མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་། འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་རབས་གསར་པའི་ལོ་ངོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་རྒྱུས་ལོན་ཟབ་མོ་བྱེད་པའི་སྟེང་ཤུགས་འདོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་འགུལ་སྐྱོད་བྱེད་པ་དང་གྲུབ་འབྲས་ལེན་དགོས་ཞེས་བསྟན་ཡོད། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ལས་གཉེར་ལས་སྐྲུན་གྱི་བརྩོན་སེམས་སྔར་ལས་ཆེ་རུ་བསྐྱེད། ཚང་མས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བཏོན་པའི་ལྟ་ཚུལ་གསར་བ་དང་ཆོད་གཏམ་གསར་པ། དགོངས་དོན་གསར་པ། འཐབ་ཇུས་གསར་པ། བླང་བྱ་གསར་པ་བཅས་ལ་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ལས་གནས་ལ་རྐང་འཛུགས་པ་དང་བདེན་འཛིན་དངོས་གཉེར་བྱེད་པ། དཀའ་སྤྱད་འབད་འཐབ་བྱེད་པ། དཔའ་སྐྱེད་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།
ལོ་ངོ་བཅུའི་རིང་ལ། ང་ཚོའི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དོན་དངོས་དོན་ཆེན་གལ་ཆེན་དང་ཡུན་རིང་གི་ལོ་རྒྱུས་དོན་སྙིང་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུས་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ། གསུམ་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ཡོངས་འགྲུབ་བྱས་ཏེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་རེད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་དང་། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དེབ་ཐེར་སྟེང་གི་འོད་སྟོང་འབར་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་ལ་ཡུན་རིང་དུ་ཤུགས་རྐྱེན་ཐེབས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁའང་ཡིན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཏང་ཡོན་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ལིས་ཀོང་ཞིན་གྱིས་བཤད་རྒྱུར། “ལོ་ངོ་བཅུའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་ནས་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། འགྱུར་ལྡོག་རང་བཞིན་གྱི་ལག་ལེན་རབ་དང་རིམ་པ་སྤེལ་བ། ཐོད་བརྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་མངོན་འགྱུར་བྱས་པ། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པས་ཚང་མའི་ངར་སེམས་ཆེ་རུ་བསྐྱེད་སོང་།” ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དགོངས་པ་གསར་པ་དང་ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྐྲུན་སྙིང་སྟོབས་དར་སྤེལ་བྱེད་པ། “ངེས་པར་གསུམ” ཡིད་ལ་དམ་པོར་འཛིན་པ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་བཏང་སྟེ། དཔའ་སྤོབས་ཆེན་པོས་རླབས་ཆེན་གྱི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས་ཟེར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་བཞི་ཡུལ་ཚོ་རྟ་སྒ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དགེ་བྷོ་ཡིས་བཤད་རྒྱུར། “ལོ་ངོ་བཅུའི་རིང་ལ། རང་རྒྱལ་གྱིས་དོན་ཆེན་གསུམ་ཡོངས་འགྲུབ་བྱས་པ་དང་། དེས་ངར་སེམས་བསྐྱེད་པ་དང་མི་སེམས་འགུལ་བར་བྱེད་ལ། ང་ཚོ་ཚང་མ་བདེན་དཔང་བ་དང་ཟབ་ཞུགས་པ། ཁེ་ཕན་ཐོབ་མཁན་བཅས་ཡིན་པས།” ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། རང་སྡེ་བའི་གནས་ཚུལ་དངོས་ལ་རྐང་འཛུགས་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གཟན་རྩྭ་ཐོན་ལས་རྟེན་གཞི་དང་ཕྱུགས་ལས་ཐོན་རྫས་ལས་སྣོན། གནས་སྐོར་ལས་གཞི་འཛུགས་སྐྲུན། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སོགས་ཐད་ནས་རིག་སྟོབས་གཅིག་ཏུ་བསྡུས་ཏེ། རྟ་སྒ་སྡེ་བའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཚང་མས་སྔར་ལས་དགའ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས”ཟེར།“
