ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ“རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་སྡོད་དང་འཕེལ་རྒྱས་ཡོང་བའི་གཞི་རྩའི་ཆ་རྐྱེན་ཞིག་རེད། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད”ཅེས་བསྟན་ཡོད། ཉེ་བའི་དུས་སྐབས་ཤིག་གི་རིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་མགོ་གཙོ་པ་སངས་ཚེ་རིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱེད་སྐབས། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ནང་དོན་ཡིན་ཚེ་ཁོས་བརྙན་དུ་བླངས་ནས་ཉར་ཚགས་བྱེད་བཞིན་ཡོད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མགོ་གཙོ་ཞིག་ཡིན་པའི་ངོས་ནས་དོ་དམ་ས་ཚིགས་ཀྱི་བློ་མཐུན་ཚོའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དེ་ནི་ཁོའི་ད་ལྟའི་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཞོགས་པ་དེར་པ་སངས་ཚེ་རིང་གིས་སྔར་བཞིན་དོ་དམ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཚོའི་སྣེ་ཁྲིད་དེ་དྲ་ལམ་བརྒྱུད་ནས་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས། བརྙན་ཡོལ་མདུན་གྱི་པ་སངས་ཚེ་རིང་གིས་ཚང་མར་སེམས་ཞིབ་མོས་སྙན་ཞུའི་དགོངས་དོན་སྐོར་ཞིག་སྒྲོག་འདོན་བྱེད་བཞིན་འདུག་ལ། སྐྱེ་ཁམས་བདག་སྐྱོང་པ་ཚོས་ཕྱོགས་གཅིག་ནས་ནན་ཏན་གྱིས་བརྙན་འཕྲིན་ལ་ལྟ་བཞིན་དུ་ཕྱོགས་གཅིག་ནས་གྲོས་བསྡུར་བྱེད་བཞིན་འདུག
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་དགོས་ཞེས་བསྟན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་པ་ཞིག་ཡིན་པའི་ཆ་ནས་བརྗོད་ན། དེ་ནི་ང་ཚོའི་འགན་འཁྲི་ཞིག་ཡིན་ཞེས་པ་སངས་ཚེ་རིང་གིས་དེ་ལྟར་བཤད་པར་ཚང་མས་དེ་ལ་ཡིན་ལུགས་ཀྱི་བརྡ་རུ་མགོ་བོ་ལྡེམ་ལྡེམ་ཙམ་བྱེད།
ཡུས་ཧྲུའུ་གྲོང་ཁྱེར་དུ་ཡོད་པའི་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི། མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་དེ་ཡིན་ལ། ཁྲུང་ཁྲུང་སྐེ་ནག་དང་དེ་བཞིན་དེའི་སྐྱེ་འཕེལ་བྱེད་ཡུལ་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲས་ཤིག་ཀྱང་ཡིན་པས། རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དུ་གཏོགས་ཀྱི་ཡོད་པ་རེད།
པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དོ་དམ་ས་ཚིགས་དེ་བཙུགས་མ་ཐག་པའི་སྐབས་སུ་ཁྲུང་ཁྲུང་སྐེ་ནག22ལས་མེད་པ་དང་། ད་ལྟ་ལོ་རེར་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་པའི་གྲངས་ཀ་དེ170ནས180བར་ཟིན་གྱི་ཡོད་པ་དང་། མང་དུས་སུ213ཟིན་གྱི་ཡོད། དེས་མི་ཚད་ཉེ་བའི་ལོ་ཤས་རིང་དོ་དམ་ས་ཚིགས་ཀྱིས་ད་དུང་ཕྱོགས་བསྡུས་ས་ཁམས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་དང་རིག་ནུས་སྐོར་སྐྱོད་སྲུང་སྐྱོབ་མ་ལག ཁྱོན་ཡོངས་ཀྱི་ལྟ་ཞིབ་ཚོད་འཛིན་མ་ལག་སོགས་བསྐྲུན་ཡོད་པ་དང་། དེས་ལྟ་ཞིབ་ཚད་ལེན་ས་ཚིགས22ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ100ཙམ་ཡོད་པའི་འདམ་རའི་ནང་ཡོངས་སུ་ཁྱབ་ཡོད་པ་རེད། མིག་སྔར་ཁྲུང་ཁྲུང་སྐེ་ནག་ཕུད་རིན་པོ་ས་ཁུལ་གྱི་འདབ་ཆགས་རིགས་གཞན་གྱི་ཁྱུ་ཚོགས་ཀྱི་གྲངས་ཀ་དེ་སྔོན་ཆད་ཀྱི20ནས138བར་མང་དུ་ཕྱིན་ཡོད་པ་དང་། ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་སོགས་སྔོན་ཆད་བརྒྱ་ཕྲག་ཁ་ཤས་ལས་མེད་པ་ནས་ད་ལྟ་ཁྲི1ལྷག་ཙམ་བར་མང་དུ་སོང་ཡོད་པ་དང་། ཝ་དང་སྤྱང་ཀི་སོགས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱང་མང་དུ་འགྲོ་བཞིན་ཡོད།
པ་སངས་ཚེ་རིང་གིས་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཀྱང་ཡིན། ལོ་འདི་དག་གི་ནང་དུ་སྐྱེ་ཁམས་བདག་སྐྱོང་བས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྩི་ཤིང་གི་རིགས་ཇེ་མང་དུ་ཕྱིན་པ་དང་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་བའང་སྔར་ལས་ཇེ་ཟབ་ཏུ་ཕྱིན་ཡོད། ད་ལྟ་ས་གཞི་འདིའི་སྟེང་སུ་ང་ཚོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བསམ་འདུན་མངོན་འགྱུར་བྱུང་ཐུབ་ཡོད་ཟེར།
ཉིན་དེའི་སློབ་སྦྱོང་མཇུག་སྒྲིལ་རྗེས་སུ་སྐྱེ་ཁམས་བདག་སྐྱོང་པ་ཚེ་ཚེ་ཡི་ལག་ཁྱེར་ཁ་པར་ལས་དྲིལ་བརྡ་ཞིག་གྲགས་འོངས་པ་དང་། དེ་ནི་ཁོ་ལ་མཚོན་ན་ཆེས་རྒྱུས་མངའ་ཡོད་པའི་དྲིལ་བརྡ་ཞིག་ཡིན་ཞིང་ཁོ་ལ་དེ་རིང་གི་སྐོར་ཞིབ་ལས་དོན་སྤེལ་མགོ་རྩོམ་དགོས་པའི་དྲན་སྐུལ་བྱས་པ་རེད།
ཚེ་ཚེ་ཡིས་དྲིལ་བརྡ་དེའི་སྒོ་བརྒྱབ་རྗེས་སུ་རྣ་ཉན་རྒྱག་པ་དང་། སྒྲིག་ཆས་ལེགས་སྒྲིག་བྱས་ཏེ་འཕྲུལ་རྟར་ཞོན་ནས་ཕྱི་རོལ་དུ་སྐོར་གཡེང་བྱེད་མགོ་བརྩམས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་རྒྱལ་ཁབ་སྤྱི་གླིང་དང་ད་དུང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད། ང་ཚོ་སྐྱེ་ཁམས་བདག་སྐྱོང་པ་ཞིག་ལ་མཚོན་ན་དེ་ནི་སྒུལ་ཤུགས་ཤིག་རེད། ཕྱིན་ཆད་ཚང་མས་འབད་བརྩོན་བྱེད་པ་བརྒྱུད་ནས་ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་གཙང་བཅས་ཡོང་ཆེད་རང་གི་ནུས་པས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཚེ་ཚེ་ཡིས་བཤད།
ཉིན་འགའི་སྔོན་དུ། རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མུ་མཐའ་མེད་པའི་རི་བོ་དང་རྩྭ་ཐང་ཡོད་ཚད་ཁ་བ་ཆེན་པོ་ཞིག་གིས་གཡོགས། ཚེ་ཚེ་ཡིས་ཉིན་གཉིས་རེ་རྗེས་ནས་རང་གི་འགན་འཁྲིའི་ཁྱབ་ཁོངས་ཀྱི་རི་ཆུ་ནགས་གསུམ་དང་མཚེའུ་རྩྭ་ཐང་། བྱེ་མ་དང་འཁྱགས་དར། རི་སྐྱེས་སྲོག་ཆགས་བཅས་ལ་མུ་མཐུད་དུ་སྐོར་གཡེང་ཐེངས་གཅིག་རེ་བྱེད་ཀྱི་འདུག
