བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
2022.11.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

—ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་ལ་གོ་བ་ཟབ་མོ་ལེན་པའི་ཐད་འབད་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བྱ་སྤྱོད་སྤེལ་བ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་བསྟན་ཡོད། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ལྟེ་བའི་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པ་དང་། འོད་སྟོང་འཕྲོ་བའི་མདུན་ལྗོངས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རང་རྟོན་རང་བརྩོན་དང་བདེན་སྲུང་གསར་གཏོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་བ་སོ་སོའི་ཁྲོད་དོན་འཁྱོལ་བྱས་ཏེ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་། གོམ་སྟབས་རེ་རེ་བཞིན་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཡག་པོ་ཞིག་འབྲི་དགོས་ཟེར།

འཆར་གཞི་གསར་པ་རིས་སུ་བཀོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་པ་དེ་ཀྲུང་གོའི་དོན་དངོས་དང་མཐུན་ལ། དེའི་ཚན་རིག་རང་བཞིན་དང་དངོས་ཡོད་རང་བཞིན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད།” མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཙུང་ཀྲི་པུའུ་ཧྲུའུ་ཅི་ལི་ཀྲུའུ་རོས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་བཟོས་ཡོད་ལ། མཐོ་རིམ་སློབ་གྲྭའི་བསམ་བློའི་ཆབ་སྲིད་བསླབ་ཚན་གྱི་དགེ་རྒན་ཚོས་མ་ཡིག་ཀློག་པ་དང་རྩ་བའི་རིགས་པ་རྟོགས་པར་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་རང་བཞིན་དང་བྱ་སྤྱོད་ཀྱི་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་བཏང་ནས་བྱེད་ཐབས་གསར་སྐྲུན་དང་། དངོས་ཕན་དོན་གཉེར་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་ན་གཞོན་སློབ་མ་ཚོར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་པའི་སློབ་གསོ་གཏོང་དགོས་ཟེར།

འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་མི་སྣ་ཡོངས་ལ་ཁྱབ་པ། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱེད་དགོས། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་བགྲོ་གླེང་ཆེན་མོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཧྥུའུ་མའོ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཁྲིམས་སྐྱོང་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་བདེ་འཇགས། སྲིད་ཁྲིམས་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་མོ་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཧུར་ཐག་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་སྟེང་སྐྱོད་པར་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་ལས་དབང་དེ་ང་ཚོ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།” ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཁྲུའུ་ལྔ་པའི་ཁྲུའུ་ཀྲང་གཞོན་པ་ཧི་ཝེ་ཅུན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གཏན་ལ་ཕབ་པའི་བཅོས་སྒྱུར་གྱི་ལས་འགན་དང་བྱེད་ཐབས་གལ་ཆེན་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ། བཅོས་སྒྱུར་གྱི་ཁ་ཕྱོགས་འཕྱུགས་མེད་དང་། བཅོས་སྒྱུར་གྱི་ངེས་ཤུགས་རྒྱུན་འཁྱོངས།“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”བསྐྲུན་རྒྱུར་དམིགས་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མགོ་རྩོམ་ས་སྔར་ལས་མཐོ་བ་དང་རིམ་པ་སྔར་ལས་མཐོ་བ། དམིགས་འབེན་སྔར་ལས་མཐོ་བ་བཅས་ཀྱི་སྟེང་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་པ་ཐོབ་པར་བྱེད་དགོས།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་གིས་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཞིག་ཡིན་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་འབད་འཐབ་དམིགས་འབེན་ཀྱང་ཡིན།”ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞིན་པའོ་ཐེན་གྱིས་བཤད་རྒྱུར། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་གཏན་འབེབས་བྱེད་པ། ས་གནས་རང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི“ཤེས་ལྡན་སྣ་བདུན་གྱི་བཟོ་སྐྲུན”ལག་བསྟར་ཤུགས་ཆེན་བྱས་ཏེ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ཞིང་སྡེའི་ཏང་ཡོན། སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་བཅས་དཔུང་ཁག་བཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ཏེ། རིགས་སོ་སོའི་ཤེས་ལྡན་མི་སྣ་ཞིང་སྡེའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དང་གྲོང་གསེབ་དར་སྤེལ་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་འཇོན་ཐང་མངོན་དུ་འཇུག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་དང་ལྡན་པའི་འཇོན་མིའི་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

