སྤྱིར་བཏང་མིན་པའི་ལོ་བཅུའི་མཚོ་སྔོན་གྱི་གྲུབ་འབྲས་ལ་ལྟ་བ།
2022.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

 མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན།  ཏང་ཀྲུང་དབྱང་གིས་གཟབ་ནན་ངང་གསལ་བསྒྲགས་བྱས་པར་གཞིགས་ན།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྟན་བརླིང་ངང་མདུན་སྐྱོད་བྱས་པ་དེ།   ལོ་ལྔའི་འཆར་འགོད་བཅུ་གཉིས་པ་དང་།   ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་འཆར་གཞི་ལག་བསྟར་བྱེད་པའི་མགོ་མཇུག་བར་གསུམ་དུ་ཁྱབ་ཡོད།   འཕེལ་རྒྱས་དལ་བའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས་ལོ་བཅུའི་རིང་ལ་མཚོ་སྔོན་གྱི་དམངས་ཚིས་དམིགས་འབེན་སྣ་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ལམ་ཐིག་ཧྲིལ་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།

ལོ་བཅུའི་རིང་ལ་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། གོམ་སྟབས་རེ་རེ་དང་ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་མཐོ་སྒང་གི་ས་གཞི་ཆེན་མོར་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་ཐོབ་ཡོད།

གཞི་གྲངས་ཁག་གཅིག་ལས་ལོ་བཅུའི་དམངས་ཚིས་འཕོ་འགྱུར་ཆེན་པོ་གསལ་བཤད་ལེགས་པོ་བྱས་ཡོད་པ་སྟེ།   ལོ་རེར་ནོར་སྲིད་གཏོང་སྒོ75%ཡན་དམངས་ཚིས་ཐད་སྤྱད་ནས་དམངས་ཚིས་དོན་དངོས་ལེགས་སྒྲུབ་བྱས་པས།  སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེར9.5%འཕར་ཞིང་།  ལོ་གཅིག་སྔ་སྣུར་སྒོས་ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་གཉིས་ཀྱི་དབུལ་ཞྭ་ཕུད་པ་དང་།  སྡེ་བ་དབུལ་པོ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་དབུལ་གྲལ་ནས་བུད་པ།  མི་གྲངས་དབུལ་པོ་འབུམ་ལྔ་ཁྲི་གསུམ་སྟོང་དགུ་དབུལ་ཕོངས་ལས་ཐར་ཡོད་པ་རེད། 2021ལོར་མཚོ་སྔོན་གྱི་རྒྱུན་སྡོད་མི་གྲངས་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་དོན་གསུམ་ཡན་ཟིན་ནས2010ལོ་ལས་ལོ་བཞི་འཕར་ཡོད། སྡོད་དམངས་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་སུམ་ཅུ་ཟིན་པ་དེ2013ལོ་ལས་སྨི་གྲུ་བཞི་མ་གསུམ་ལྷག་འཕར་དང་།  མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་བསྟུད་མར་ལོ་དགུར་བརྟན་བརླིང་ངང་ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་ལུས་སྦྱོང་བཟོ་འགོད་ཀྱི་ཁྱབ་ཚད100%ཟིན་ཡོད།

སྲིད་ཏང་ཞིག་གིས་མི་དམངས་ལྟེ་བར་འཛིན་པའི་སྲིད་འཛིན་དོན་གཉེར་དང་རྒྱལ་ཁབ་ཅིག་གིས་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས།

2016ལོའི་ཟླ3པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། ལོ་དེའི་ཟླ8པའི་ཟླ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་བཏོན་པ་རེད།

2021ལོའི་ཟླ3ཚེས7ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཚིས་ཞན་ཆ་གསབ་པར་ཤུགས་སྣོན་བྱེད་པ་དང་། དམངས་ཚིས་དཀའ་གནད་སེལ་བ། དམངས་ཚིས་མཐའ་ཚད་བརྟན་པོར་སྲུང་བ། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ་དང་སྡོད་ཁང་སོགས་དམངས་ཚིས་དོན་དངོས་ལེགས་པོར་སྒྲུབ་ནས།  སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆ་སྙོམས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་ནན་བཤད་གནང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་ཤུགས་སྣོན་རྒྱག་པ།   ཡ་རབས་སྲོལ་བཟང་གསོ་སྐྱོང་བཅས་བྱས་ནས།  མཛེས་སྡུག་ལྡན་ཞིང་འཚོ་སྡོད་ལ་འཚམ་པ་དང་ཐོན་ལས་དར་ཞིང་འཆམ་མཐུན་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་།  མི་དམངས་ནི་རྒྱལ་སྲིད་ཡིན།   མཉམ་དུ་ཕྱུག་པོར་འགྱུར་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་གཏིང་ཟབ་འདི་མངོན་འགྱུར་བྱེད་པའི་ཁྲོད་དུ་གཙོ་འཛིན་དང་མི་དམངས་མཉམ་དུ་གནས་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་མི་དམངས་ལ་བཅངས་པའི་ལྷད་མེད་བརྩེ་སེམས་མཚོན་པར་བྱས་ནས་ལོ་བརྒྱའི་ཏང་ཆེན་པོས་མི་དམངས་ལ་བཅངས་པའི་བློ་དཀར་སེམས་དཀར་མངོན་ཡོད།