ཚེ་ཚེ་ས་གནས་རེ་རེར་སླེབས་སྐབས་འཕྲུལ་རྟ་ལས་བབས་ནས་རྒྱང་ཤེལ་བླངས་ཏེ་ཕྱོགས་སོ་སོར་སྐོར་ལྟ་བྱེད་བཞིན་ཡོད་པ་དང་། དེ་ནས་རྒྱབ་ཁུག་ལས་ཟིན་བྲིས་དེབ་བཏོན་ནས་འཕྲུལ་རྟའི་སྟེང་ལ་བཞག་སྟེ། འཁྱགས་གྲང་གྲང་གི་ལག་པ་གཉིས་འཕུར་འཕུར་ཙམ་བྱས་རྗེས་ཉིན་གཅིག་གི་གནས་ཚུལ་ཐོ་འགོད་བྱེད་ཀྱི་ཡོད།
ཁོས་དེ་ལྟར་བྱེད་པ་ནི་ཁོར་ཡུག་གི་འགྱུར་ལྡོག་ལ་དབྱེ་ཞིབ་བྱེད་པར་སྟབས་བདེ་ཡོང་ཆེད་དང་གནས་ཚུལ་མི་འདྲ་བར་གཞིགས་ནས་སྐོར་གཡེང་ལམ་ཐིག་གསར་པ་ཞིག་ཇུས་འགོད་བྱེད་ཆེད་རེད།
ཚེ་ཚེ་ཡིས་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་ཧ་ཅང་ཆེ། སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་རྒྱ་ཁྱོན་ལ་སྤྱི་ཆིང7573ཡོད་པ་དང་བར་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང1600ཡོད་པ་དང་། ཚོད་ལྟ་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང827བཅས་ཡོད། འདི་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་ཤོས་ཀྱི་ས་མཐོའི་འདམ་རའི་ས་ཁུལ་གྱི་གྲས་ཤིག་རེད། ང་ཚོའི་བྱ་བ་ནི་གནས་འདིའི་ས་ཆ་རེ་རེ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ཡིན་ཞེས་གསར་འགོད་པར་བཤད།
ཚེ་ཚེ་ལ་མཚོན་ན་འདི་ལྟ་བུའི་སྐོར་གཡེང་དེ་ལོ་ངོ་དྲུག་ལ་རྒྱུན་འཁྱོངས་བྱས་ཡོད། ལོ་དེ་དག་གི་ནང་དུ་ཁོས་རིན་པོ་ས་ཁུལ་གྱི་འགྱུར་ལྡོག་དེ་དངོས་སུ་མཐོང་ཡོད་དེ། ཚེ་ཚེ་ཡིས་བཤད་རྒྱུར། ལོ་འདི་དག་གི་ནང་དུ་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོའི་ས་ཁུལ་འདི་ཡང་གོ་ལ་ཧྲིལ་པོའི་དུས་བྱའི་གནས་སྤོའི་ལམ་ཐིག་ཁྲོད་ཀྱི་ཨེ་ཤ་ཡ་དབུས་རྒྱུད་དང་རྒྱ་གར་གྱི་གནས་སྤོའི་ལམ་ཐིག་གི་སྐྱེ་འཕེལ་བྱ་ཡུལ་དང་ངལ་གསོ་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། མཚོ་བོད་མཐོ་སྒང་ས་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་ཡི་སྐྱེ་འཕེལ་བྱེད་ཡུལ་གཙོ་བོ་ཞིག་ཀྱང་ཡིན་ཟེར།
ཚེ་ཚེ་ཡིས་ཉིན་འདི་དག་གི་རིང་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེར་སླར་ཡང་གོ་བ་ཟབ་མོ་ལོན་ཡོད་དེ། ཚེ་ཚེ་ཡིས་རིན་པོ་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དེ་ནི། གནས་འདིའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཡག་པོ་བྱས་ནས་དེ་དག་གིས་རང་དབང་ངང་འཚོ་བ་རོལ་ཐུབ་པར་བྱེད་རྒྱུ་དེ་ཡིན་ཞེས་གསར་འགོད་པར་བཤད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།