བསམ་བློ་གསར་པ་རྟོགས་པར་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་སོ་སོ་དེང་རབས་ཅན་དུ་འགྱུར་བའི་ཐུན་མོང་གི་ཁྱད་ཆོས་ཡིན་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡིན།

“ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་པ་དང་ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་མངོན་པ་མ་ཟད། མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱ་ཆེད་གདམ་ག་གསར་པ་ཞིག་ཀྱང་འདོན་སྤྲོད་བྱས་ཡོད།” ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཆབ་སྲིད་པུའུ་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མ་ཧོས་ཕིན་གྱིས་བཤད་རྒྱུར། “ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་། ང་ཚོས་ངེས་པར་དུ‘གཏན་འཁེལ་གཉིས’ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་།‘སྲུང་སྐྱོང་གཉིས’མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་བྱེད་པའི་ཕན་འབྲས་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཞིང་ཆེན་ཏང་ཨུའི་ལྟེ་བའི་བྱ་བར་ཞབས་འདེགས་ཞུ་བའི་བསམ་ཕྱོགས་དང་བྱ་ཐབས་སུ་འགྱུར་བ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནས་སེམས་ལ་ཟུག་པ་དང་། དོན་ཐོག་ཏུ་འཁྱོལ་བ། གྲུབ་འབྲས་ཐོབ་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས”ཟེར།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པས། ང་ཚོའི་ནུས་རྒྱུའི་ཐོན་ལས་འཛུགས་སྐྲུན་པའི་ཡིད་ཆེས་སྔར་ལས་འཕེལ་བྱུང་།” མཚོ་སྔོན་ལི་ཧའོ་གློག་འདྲེན་ཕྱེད་གཟུགས་རྒྱུ་ཆས་ཚད་ཡོད་ཀུང་སིའི་ལས་ཡུལ་དང་པོའི་བཟོ་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་བཞིན་ཡོད། ཀུང་སིའི་གྲབས་གསོག་བཀོད་གཏོང་འགོ་གཙོ་ཁྲིན་སན་པེ་ཡིས་བཤད་རྒྱུར། “ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་གསར་གཏོད་དང་། ཡག་ཐོག་ཡག་བརྩེགས། ཕུལ་བྱུང་དོན་གཉེར་བཅས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ན་གཞོན་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས།”གུང་གཞོན་ཚོགས་པ་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཆི་ཡུས་པང་གིས་བཤད་རྒྱུར། ན་གཞོན་ཚོའི་སློབ་སྦྱོང་ཡག་པོ་དང་། གཞོན་ནུའི་ལས་གནས་སྟེང་གི་འཇོན་ཐང་ཅན། གཞོན་ནུའི་དང་བླངས་ཞབས་ཞུ། རེ་བའི་བཟོ་སྐྲུན་སོགས་སྤུས་རྟགས་བྱ་བ་གཟབ་ནན་དུ་བཏང་ནས་གཞོན་ནུ་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་གྲོང་གསེབ་དར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རིམས་ནད་སྔོན་འགོག་ཚོད་འཛིན། མི་རིགས་མཐུན་སྒྲིལ་སོགས་གཙོ་གནད་ཁྱབ་ཁོངས་སུ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུའི་སྟེང་ལང་ཚོའི་ས་བོན་འདེབས་དགོས་ཟེར།

“ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་དང་ཁྱད་ཆོས་ལ་གོ་བ་ཟབ་མོ་བླངས་ནས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུའི་སྟེང་ཡག་པོར་སྐྱོད་དགོས།” མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པའོ་ཡུང་གིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱེད་དགོས། ང་ཚོར་མཚོན་ན། འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་བརྟན་སྲུང་དང་། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རིམ་པ་མང་བའི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་གིས་སེལ་བ་དང་འཕེལ་རྒྱས་ཀྱི་དགེ་མཚན་སྐྱེད་སྲིང་བཅས་བྱས་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་ཐབས་ལམ་གསར་པ་འཚོལ་ཞིབ་དང་། ཉམས་མྱོང་གསར་པ་འཚོལ་པ། གྲུབ་འབྲས་གསར་པ་བསྐྲུན་པ་བཅས་བྱེད་དགོས”ཟེར།

