེམས་པ་བསྲུངས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི་སྐད་ཆ་འདི་ནི་མི་སེམས་སུ་ཟུག་པ་ཞིག་རེད། ཐེངས་འདིར་སྒྲོག་འགྲེལ་རུ་ཁག་གིས་ལེ་ཚན་ཡག་པོ་བསྒྲིགས་འདུག་ལ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དེ་ལས་ཡག གོང་གི་ཟློས་གར་དེ་ལས་འཁྲབ་སྟོན་བྱས་པ་ནང་བཞིན། ད་ལྟ་ང་ཚོའི་འཚོ་བར་ཕྱོགས་ཡོངས་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  སྔོན་ཆད་རྩྭ་ཆུ་སྙེག་ནས་ཕྱུགས་འཚོ་སྐྱོང་བྱེད་པའི་འཚོ་བ་རོལ་བ་ནས་ད་ལྟ་སོ་ཕག་གིས་ལས་པའི་ཁང་པའི་ནང་དུ་བསྡད་ཡོད་པ་དང་། ཁྱིམ་གྱི་ལོ་ལོན་ཚོར་སྨན་བཅོས་བྱེད་ན་ད་ལྟ་ཚང་མར་སྤྱི་ཚོགས་འགན་སྲུང་ཡོད་པ་དང་བྱིས་པ་རྣམས་ཀྱང་སྒོ་འགྲམ་ནས་སློབ་གྲྭར་འགྲོ་ཐུབ་པར་གྱུར་ཡོད་ཟེར།

བཀྲ་ཤིས་སྡེ་ཁུལ་ནི2005ལོའི་ཟླ6པར་འཛུགས་སྐྲུན་བྱས་པ་དང་།  ཁོངས་གཏོགས་ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གཅིག་ཙམ་ཡོད་ཅིང་། སྡེ་ཁུལ་དེ་རུ་ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་རེ་ལྔ་ཡོད་ལ་མི་གྲངས་སྟོང་བཞི་དང་བཞི་བརྒྱ་སོ་དྲུག་ཡོད། ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་སྡེ་ཁུལ་གྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་དང་གྲོང་མིའི་རང་སྐྱོང་གི་བཅོས་སྐྱོང་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུ་དང་འཚོ་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། མི་བགྲོད་ལམ་བུ་རྒྱ་ཆེ་རུ་བསྐྱེད་པ་དང་གྱང་ངོས་སུ་བསྐྱར་དུ་གྱང་རྩི་བྱུག་པ། སྡེ་བའི་ཐང་ཆེན་གསར་ལས་བཅས་བྱས་ཡོད།

ཚེ་རིང་གིས་བཤད་རྒྱུར། སྒྱུར་བཀོད་དེ་དག་ལས་གཞན་སྡེ་ཁུལ་གྱིས་ད་དུང་ཁོངས་གཏོགས་ཀྱི་འབྲོག་པ་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱས་ནས།  ཁྲོམ་གཞུང་དང་སྡེ་ཁུལ་གྱིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་བྱ་འགུལ་སྤེལ་ཡུལ་བསྐྱར་དུ་འཆར་འགོད་བྱས་པ་མ་ཟད། དཔེ་ཆར་ལྟ་ས་དང་ཏང་ཡོན་གྱིས་སློབ་སྦྱོང་བྱེད་ཡུལ་བཅས་ཆ་ཚང་བསྐྲུན་ཡོད་པས། མི་དམངས་མང་ཚོགས་ལ་དྲོ་སྐྱིད་ལྡན་ལ་ནུས་པ་ཆ་ཚང་བའི་སྤྱི་པའི་བར་མཐོངས་ཤིག་མཁོ་འདོན་བྱས་ཡོད། ད་ལྟ་བྱ་འགུལ་ལྟེ་གནས་དེ་རུ་ལོ་གཅིག་གི་དུས་ཚིགས་བཞི་བོར་འབྲོག་པ་མང་ཚོགས་ཀྱིས་དཔེ་ཆར་ལྟ་བ་དང་གླུ་གཞས་ལེན་པ། ལུས་སྦྱོང་བྱེད་པ་སོགས་ཀྱི་རྣམ་པས་ཁེངས་ཡོད། ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ་ངེས་པར་དུ་འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་གིས་འབད་བརྩོན་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ནས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས་ཞེས་བཏོན་ཡོད། ད་ལྟ་བལྟས་ན་ང་ཚོར་ཕན་པ་དངོས་ཐོབ་ཡོད་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

དམངས་འཚོའི་དོན་དངོས་དང་འབྲེལ་བའི་བྱ་བ་རེ་རེ་དང་དམངས་འཚོ་དང་འབྲེལ་བའི་བཟོ་སྐྲུན་རེ་རེ། དྲོ་སྐྱིད་ལྡན་པའི་ཉི་འོད་ཀྱི་ཟེར་མ་དང་འདྲ་བར་བཀྲ་ཤིས་སྡེ་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ལུས་སེམས་ཡོངས་སུ་ཁྱབ་འདུག

རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་རུ་ཁག་གི་འགན་འཁུར་བ་ཐེ་ཅེན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ནི་གདོང་མཆོང་གི་དུང་སྒྲ་ཞིག་དང་འདྲ་བར་ང་ཚོར་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ལྷོད་མེད་བྱེད་དགོས་པའི་སྐུལ་མ་གནང་བྱུང་། ང་ཚོས་མྱུར་དུ་ཚང་མ་རྩ་འཛུགས་བྱས་ནས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་བླངས་ཏེ། ཆུ་དམར་ལེབ་རྫོང་གི་དོན་དངོས་གནས་ཚུལ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། གོ་བདེ་ཞིང་ཉན་སྤྲོ་བའི་ཐབས་ལམ་སྣ་ཚོགས་སྤྱད་དེ་ཚོགས་ཆེན་གྱི་དགོངས་དོན་དེ་འབྲོག་པ་མང་ཚོགས་ཀྱི་སེམས་སུ་འབབ་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ཟེར།

                                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།