མཚོ་སྔོན་སྣུམ་ཞིང་ཀུང་སིའི་རླངས་འདོན་བཟོ་གྲྭ་གསུམ་པའི་སྤྱི་ཁྱབ་ལག་རྩལ་པ་གཞོན་པ་ཀིན་ཅན་གྱིས་བཤད་རྒྱུར། ལོ་བརྒྱའི་ཏང་ཆེན་པོས་རླབས་ཆེན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་བ་ལས་ང་ཚོར་སྤོབས་པ་ཆེན་པོ་སྐྱེས་པ་དང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་བཟང་བོ་བྱས་ནས། ལས་རྐང་ལ་གཞི་ཚུགས་ཏེ་བྱས་རྗེས་འཇོག་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་གྲུབ་འབྲས་བཟང་པོ་བསྐྲུན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་བདེ་འཇགས་དམ་འཛིན་དང་། ཐོན་སྐྱེད་ལ་སྐུལ་འདེད། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་འཛུགས་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་བྱས་རྗེས་འཇོག་ཅི་ཐུབ་བྱེད་དགོས་ཟེར།
གྲང་ངར་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཐེན་ཅ་ཀྲའེ་གྲོང་རྡལ་ཏང་ཨུའི་གྲོས་ཚོགས་ཁང་དུ་དྲོད་ཁོལ་གྱིས་ཁེངས་ཡོད། གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀའོ་ཧྲིག་རུང་གིས་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་བགྲོ་གླེང་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། སྤྱིར་བཏང་མིན་པའི་ལོ་བཅུ་ཡི་ནང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ཀྱིས་ང་ཚོར་ངར་སེམས་འཕེལ་དུ་བཅུག་བྱུང་། ང་ཚོས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་དུ་ལག་བསྟར་བྱས་ནས། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། འཚོ་སྡོད་དང་ལས་སྐྲུན། ཡུལ་སྐོར་བཅས་ལ་འཚམ་པའི་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་དགོས་ཟེར།
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ཆབ་སྲིད་པུའུ་དྲིལ་སྒྲོག་ཁྲུའུ་ཡི་ཁྲུའུ་ཀྲང་ཚང་ཞོན་གྱིས་བཤད་རྒྱུར། “ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་རང་རྟོན་ནི་འབད་འཐབ་གྲུབ་འབྲས་ཐད་ཀྱི་རང་རྟོན་ཡིན་པས།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཀྱི་སྟེང་ནས“ངེས་པར་གསུམ”གྱི་གོ་དོན་ཟབ་མོ་དང་གཏན་ཚིགས་ཀྱི་འབྲེལ་བ། དོན་སྙིང་གལ་ཆེན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། མི་དམངས་སྤྱི་བདེ་དམངས་ཆེད་དུ་ཡིན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་སེམས་དཀར་པོས་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་སྲུང་སྐྱོང་མཁན་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་དཔྱད་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ཧི་ཧྲིན་རུང་གིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་དང་། ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་ཁྲོད་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། མཚོ་སྔོན་གྱི་རིག་དངོས་བྱ་བའི་དོན་དངོས་ལ་རྐང་འཛུགས་པ། གནའ་རྫས་དཔྱད་ཞིབ་སྔོག་འདོན་དང་རིག་དངོས་ཞིབ་འཇུག་འགྲེལ་བཤད་བརྒྱུད་སྒྲོག་བྱེད་པ། དངོས་པོར་བརྟེན་ནས་ལོ་རྒྱུས་གླེང་བ་དང་ལོ་རྒྱུས་ལ་བརྟེན་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། རིག་དངོས་དང་རིག་གནས་ཤུལ་བཞག་སྔར་ལས་མང་པོ་གསོན་ཉམས་ལྡན་པར་བྱེད་པ། རིག་དངོས་སྲུང་སྐྱོབ་དང་དཔལ་འབྱོར་འཛུགས་སྐྲུན་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རིག་གནས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཟེར།
མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་གླིང་གཙོ་གཞོན་པའམ“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་ཝང་ཀྲའོ་ཉིན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། འབད་འཐབ་ཀྱི་དམིགས་འབེན་ལ་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། རང་གི་ལས་རྐང་སྟེང་སློབ་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་བསམ་བློ་གཏོང་བ། ལག་བསྟར་བྱེད་པ། གོ་བ་ལེན་པ་བཅས་ལ་རྩ་འཛུགས་བྱེད་པ་དང་། ཕུགས་འདུན་ཡོད་པ་དང་ཁུར་ལེན་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ཁེ་སིའི་རིང་ལུགས་པའི་ན་གཞོན་གསར་བ་སྐྱེད་སྲིང་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚད་ལྡན་གྱི་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་དགོས་ཟེར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་སེ་འབྲུ་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་བསོད་ནམས་ནོར་བུས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། བདེན་སྲུང་གསར་གཏོད་ཀྱི་བླང་བྱ་ལྟར། རྒྱུན་ཆད་མེད་པར་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་དང་མེས་རྒྱལ། མི་དམངས། དུས་རབས་གསར་པར་བསྔགས་བརྗོད་བྱེད་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱས་ནས། གནས་བབ་གསར་པའི་འོག་གི་བསམ་བློ་དྲིལ་སྒྲོག་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།
ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་པ་དང་། ཚང་མས་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་བརྗེ་རེས་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སློབ་དཔྱོད་པུའུ་ཡི་འཆད་ཁྲིད་པ་ཀྲའོ་ཡུས་ཀྱིས་བཤད་རྒྱུར། ང་ཚོས་དུས་རབས་གསར་པའི་ལོ་ངོ་བཅུའི་རླབས་ཆེན་འཕོ་འགྱུར་ཁྲོད་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ། འབད་འཐབ་ཀྱི་སྟོབས་ཤུགས་སྡུད་ལེན་བྱེད་པ། རང་རྟོན་རང་སྤེལ་དང་བདེན་སྲུང་གསར་གཏོད་བྱེད་པ། དཀའ་སྤྱད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་དགོས་ཟེར།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཀའོ་ཀྲའེ་ཁྲོམ་གཞུང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་། ཁྲོམ་གཞུང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧན་ཅིན་ཞང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་གྱི་ཐོག་ནས་སེམས་ཤུགས་ཡོད་རྒུས་སྡོད་དམངས་ཀྱིམ་སེམས་ཁྲལ་དང་དཀའ་གནད་ཐག་གཅོད་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།
དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གིས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གཞུང་ལུགས་ལྟེ་གནས་ཚན་ཆུང་གིས་མགོ་ཁྲིད་དེ་སློབ་སྦྱོང་བྱས་པ་བརྒྱུད་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་བསླངས། ཡུས་ཧྲུའུ་ཡན་ལག་རུ་ཁག་ཆེད་ལས་དམག་འཐབ་རུ་ཁག་འབྲིང་བའི་རུ་གཙོ་ཚིས་ཅན་ཧྥིན་གྱིས་བཤད་རྒྱུར། ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པའི་ངེས་སྦྱོང་སློབ་ཁྲིད་དུ་བརྩི་བ་དང་། གསར་སྐྲུན་བྱེད་ཕོད་པ་དང་འཚོལ་ཞིབ་བྱེད་པ། དཀའ་སྡུག་མྱོང་ཐུབ་པ་དང་ཉེན་ཁ་ལ་མི་འཛེམ་པར་དཔོན་དམག་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། དུས་བཅད་ལྟར་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།
དཔའ་ངར་ཆེན་པོས་འབད་འཐབ་ལྷོད་མེད་བྱས་ཚེ། གཞི་ནས་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་ཐུབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཝང་ཅིན་ཅའོ་ཡིས་ལག་འཁྱེར་ཁ་པར་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་ཀྱི་ཡོད། ཁོ་མོས་བཤད་རྒྱུར། ང་ཚོ་ན་གཞོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། དུས་རབས་ཀྱི་གོ་སྐབས་གཅེས་འཛིན་བྱེད་པ། འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ། “རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ང་ཡོད་པའི”ན་གཞོན་ཡག་པོ་ཞིག་བྱེད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།