རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པར་རོགས་རམ་བྱ་ཆེད། ཀྲུང་དབྱང་གི་འབྲེལ་ཡོད་ཕྱོགས་ཀྱིས《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་སློབ་སྦྱོང་དང་ཟུར་ཁྲིད་སྐོར་གྱི་དྲི་བ་བརྒྱ་རྩ》ཞེས་པ་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པ་དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པའི་དབང་གྲགས་ལྡན་པའི་ཟུར་ཁྲིད་དཔྱད་ཡིག་རེད། དེ་རིང་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གངས་ལྗོངས་གསེར་ཟམ་ལེ་ཚན་ནང་དུ“དྲི་བ་གཅིག”རེ་བཏོན་ནས་ལྷན་རྒྱས་དང་མཉམ་དུ་སློབ་སྦྱོང་བྱེད།
1.ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།“ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་གནད་འགག་གི་དུས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད།” ཚོགས་ཆེན་ལས་འདས་ཟིན་པའི་ལོ་ལྔ་ཡི་བྱ་བར་སྤྱི་བསྡོམས་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ལ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་པ་མ་ཟད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་གཏོད་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས། རྗེས་ཕྱོགས་ཀྱི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་། སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱས། སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་བ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་རབ་དང་རིམ་པ་ཐོབ་པ་དེས་ང་ཚོའི་ཏང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན།
དང་པོ། ཚོགས་ཆེན་འཚོག་པའི་དུས་ཚོད་དང་དུས་རབས་ཀྱི་རྒྱབ་ལྗོངས་ནི་ཧ་ཅང་གལ་འགངས་ཆེ་ལ་དམིགས་བསལ་ཞིག་རེད། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རིམ་བྱུང་གིས་ཏང་གི་ལོ་རྒྱུས་སྟེང་བག་ཆགས་ཟབ་མོ་བཞག་ཡོད་མོད། འོན་ཀྱང་དམིགས་བསལ་གྱི་དུས་ཚོད་དང་དུས་རབས་ཀྱི་རྒྱབ་ལྗོངས་ཀྱིས་རྟག་པར་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལ་ཆབ་སྲིད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེ་ཞིང་དམིགས་བསལ་ལྡན་པ་ཞིག་སྤྲད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོ་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་གནད་འགག་གི་དུས་སུ་འཚོག་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད། ཏང་གི་ལོ་རྒྱུས་ལ་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ང་ཚོའི་ཏང་གིས་ལེགས་འགྲུབ་ངང་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ལམ་བུར་སྐྱོད་པ་དང་། ཡང་བསྐྱར་རྒྱུགས་ལེན་པའི་ལམ་བུ་གསར་པར་སྐྱོད་པའིགནད་འགག་གི་དུས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ང་ཚོ་ལྟ་བུའི་འཛམ་གླིང་སྟེང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཆེ་ཤོས་ཀྱི་ངོས་ནས་བཤད་ན། ལོ་ངོ་བརྒྱ་ཡི་ལོ་རྒྱུས་ལམ་བུ་ནས་ལོ་ངོ་བརྒྱ་ཡི་ལོ་རྒྱུས་གསར་པའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནི་ཧ་ཅང་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་རེད། གནད་འགག་གི་དུས་སྐབས་འདིར་འཚོག་པའི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ཏང་གི་ལོ་རྒྱུས་སྟེང་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་འགོད་ངེས་རེད། དུས་རབས་གསར་པའི་ལོ་རྒྱུས་ཀྱི་ལམ་བུའི་སྟེང་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་དུས་རབས་གསར་པའི་ལོ་བཅུ་དང་པོ་བརྒྱུད་པ་དང་། ལོ་བཅུ་ཐེངས་གཉིས་པར་སླེབས་པའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། དུས་རབས་གསར་པའི་ལོ་བཅུའི་རིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དུས་རབས་གསར་པའི་ལོ་ངོ་བཅུ་པ་གཉིས་པའི་གནད་འགག་གི་དུས་སྐབས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་འཐབ་ཇུས་ཀྱི་བཀོད་པ་འདིང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་དང་རེ་བ་ཆེན་པོ་བཅོལ་ཡོད། རྒྱལ་སྤྱིའི་སྟེང་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་འཛམ་གླིང་སྟེང་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་ལ། རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་འགྱུར་བཞིན་པའི་གནད་འགག་གི་དུས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ང་ཚོའི་ཏང་གིས་ཇི་ལྟར་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། ཇི་ལྟར་བྱས་ནས་བབ་བསྟུན་དང་གསར་དར་འཕྲུལ་ཆས་གསོ་སྤེལ། གསར་གཏོད་བཅས་བྱ་རྒྱུ་དེ་ཀྲུང་གོའི་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་བཅོས་སྒྱུར་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད།