2021ལོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན5.7%འཕར་བ་དང་།  སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ7.8%འཕར་བ། ཐོན་རྫས་སྤུས་དག་གི་ལམ་ཐིག200བཏོད་པ་དང་།  ལམ་ཐིག་བདུན་རྒྱལ་ཡོངས་ཀྱི་རྨ་ཆུའི་ཡུལ་སྐོར་ཁུལ་ཆེ་གྲས་བཅུའི་རྩེར་སོན་ལམ་ཐིག་ཁྲོད་བདམས་པ་རེད། ཡུལ་སྐོར་མི་ཐེངས་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ20%ཡན་འཕར་བ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་བའི་སྡོད་ཁང་ཁྲི་ལྔ་དང་སྟོང་གཅིག་ལྔ་བརྒྱ་དང་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་སྟོང་གཉིས་དང་དྲུག་བརྒྱ་ཞེ་དགུ་བསྒྱུར་བཀོད་དང་འཛུགས་སྐྲུན་བྱེད་འགོ་བརྩམས།  གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱས་ཚད་མི་ཁྲི་དྲུག་དང་སྟོང་གསུམ་འཕར་སྣོན་བྱུང་བ་དང་།  རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ས་ཡ་གཅིག་འབུམ་གཅིག་ལྷག་སྤོ་བསྒྱུར་ལས་ཞུགས་བྱས་པ། བསླབ་གནས་སྣ་ཚོགས་ཁྲི་གསུམ་སྟོང་གཉིས་དྲུག་བརྒྱ་ཇེ་མང་དུ་བཏང་བ།   འོས་འགན་སློབ་གསོའི“གཉིས་འཕྲིའི”སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་པ། ལོ་འཁོར་དུ་གཏན་འཁེལ་བྱས་པའི་རིགས་ཆེ་གྲས་བཅུ་ཡི་དམངས་ཚིས་དོན་དངོས་ཞེ་ལྔ་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་ཡོད།

སྤྱི་ཚོགས་འགན་སྲུང་མ་ལག་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ས་ཡ་དྲུག་གི་འཚོ་བའི་མཐའ་ཚད་སྲུང་བ་དང་། སྔར་མེད་ཀྱི་དཀའ་ཚེགས་ཆེ་བའི་ལས་ཞུགས་ཀྱི་དཀའ་གནད་སེལ་བ། གྲུབ་འབྲས་གཟེངས་སུ་ཐོན་པའི་དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་ཡོང་འབབ་སྔར་ལས་མཐོ་བ་དང་།  ཁུར་པོ་སྔར་ལས་ཡང་བ། འགན་སྲུང་སྔར་ལས་མང་བ་བཅས་བྱུང་བས།  མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཇེ་མཐོར་སོང་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་ལ་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་རེད། ཏང་ཀྲུང་དབྱང་གིས་བསམ་བློ་གཏོང་བ་ནི་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་ལ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་བྱ་རྒྱུ་དེ་རེད།

དམངས་སེམས་དང་འབྲེལ་བའི་དྲོད་ཁོལ་དང་དམངས་ཚིས་འདེགས་སྐྱོར་གྱི་ནུས་པ་མངོན་པར་བྱས་པ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཀྱི་ཟབ་ཚད་དང་མི་དམངས་བླ་ན་མེད་པའི་མཐོ་ཚད་མཚོན་པར་བྱས།

ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རིང་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱི་ལོ་རེའི་གཏོང་སྒོའི75%ཡན་དམངས་ཚིས་འཛུགས་སྐྲུན་ཐད་བཀོལ་བ་དང་། ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་དམངས་ཚིས་ཐད་བཏང་བའི་མ་དངུལ་དེ་ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་རིང་གི་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་དགུ་དུང་ཕྱུར་གསུམ་ནས་ཁྲག་ཁྲིག་བཞི་ཐེར་ཆེན་དྲུག་ཐེར་འབུམ་བཞི་དུང་ཕྱུར་དགུ་བར་ཇེ་མང་དུ་བཏང་ཡོད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་བའི་ཁྲོད་འཕྲོད་བསྟེན་དང་སྤྱི་ཚོགས་ལས་དོན། སློབ་གསོ། རིག་གནས་ལུས་རྩལ། རོལ་རྩེད་ལས་རིགས་བཅས་ཀྱི་མ་དངུལ་གཏོང་ཚད་དེ་ལོ་རེར་ཆ་སྙོམས་ཀྱིས་སོ་སོར9.3%དང་།   28.1%།  27.5%བཅས་འཕར་ཡོད། ནོར་སྲིད་ཀྱིས་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་།  ལས་ཞུགས། རིག་གནས་ཡུལ་སྐོར་དང་ལུས་རྩལ།  སྨྱན་བྱད་བཅས་ལ་བཏང་བའི་མ་དངུལ་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད།

2020ལོར།  ཞིང་ཆེན་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་བཞི་ལྷག་ཏུ་སླེབས་པ་དང་། དེ2015ལོའི་སྒོར་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་བཅུ་གསུམ་ནས་སྒོར་སྟོང་བརྒྱད་དང་ཉིས་བརྒྱ་ཉེར་གསུམ་ཇེ་མང་དུ་སོང་སྟེ།  ལོ་རེར་ཆ་སྙོམས་ཀྱིས8.7%འཕར་ཞིང། རྒྱལ་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་གི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་ཐིག་གོར་ཐིག་དང་ཚེགས་བརྒྱད་ཀྱིས་མཐོ་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་སྡོད་དམངས་ཀྱི་ཡོང་འབབ་དེ2020ལོར2010ལོ་ལས་ལྡབ་གཅིག་འཕར་རྒྱུའི་དམིགས་འབེན་སྔ་སྣུར་སྒོས་མངོན་འགྱུར་བྱུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྐྱིད་སྣང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་བྱེ་བྲག་གི་ལས་དོན་སྣ་ཚོགས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཚོ་བར་སྣེ་ཁྲིད་བྱས་ཡོད།

2015ལོའི་ཟླ1ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་མ་དངུལ་བསྡུ་སྒྲིག་གི་ཚད་གཞི་གཅིག་གྱུར་སྒོས་སྒོར་བཞི་བཅུ་ཇེ་མཐོར་བཏང་ནས་སྒོར550ལ་སླེབས་པ་དང་ཆབས་ཅིག  གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་ཡང་ཇེ་མཐོར་བཏང་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དང་།  རྒན་པའི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་ཉི་ཤུ་ཇེ་མཐོར་བཏང་ཡོད།

2015ལོའི་དཔྱིད་ཀའི་སློབ་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་གཞུང་སྤྱོད་འགྲོ་གྲོན་གྱི་ཁ་གསབ་ཚད་གཞི་དེ་སྔོན་ཆད་ཀྱི་སློབ་མ་རེར་སློབ་ཆུང་དུ་སྒོར་དྲུག་བརྒྱ་དང་དམའ་རིམ་སློབ་འབྲིང་དུ་སྒོར་བརྒྱད་བརྒྱ་ཡི་རྨང་གཞིའི་ཐོག་སྒོར་སུམ་བརྒྱ་ཇེ་མང་དུ་བཏང་བ་དང་། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ལོ་རེའི་ཁ་གསབ་ཚད་གཞི་སྒོར་དྲུག་བརྒྱ་ནས་སྒོར་བརྒྱད་བརྒྱའི་བར་ཇེ་མཐོར་བཏང་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མའི་ལྟེ་བའི་སློབ་གྲྭའི་འགྱིག་བཟོས་ལུས་རྩལ་ཁང་དང་།   རྐང་རྩེད་སྤོ་ལོ་ཁང་།  དེང་རབས་ཅན་གྱི་ནུས་མང་སློབ་ཁང་དང་དེ་བཞིན་འཕྲུལ་མིའི་སྤྲོ་སྣང་སློབ་ཁང་བཅས་ཀྱིས་བྱིས་པ་ཚོ་དགའ་སྤྲོའི་ངང་འཚར་ལོངས་འབྱུང་བ་དང་འཇོན་ཐང་ཅན་དུ་འགྱུར་བར་རོགས་རམ་བཟང་བོ་བྱས།