སྐྱོད་ལམ་གསར་པར་མདུན་སྐྱོད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་མཚོ་སྔོན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཀྲུང་གོའི་ལུགས་ཀྱི་ངོ་བོའི་བླང་བྱ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་པ་བཅས་རེད།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པ་ལས་ང་ཚོས་ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་བྱེད་པའི་དད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།” མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ལས་ཚབ་ཡོན་ཀྲང་མཱ་ཝུན་ཆོན་གྱིས་བཤད་རྒྱུར། སྐྱོད་ལམ་གསར་པའི་སྟེང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་རིམ་པའི་སྐྱེ་ཁམས་སླར་གསོ་ཡོང་རྒྱུར་སྔར་ལས་སྣང་ཆེན་བྱས་ནས། མདོ་ལ་རི་བོའི་སྐྱེ་ཁམས་ཁྲིམས་ར་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་བྱེད་པའི་ཁྲོད་ཁྲིམས་ཁང་གི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས་ཟེར།

ལམ་ཐག་ཧྲིལ་པོར་སྤྱི་ལེ་སུམ་བརྒྱ་ཞེ་གསུམ་ལྷག་ཡོད་པའི་ན་གོར་མོ་ནས་མང་ངེ་བར་གྱི་གཞུང་ལམ་རྒྱས་སྐྲུན་བཟོ་སྐྲུན་ནི་ཞིན་ཅང་དང་མཚོ་སྔོན། སི་ཁྲོན་བཅས་འབྲེལ་མཐུད་བྱེད་པའི་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། མིག་སྔར་ལམ་ཐིག་ཧྲིལ་པོའི་བཟོ་སྐྲུན་ཤར་གཏོང་ཐུབ་པ་དང་། འཛུགས་སྐྲུན་པ་ཚོས་ཞབས་ཞུའི་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ལོ་མཇུག་སྔོན་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་འབེན་ཕྱོགས་སུ་མཐའ་མའི་གདོང་མཆོང་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སིའི་ན་གོར་མོ་དང་མང་ངེའི་རྣམ་གྲངས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧན་ཅོན་གྱིས་བཤད་རྒྱུར། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་མི་དམངས་ལྟེ་བར་འཛིན་པ་དང་མི་དམངས་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་སྒོ་ནས་ན་གོར་མོ་དང་མང་ངེའི་བར་གྱི་གཞུང་ལམ་འཛུགས་སྐྲུན་ཡག་པོ་བྱས་ཏེ། འགྲིམ་འགྲུལ་སྟོབས་ཆེའི་མཚོ་སྔོན་གྱི་ལེའུ་རྩོམ་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་པས། ང་ཚོས་མ་འོངས་པའི་འབད་བརྩོན་གྱི་ཁ་ཕྱོགས་མཐོང་ཐུབ།” ཉིན་ཤས་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་དེ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུའུ་སྒར་སྨད་བོད་རིགས་ཡུལ་ཚོའི་སྡེ་བ་སོ་སོར་ཚ་ཚ་འུར་འུར་ངང་སྤེལ། སྒར་སྨད་བོད་རིགས་ཡུལ་ཚོའི་ཡུལ་གཙོ་ཏུང་ཧའེ་ལི་ཡིས་བཤད་རྒྱུར། མི་དམངས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀར། ཆེས་མངོན་འགྱུར་བྱེད་པའི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ནས། མང་ཚོགས་ཀྱི་ཁྲོད་སྐྱོད་པ་དང་གཞི་རིམ་དུ་བསྐྱོད་དེ་དམངས་ཚིས་ཕན་པ་སྔར་ལས་མང་བ་དང་། དམངས་སེམས་དྲོད་སྐྱིད་ཡོང་བ་བྱེད་པའི་བྱ་ཐབས་སྤྱད་དེ། མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། ཞིང་པར་འཕེལ་རྒྱས་ཀྱི་རྒྱལ་ཁའི་འབྲས་བུ་མཉམ་སྤྱོད་དང་ཐུན་མོང་ཕྱུག་འགྱུར་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ལམ་བུའི་སྟེང་ཡག་པོ་སྐྱོད་ཐུབ་པ་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།