གཉིས་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་ཀྱིས་མཚོན་ཡོད། “གཏན་འཁེལ་གཉིས”ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོའི་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། ང་ཚོའི་ཏང་གིས་ལག་ལེན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་གཏན་འཁེལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་རེད། དུས་རབས་གསར་པའི་རླབས་ཆེན་ལག་ལེན་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེའི་ཐོག་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་བསམ་འདུན་མཚོན་པ་དང་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དར་ཆ་གསལ་སྟོན་གྱི་སྒོ་ནས“གཏན་ཁེལ་གཉིས”རྒྱུན་འཁྱོངས་དང་སྲུང་སྐྱོང་བྱས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་། བློ་མཐུན་ཞི་ཅིན་ཕིང་གིས་མུ་མཐུད་དེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་འཁུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་ནན་གྱིས་བསྟན། དེ་ནི་ཏང་གི་སྲོག་ཤིང་དང་མཛུབ་སྟོན་བསམ་བློ་ཡུན་རིང་བརྟན་གནས་ཡོང་བར་ཁག་ཐེག་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་པའི་རྩ་བའི་ཐབས་ཇུས་རེད།
གསུམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་དུས་ཡུན་རིང་པོའི་མཛུབ་སྟོན་གྱི་དོན་སྙིང་ལྡན་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོའི་ཏང་ལ་ཐོབ་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་མང་པོ་བཏོན་ཡོད། དཔེར་ན།“ཕྱོགས་ཡོངས་གཉིས”(ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས།)ཀྱི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་འབད་འཐབ་དམིགས་འབེན་བཏོན་པ་དང་། “ངེས་པར་དུ་བྱ་དགོས་པ་གསུམ”(ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱ་དགོས་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱ་དགོས།)ཞེས་པའི་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་པའི་རྩ་བའི་བསྲུང་བྱ་བཏོན་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་“ཟུང་འབྲེལ་གཉིས”དང“ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་དྲུག”རྒྱས་བཤད་ཟབ་མོ་བྱས་ཡོད་ཅིང་། དེའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་གཏིང་ཟབ་སྒོས་མཚོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས་པའི་རྩ་དོན་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ལ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། རྒྱལ་ཁབ་བདེ་འཇགས་ཡོང་བ་བཅས་ནན་བཤད་གནང་པ་མ་ཟད་སོ་སོར་བཀོད་སྒྲིག་ཀྱང་བྱས་ཡོད་པ་སོགས་རེད། དེ་དག་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞིང་ཕུགས་ཡུན་རིང་བའི་མཛུབ་སྟོན་གྱི་ནུས་པ་ལྡན་ཡོད།
བཞི་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང“ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱ་དགོས”ཞེས་པའི་ལོ་རྒྱུས་ཀྱི་བརྗོད་གཞི་གལ་ཆེན་འདིར་ཚན་རིག་དང་མཐུན་པའི་ལན་བཏབ་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་བྱེད་པའི་ནང་དོན་དང་དོན་སྙིང་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དེ་ནི་ང་ཚོའི་ཏང་གིས་དཀྲིས་པའི་ཟང་ཟིང་དང་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་སྒྲོལ་ཐུབ་པའི་ལན་གཉིས་པ་དེ་ཡིན་ཞེས་ནན་བཤད་གནང་བ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས“ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱ་དགོས”ཞེས་པར་དམིགས་ཏེ།“དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུའི་རིག་པ་དྭངས་གསལ་དང་བརྟན་པོ་ཡོང་བ་བྱ་དགོས”ཞེས་པ་དང་།“ཡུན་རིང་གནས་པ་གཉིས”དང“ནམ་ཡང་ལམ་དུ་ཡོད་པ་གཉིས།” དུས་རབས་གསར་པའི་ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་དགོངས་པ་གལ་ཆེན་བཏོན་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མི་སེམས་གོང་བུར་འགྲིལ་བ་དང་། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་ཐུབ་མཁན་གྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བ། ནང་དོན་ནན་མོར་བརྟེན་ནས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་རྒྱུན་སྲིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་སོགས་ཀྱི་བྱ་ཐབས་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། འདིས་ང་ཚོའི་ཏང་གིས“ནམ་ཡང་ལམ་ན་ཡོད”པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་པ། ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལངས་ཕྱོགས་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མངོན་པ་དེ་ནི་ང་ཚོའི་ཏང་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཡུན་རིང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་པར་བརྟེན་ནས་དམར་པོའི་སྲིད་དབང་ནམ་ཡང་མི་འགྱུར་བའི་འགན་ལེན་བྱེད་པ་བཅས་ཀྱི་ཐད་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།