ད་ལྟ། ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་མཚོ་སྔོན་དུ་ཞང་གྲོང་འཕྲོད་བསྟེན་ཁང55%ཡིས་རྒྱང་ཁྲིད་སྨན་བཅོས་ཞབས་ཞུ་བྱེད་ཐུབ་པ་དང་། རོང་འབྲོག་མང་ཚོགས་ཀྱིས་སྒོ་འགྲམ་དུ་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

“ནོར་སྲིད་ཆུང་བར”བརྟེན་ནས“དམངས་ཚིས་ཆེན་པོ”ཐག་གཅོད་བྱ་རྒྱུ་ནི་སྲིད་འཛིན་འདུ་ཤེས་དང་སྲིད་འཛིན་ནུས་པའི་ཐད་ཀྱི་ཉམས་སད་ཞིག་རེད། ལོ་བཅུའི་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་པ་དང་། ནོར་སྲིད་ཀྱི་གཏོང་སྒོ་མང་ཆེ་བ་དམངས་ཚིས་ལས་དོན་ཐད་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བྱས།

2014ལོར་དམངས་ཚིས་བཟོ་སྐྲུན་གྱི་དོན་དངོས་བཅུ་ལག་བསྟར་བྱེད་པའི་ལས་བགོས་གསལ་བོ་བྱས་ཏེ། མཚོ་སྔོན་གྱིས་དམངས་ཚིས་ལེགས་བཅོས་དང་རིམ་སྤོར་གྱི་རྣམ་པ་མཉམ་དུ་བསྐྲུན་པ་རེད།  2020ལོའི་ཟླ11པར《ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྤྲིངས་པའི་ཡོངས་བསྒྲགས་ཡི་གེ》ཞེས་པའི་ཁྲོད2021ལོའི་ཞིང་ཆེན་སྲིད་གཞུང་གི་དམངས་ཚིས་དོན་དངོས་ཀྱི་རྣམ་གྲངས་བསྡུ་ལེན་བྱས་པ་དང་། 2022ལོའི་ཟླ་གསུམ་པར་རིགས་བཅུ་ཡི་དམངས་ཚིས་དོན་དངོས་ཞེ་བདུན་གྱི་བཟོ་སྐྲུན་སྤེལ་བ་སོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ནས། དམངས་ཚིས་དོན་ཆེན་དང་དཀའ་གནད་ལ་དམ་པོར་དམིགས་ནས་མུ་མཐུད་དུ་ཤུགས་སྣོན་བྱས་པ་དང་།  ལས་གཞི་ལག་བསྟར་ལ་སྐུལ་འདེད་ནུས་ལྡན་བཏང་བས། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་བསམ་འཆར་ཆེན་པོ་ཡོད་པའི་དམངས་ཚིས་དོན་དངོས་མང་པོ་ཞིག་བསྒྲུབས་ཡོད།

ཞིང་ཆེན་ནོར་སྲིད་ཀྱིས་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་བསྟུད་མར་ཆེ་རུ་སོང་བ་དང་གཏོང་ཡོང་གི་འགལ་བ་ཉིན་བཞིན་མངོན་གསལ་དུ་འགྲོ་བའི་གནས་ཚུལ་འོག ཐབས་ལམ་མང་པོ་ནས་མ་དངུལ་བསྡུ་སྒྲིག་བྱས་པ་དང་།  2019ལོའི་ཟླ4པའི་ཟླ་མཇུག་བར་སྡོམ་པས་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་དགུ་ལྷག་བཏང་ནས། བཟོ་སྐྲུན་ཁག་ཉེར་དྲུག་ལག་བསྟར་བྱས་པ་དེས་ལོ་དེའི་རྣམ་གྲངས་བསྡོམས་འབོར་གྱི67%ཟིན་ཡོད།

2021ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་བདག་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་སིས་འགན་འཁུར་ནས་ལག་བསྟར་བྱེད་པའི་ཟི་ལིང་ཉེ་འཁོར་གྱི་མྱུར་བགྲོད་གཞུང་ལམ་ཁག་གཅིག་གི་ཟམ་པའི་བདེ་འཇགས་འགོག་སྲུང་གི་བར་བརྒལ་ལས་གཞི་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས།  མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་ཟམ་པའི་བདེ་འཇགས་འགོག་སྲུང་ནུས་པ་དང་ཆུ་ཚད་ནུས་ཡོད་སྒོས་ཇེ་མཐོར་སོང་བ་དང་། མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པའི་དགོས་མཁོ་བསྐངས་ཤིང་།  དེ་ནི་སྐབས་དེའི་མཚོ་སྔོན་གྱི་དམངས་ཚིས་དོན་དངོས་བཟོ་སྐྲུན་ཁྲོད་ཀྱི་གཅིག་རེད།

ལོ་བཅུའི་རིང་།  ཤིན་ཏུ་དབུལ་བ“གཙང་སེལ”བཟོ་སྐྲུན་དང་། ལས་ཞུགས་བརྟན་འཇགས་བཟོ་སྐྲུན། ཀུན་ཕན་རང་བཞིན་གྱི་བྱིས་པའི་སློབ་གསོའི་བཟོ་སྐྲུན། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་བཟོ་སྐྲུན། སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བཟོ་སྐྲུན། དམངས་ཡོངས་ཀྱི་བདེ་ཐང་བཟོ་སྐྲུན། བདེ་སྐྱིད་རྒན་གསོ་བཟོ་སྐྲུན། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཅེས་སྐྱོང་བཟོ་སྐྲུན། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཟོ་སྐྲུན། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་བཟོ་སྐྲུན་བཅས་དོན་དངོས་ཆུང་བ་དག་ལས་བྱུང་བའི་“དམངས་ཚིས་ཆེན་པོ”དེས།   ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དྲོད་ཁོལ་ལྡན་པའི་རྒྱུགས་གཞི་ངོ་མཚར་ཅན་ཞིག་ཕུལ་ཡོད།

འཕེལ་རྒྱས་ཁྲོད་ཀྱི་འདང་བ་ནི་མཚོ་སྔོན་གྱི་དཀའ་ཁག་དངོས་ཡིན་པ་དང་། ས་ཁོངས་བར་གྱི་ཧེ་བག་ནི་མཚོ་སྔོན་གྱི་མཐུན་སྦྱོར་ཐད་ཀྱི་དཀའ་གནད་ཅིག་རེད།

ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ངེས་པར་དུ་དམངས་ཚིས་ལ་མཐོང་ཆེན་དང་། དམངས་ཚིས་འགན་སྲུང་། དམངས་ཚིས་ལེགས་བཅོས་བཅས་བྱས་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་ཕན་ཐོགས་པར་བྱེད་དགོས།

ལོ་བཅུའི་རིང་མཚོ་སྔོན་སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་བ། རིམ་གྲས་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་མྱུར་སྒོས་བསྐྲུན་པ། སློབ་གསོ་རིག་གནས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་བ་སོགས་མཚོ་སྔོན་གྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སོང་བ་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་སྔར་ལས་མང་བ་མཉམ་སྤྱོད་ཐུབ་པ་བྱུང་ཡོད།

ཤར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་མགྱོགས་མྱུར་ངང་དར་རྒྱས་བྱུང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད50.3%ཟིན་པ་དང་།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སོ་གཉིས་དང་སྡེ་བ་སྟོང་གཅིག་དང་ལྔ་བརྒྱ་ལྷག་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཚུན་དུ་མཚོ་སྔོན་གྱི་ས་ཁོངས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད།  “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྔོན་གྱི་ལོ་བཞིའི་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་ལོ་རེར་ཆ་སྙོམས་ཀྱིས8.8%དང8.2%འཕར་བ་དེ། ཞིང་ཆེན་ཡོངས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་རེད།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱིས་ཐོན་ལས་མཉམ་འདྲེས་དང་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་དང་ལས་ཞུགས་སྔར་ལས་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྔོན་གྱི་ལོ་གསུམ་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་རིམ་རྩིས་བྱས་ན་མི་ཁྲི་དགུ་དང་སྟོང་བཞི་ལྷག་གསར་དུ་ལས་ཞུགས་ཐུབ་པ་བྱུང་བ་དང་། རིམ་རྩིས་བྱས་ན་ལས་སྐྲུན་རྟེན་གཞི་བཅུ་དགུ་བཙུགས་ནས།  ལས་སྐྲུན་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཚད་མི་ཁྲི་གཅིག་དང་སྟོང་དྲུག་ཟིན་ཡོད།

མཚོ་སྔོན་གྱིས་མི་དམངས་ཀྱི་ཁེ་ཕན་དེ་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་གོ་གནས་ཐོག་བཞག་ནས། ཐབས་བརྒྱ་ཇུས་སྟོང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་ཏན་ཏིག་གིས་སྒྲུབ་ཏེ། ཁོ་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བར་འབད་པ་ལྷོད་མེད་བྱས་དང་བྱེད་བཞིན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།